༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་ཉིན་གཉིས་རིང་གི་གཞུང་ཆེན་བཀའ་པོད་ལྔ་དང་གསང་སྔགས་རྡོ་རྗེ་ཐེག་པ་བཅས་ཀྱི་ཐོག་དཔེ་ཁྲིད་དགེ་རྒན་རྣམ་པའི་དྲ་ཐོག་བགྲོ་གླེང་དབུ་འབྱེད་མཛད་སྒོར་དབུ་བཞུགས་དང་བཀའ་སློབ་སྩལ་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གཟིམ་ཆུང་ནས་མཇལ་འཕྲད་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་བགྲོ་གླེང་ལ་མཉམ་ཞུགས་མཁན་དཔེ་ཁྲིད་དགེ་རྒན་རྣམ་པས་དྲ་ལམ་བརྒྱུད་སྐྱབས་འགྲོ་སེམས་བསྐྱེད་དང་། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་གསུང་འདོན་གནང་། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
དེ་རིང་བགྲོ་གླེང་འདི་ནི་ཧ་ཅང་ཡག་པོ་བྱུང་། འཇམ་མགོན་བླ་མའི་བསྟན་པ་ལ། མང་དུ་ཐོས་པ་རྒྱ་ཆེན་བཙལ་བས་མཁས།། ཞེས་པ་ནི་ཐོས་པ་རྒྱ་ཆེན་པོ་བྱེད་པ་ཞིག་རེད། ང་ཚོར་དེ་སྔ་མཁན་ཆེན་ཞི་བ་འཚོས་དབུ་ཚད་ཟུང་འཇུག་ལམ་སྟོན་གནང་བ་རེད། བོད་གངས་ཅན་གྱི་རིས་སུ་མ་ཆད་པའི་མཁས་དབང་ཚོས་མཁན་ཆེན་བོ་དྷི་སཏྭའི་ལམ་སྟོན་ལྟར་གཞུང་པོ་ཏི་ལྔ་ཧ་ཅང་གལ་ཆེན་པོ་རེད། དེའི་ནང་མཛོད་འདུལ་ནི་གྲངས་འདྲེན་ལྟ་བུ་མ་གཏོགས་གནད་འགག་ཆེན་པོ་དམིགས་བསལ་མེད་ཀྱང་ཕར་ཕྱིན་དང་དབུ་མ་གཉིས་ནི་ཧ་ཅང་གལ་ཆེན་པོ་རེད། དབུ་མ་འཇུག་པ་གཙོ་བོར་གྱུར་བའི་རིགས་ཚོགས་དྲུག་ལ་ལྟ་རྒྱུ་ཡོད། དེ་བཞིན་ཚད་མའི་གཞུང་རྣམས་ལ་བལྟས་ཏེ་དབུ་ཚད་ཟུང་འཇུག་གིས་ལྟ་བའི་ཕྱག་སྲོལ་ཧ་ཅང་ཡག་པོ་ཞིག་འདུག
ང་ཚོ་བཙན་བྱོལ་ལ་སླེབས་ནས་གཙོ་བོ་གདན་ས་གསུམ་དང་བཀྲ་ཤིས་ལྷུན་པོ་བཅས་ནས་གཞུང་ཆེན་སློབ་གཉེར་གྱི་ཕྱག་སྲོལ་ཉམས་པ་མེད་པར་རྒྱུན་བཟུང་བསྡད་ཡོད། དེའི་ཐོག་ལ་རྣམ་གཡེང་གི་འགྲོ་སྟངས་ཅུང་ཙམ་ཡོང་གི་ཡོད་ཀྱང་། དེ་སྔ་བོད་ལ་འབྲེལ་བ་ཁྱོན་ནས་མེད་པ་དཔེར་ན། ཚན་རིག་དང་སེམས་ཁམས་རིག་པའི་སྐོར་སློབ་གཉེར་རྒྱ་ཆེ་རུ་བཏང་བ་ལྟ་བུ་ཆགས་ཡོད། གང་ལྟར་གདན་ས་གསུམ་གཙོ་བོར་གྱུར་བའི་གཞུང་ཆེན་སློབ་གཉེར་ཡོད་པའི་གདན་ས་ཁག་ཧ་ཅང་གལ་ཆེན་པོ་རེད། དེ་དང་ཆབས་ཅིག ཐོས་དོན་སྒྲུབ་ལ་གཞོལ། ཞེས་གསུངས་པ་ལྟར་ཐོས་པའི་དོན་རྒྱུད་ཐོག་ལ་བསྐྱལ་ནས་གཤིས་རྒྱུད་ལ་འགྱུར་བ་འགྲོ་བ་ཞིག་དགོས་ཀྱི་རེད་ལ། དེ་བྱུང་བ་ཡིན་ན་ཐོས་བསམ་སྒོམ་པ་ཡ་མ་བྲལ་བ་ཞིག་ཡོང་གི་ཡོད་པ་རེད། ཅེས་དང་།
