༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༥ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་ཨ་རིའི་ཨོ་ཧ་ཡོ་ (Ohio) མངའ་སྡེའི་སིན་སིན་ན་ཊི་(Cincinnati)གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཨ་ཧྥུ་ཏཱ་པུ་ཀརྨ་ཕུ་རུ་ཝལ་(Aftab Karma Puruwal)ལགས་དང་། ཨ་རིའི་ཀན་ཊ་ཀེ་མངའ་སྡེ་ནང་གི་བྱམས་བརྩེ་གྲོང་ཁྱེར་ལོ་ཝེལ་(Louisville)གྱི་སྤྱི་ཁྱབ་པ་སྐུ་ཞབས་གྷེརྒ་ཕི་ཤར་(Greg Fischer)ལགས། ཁ་ལེ་ཧྥོར་ནི་ཡ་(California) མངའ་སྡེའི་ཨོ་ཁ་ལན་ཌི་(Oakland) གྲོང་ཁྱེར་སྤྱི་ཁྱབ་པ་ལྕམ་སྐུ་ལི་བྷེས་ཤཱ་ཧྥུ་(Libby Schaaf) ལགས། པེ་ཚུ་བྷུར་གྷུ་(Pittsburgh) གྲོང་ཁྱེར་སྤྱི་ཁྱབ་ཟུར་པ་སྐུ་ཞབས་བྷེལ་པད་འཇོ་ཌོ་(Bill Peduto) ལགས། དེ་བཞིན་ལོ་ཝེལ་གྲོང་ཁྱེར་ནས་ཡིན་པའི་ཁུ་ཚུར་རྩལ་འགྲན་པ་གྲགས་ཅན་འདས་པོ་མོ་ཧ་མཱོ་ཌི་ཨ་ལི་(Muhammad Ali) མཆོག་གི་ལྕམ་ལོན་ནི་ཨ་ལི་(Lonnie Ali) ལགས་བཅས་ལ་མཇལ་ཁ་གནང་ཡོད་པ་རེད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གོང་གསལ་མི་སྣ་དག་ལ་མཇལ་ཁ་དང་། བྱམས་བརྩེ་དང་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གི་སྐོར་ལ་བཀའ་སློབ་སྩལ་བ་དང་། མཇལ་ཁ་གྲུབ་རྗེས་སིན་སིན་ན་ཊི་(Cincinnati)གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཨ་ཧྥུ་ཏཱ་པུ་ཀརྨ་ཕུ་རུ་ཝལ་ལགས་ཀྱིས་ཕོ་བྲང་ཕྱི་རོལ་ནས་གསར་འགོད་པར། ང་ནི་བཙན་བྱོལ་དུ་ཁ་ཐོར་དུ་གནས་པའི་བོད་མི་ཆ་ཤས་ཡིན་པར་དྲན་བཞིན་འདུག ད་ཐེངས་བཞུགས་སྒར་རྡ་རམ་ས་ལར་དངོས་སུ་སླེབས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བྱུང་བ་ནི་ཧ་ཅང་གི་སྐལ་བ་བཟང་པོ་ཡིན། ༸གོང་ས་མཆོག་ལ་དངོས་སུ་ཞལ་མཇལ་བྱུང་བ་ཐེངས་དང་པོ་ཡིན། ང་ལྟ་བུར་མཚོན་ན་ཨ་རིའི་གྲོང་ཁྱེར་ཆེ་གྲས་ཤིག་གི་སྤྱི་ཁྱབ་པ་བྱེད་པ་འདི་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད། འདི་བརྒྱུད་ནས་གོ་སྐབས་མང་པོ་ཞིག་ཡོད་པ་དྲན་བཞིན་ཡོད།
ངའི་ཨ་མ་ལགས་ནི་བཙན་བྱོལ་བོད་མི་སྤྱི་མཚུངས་ལྟར་རང་ཡུལ་བཞག་ནས་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་རེད། དེ་ཐེངས་༸གོང་ས་མཆོག་ལ་དངོས་སུ་མཇལ་དུས་ང་རང་ཨ་རིར་གནས་སྡོད་བོད་མི་ཞིག་ཡིན་པའི་ཆ་ནས་བོད་པའི་ཆེད་དུ་ག་རེ་བྱེད་ཐུབ་ཀྱི་རེད་ཅེས་བཀའ་འདྲི་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་སྤྱི་ཚོགས་ལ་ཞབས་ཞུ་ཞུ་དུས་བོད་པ་གཅིག་པར་བསམ་བློ་མི་གཏོང་བར་འགྲོ་བ་མི་སྤྱིའི་བདེ་རྩ་ལ་ཕན་པའི་ཕྱག་ལས་གནང་དགོས་པའི་བསླབ་བྱ་གནང་སོང་། ཞེས་གསུངས་ཡོད་པ་དང་། གཞན་ཡང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཁྲི་ལི་ཡ་ནས་ཡིན་པ་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་སྒྲེའུ་པཱ་ལོའུ་(Drew Pavlou) ལགས་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད།