༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༢ ཚེས་ ༢༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལི་ཁུལ་གྱི་མཛད་འཕྲིན་རེ་ཞིག་ལེགས་པར་གྲུབ་རྗེས་མཁའ་ལམ་བརྒྱུད་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད།
དེ་ཡང་དེ་རིང་སྔ་དྲོ་གྷ་ཡ་(GAYA)གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་བྷི་ཧར་མངའ་སྡེ་དང་ས་གནས་ཀྱི་དཔོན་རིགས་དང་། གསུང་ཆོས་ཞུ་མཁན་གྱི་སྐུ་ཚབ་རྣམ་པས་ཕེབས་བསུ་དང་། གནམ་ཐང་ནས་ཆིབས་འཁོར་བརྒྱུད་རྡོར་གདན་གྱི་བཞུགས་སྒར་དགའ་ལྡན་འཕེལ་རྒྱས་གླིང་དུ་ཆིབས་བསྒྱུར་སྐབས་ཕེབས་ལམ་གཡས་གཡོན་དུ་ཚོགས་སྡེ་ཁག་གིས་ཕེབས་སྒོ་གསར་བཞེངས་ཀྱིས་ཤིས་ཚིག་དང་ཞབས་བརྟན་གསོལ་འདེབས་བཀོད་ཐོག་སེར་སྐྱ་སྟོང་ཕྲག་མང་པོས་མཇལ་དར་དང་སྤོས་སྣེས་མདུན་བསུ་ཞུས་པ་དང་། དགའ་ལྡན་འཕེལ་རྒྱས་གླིང་དུ་ས་སྐྱ་༸གོང་མ་རིན་པོ་ཆེ་སྐུ་འཁོར་ལྷན་རྒྱས་དང་གདན་ས་ཁག་གི་མཁན་གདན་ཟུར། དེ་བཞིན་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ། ཀིརྟི་སྐྱབས་མགོན་རིན་པོ་ཆེ་སོགས་ཀྱིས་ཕེབས་བསུ་དང་། རྣམ་རྒྱལ་གྲྭ་ཚང་གིས་སེར་སྦྲེང་དང་སྤྱན་རྒྱ་སྤོས་སྣེས་ཕེབས་བསུ་དང་བཅས་ཕོ་བྲང་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། ཚེས་ ༢༣ ཉིན་གྱི་སྔ་དྲོ་རྡོར་གདན་མཆོད་རྟེན་ཆེན་མོར་གནས་མཇལ་ཞུ་རྒྱུ་ཡིན་པ་བཅས།།