གཞན་ཡང་། དེ་རིང་འདིར་དགེ་བཤེས་རྣམ་པ་ཚོས་བགྲོ་གླེང་གནང་རྒྱུ་རེད། བློ་གསལ་གླིང་གི་མཁན་པོ་ཕེབས་འདུག་གམ། ཁོང་ལ་ངོས་རང་དམ་བཅའ་འཚོགས་རྒྱུར་ཧ་ཅང་དགའ་བོ་ཡོད། ཡིན་ནའང་། ངོས་རང་དམ་བཅར་སྡོད་དགོས་པ་རེད་ཟེར་ན་ཅུང་རྙོག་དྲ་རེད་ཅེས་བཤད་རྒྱུ་བྱུང་། དེ་རིང་འདིར་ཁྱོད་རང་ཚོ་བགྲོ་གླེང་དམ་བཅའ་གནང་མཁན་ཚོར་ངོས་ཀྱིས་ལྟད་མོ་ལྟ་རྒྱུའི་གོ་སྐབས་ཧ་ཅང་ཡག་པོ་འདུག ཐུགས་རྗེ་ཆེ། གཞུང་ཆེན་བཀའ་པོད་ལྔ་གཙོ་བོར་གྱུར་བའི་རིགས་ཚོགས་སོགས་ལ་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངོས་རང་ལ་ཆ་བཞག་ན་དེ་སྔ་དཔེ་ཆར་བལྟས་པའི་སྐབས་སུ་ཁྲལ་གྱི་ཟོལ་ལྟ་བུ་ལས་གཞན་ཡོད་པ་མ་རེད། བར་སྐབས་དབུ་མ་འཇུག་པ་གཙོ་བོར་གྱུར་པའི་གཞུང་དེ་དག་ངོས་རང་གི་རྒྱུན་མཁོའི་དཔེ་ཆའི་གྲས་སུ་བཞག་ཡོད། དབུ་མ་རིགས་ཚོགས་དྲུག་ནི་བསམ་བློ་གཏོང་བ་ལ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་རེད། གཞུང་ཆེན་དག་ལ་དབུ་ཚད་ཟུང་གི་ཐོག་ནས་བསམ་བློ་གཏོང་དུས་སེམས་ལ་འགྱུར་བ་གཏོང་བ་རེད་མ་གཏོགས་རྟགས་གསལ་གཏོང་བའི་སྐད་ཆ་གཅིག་པུ་མ་རེད། དེར་བརྟེན། གཞུང་ཆེན་ལ་བལྟ་རྒྱུ་ཧ་ཅང་ཆེན་པོ་རེད། ད་ཁྱོད་རང་ཚོས་བགྲོ་གླེང་གནོངས། ཞེས་བཀའ་སློབ་སྩལ།
དེ་ནས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་དྲུང་ཆེ་དང་དགའ་ལྡན་ཤར་རྩེའི་མཁན་རིན་པོ་ཆེ་མཆོག་གིས་བགྲོ་གླེང་སྟངས་འཛིན་གྱིས་སེར་སྨད་དཔེ་ཁྲིད་རྒན་དགེ་བཤེས་ཆོས་བཟང་སྤྲུལ་སྐུ་རིན་པོ་ཆེས་ཚད་མའི་གཞུང་གི་ནང་དོན་ཐོག་དཔྱད་རྩོམ་འགྲེལ་བཤད་དང་། ཤར་རྩེའི་དཔེ་ཁྲིད་རྒན་དགེ་བཤེས་བྱམས་པ་འཕེལ་རྒྱས་ལགས་ཀྱིས་ཕར་ཕྱིན་སྟོད་ཆའི་ནང་དོན་ཐོག་དཔྱད་རྩོམ་འགྲེལ་བཤད་རིམ་པར་གནང་རྗེས་དྲི་བ་དྲིས་ལན་མཛད་པ་དང་།
དེ་རྗེས་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གིས་བགྲོ་གླེང་སྟངས་འཛིན་གྱིས་བློ་གླིང་དཔེ་ཁྲིད་རྒན་དགེ་བཤེས་ངག་དབང་སྐལ་བཟང་ལགས་ཀྱིས་མངོན་པ་མཛོད་ཀྱི་ནང་དོན་ཐོག་དཔྱད་རྩོམ་འགྲེལ་བཤད། རྒྱུད་སྨད་དཔེ་ཁྲིད་རྒན་དགེ་བཤེས་བསོད་ནམས་བློ་གྲོས་ལགས་ཀྱིས་གསང་སྔགས་རྡོ་རྗེ་ཐེག་པའི་ཐོག་དཔྱད་རྩོམ་འགྲེལ་བཤད་བཅས་རིམ་པར་གནང་བ་དང་། དཔྱད་རྩོམ་སྔ་ཕྱི་གཉིས་དང་འགྲེལ་བའི་ཐོག་དྲི་བ་དྲིས་ལན་གནང་སྟེ་ཉིན་དང་པོའི་བགྲོ་གླེང་ལེགས་པར་གྲུབ་ཡོད་པ་བཅས།།