༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡༨ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་ཉིན་གཉིས་རིང་གི་སྙིང་རྗེའི་རང་བཞིན་ལྡན་པའི་འགོ་ཁྲིད་གསོ་སྐྱོང་གི་ན་གཞོན་འགོ་ཁྲིད་ལྷན་ཚོགས་དབུ་འཛུགས་གནང་ཡོད་པ་རེད།
དེ་ཡང་ལྷན་ཚོགས་འདི་བཞིན་༸གོང་ས་མཆོག་གི་གྲོགས་པོ་ཀླད་པའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་ (Richard Davidson) ལགས་ཀྱིས་གཙོ་སྐྱོང་གནང་བའི་ཐོག་ནས་ཉིན་གཉིས་རིང་ཚོགས་ཀྱི་ཡོད་པ་དང་། སེམས་དང་སྲོག་བསྟི་གནས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ངེས་སྟོན་པ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་གསུང་སྒྱུར་གནང་སྟེ། ཨ་ཧྥེ་རི་ཀ་དང་ཡོ་རོབ། ལྷོ་བྱང་ཨ་རི་གཉིས། དཀྱིལ་ཤར་ཨེ་ཤ་ཡ་སོགས་ཀྱི་གླིང་ཕྲན་བདུན་ཙམ་ནས་བྱམས་རྩེ་དང་འབྲེལ་བའི་ལས་གཞི་འདྲ་མིན་གཉེར་མཁན་ན་གཞོན་འགོ་ཁྲིད་བཅོ་ལྔ་ལྷན་ཞུགས་གནང་ཡོད་པ་རེད།
སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་བརྩེ་གོང་མཐོར་གྱི་ན་གཞོན་འགོ་ཁྲིད་ལྷན་ཚོགས་ཀྱི་ཐོག་མར་ང་ཚོ་ཚང་མ་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་པ་རེད། འོན་ཀྱང་། དུས་རབས་སྔ་མོའི་ནང་དུ་རང་གཅེས་འཛིན་གྱི་བསམ་བློའི་དབང་གིས་འཛམ་གླིང་ནང་དམག་འཁྲུག་དང་རྡུལ་མཚོན། གོ་མཚོན་བཟོ་བ་སོགས་མིའི་རིགས་ལ་གཏོར་རྒོལ་ཚབས་ཆེན་བཏང་ཡོད་པ་དྲན་གསོ་མཛད་དེ་ད་ཆ་ང་ཚོས་དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་འགྲོ་བ་མི་ཐེར་འབུམ་བདུན་ཚང་མ་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་ཐབས་གནང་དགོས་ཞེས་བཀའ་སྩལ།
སྐབས་དེར་ཀླད་པའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་རི་ཆར་ཌི་ཌི་ཝེ་སོན་(Richard Davidson) ལགས་ཀྱིས་ཐེངས་འདིའི་ལྷན་ཚོགས་དེ་གཙོ་བོ་སེམས་ཁམས་རིག་པའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་ Daniel Goleman ལགས་དང་ལྕམ་ཏཱ་ར་ལགས་རྣམ་གཉིས་ཀྱིས་འཆར་གཞིའི་འོག་གོ་སྒྲིག་ཞུས་ཡོད་པར་ངོ་སྤྲོད་གནང་རྗེས་སྐུ་ཞབས་ Daniel ལགས་དང་། ལྕམ་སྐུ་ཏཱ་ར་ལགས་གཉིས་ཀྱིས་དྲ་ལམ་བརྒྱུད་མགོན་པོ་༸གང་ཉིད་མཆོག་ལ་ལྷན་ཚོགས་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་པར་འཚམས་འདྲི་ཞུས་པ་དང་ཆབས་ཅིག ན་གཞོན་འགོ་ཁྲིད་རྣམ་པར་དོན་ཕན་ལྡན་པའི་ལྷན་ཚོགས་ཤིག་ཡོང་བའི་རེ་བ་ཞུས་པའི་ཐོག་ནས་མགོན་པོ་༸གང་ཉིད་མཆོག་གིས་འཛམ་གླིང་སྤྱིའི་ཁེ་ཕན་སླད་༸སྐུ་ཚེ་ཡུན་རིང་དུ་བཞུགས་ཐུབ་པའི་གསོལ་འདེབས་དང་། ཨབ་གྷ་ནི་སི་ཏན་ནང་གི་དམག་འཁྲུག་དང་། ཡུལ་དེར་བུ་མོ་ཚོར་ཤེས་ཡོན་གྱི་གོ་སྐབས་མེད་པའི་ངལ་བ་ཆེན་པོ་འཕྲད་བཞིན་ཡོད་སྐོར་དང་། རང་ཉིད་ཀྱི་ཕ་ཡུལ་ཞེས་པ་དེ་ག་འདྲ་ཞིག་ལ་དགོངས་པ་བཞེས་ཀྱི་ཡོད་སྐོར་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།
ད་ཆ་ Afghanistan ནང་འཕྲད་བཞིན་པའི་དམག་འཁྲུག་གི་དཀའ་ངལ་མཐའ་དག་གཙོ་བོ་རང་གཅེས་འཛིན་གྱི་བསམ་བློའི་ཐོག་ནས་ཡོང་གི་ཡོད་པ་དང་། དཀའ་རྙོག་དེ་དག་ནི་འབྱུང་སྟངས་ནི་དུས་རབས་སྔོན་མའི་བསམ་བློ་གཏོང་སྟངས་ལྟར་བྱུང་བ་ཡིན་པས་ད་ཆ་ང་ཚོས་དུས་རབས་ཀྱི་འགྱུར་ལྡོག་ལ་གཞིགས་པའི་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་བཟུང་ནས་མ་འོངས་པའི་འཛམ་གླིང་དེ་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་ཐབས་སླད་དགོངས་པ་བཞེས་དགོས་པ་ལས། ང་དང་ཁོ། ངའི་རྒྱལ་ཁབ། ངའི་སྤྱི་ཚོགས་ཞེས་རིམ་པ་གཉིས་པའི་ཐོག་ནས་དགོངས་པ་བཞེས་རྒྱུ་མེད། ཅེས་སོགས་ལམ་སྟོན་མཛད་པ་དང་། མགོན་པོ་གང་ཉིད་མཆོག་ལ་མཚོན་ན་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་རྗེས་འགྲོ་བ་མི་ཚང་མ་གཅིག་མཚུངས་ཡིན་པའི་འདུ་ཤེས་དེ་དུས་རྟག་ཏུ་ཡོད་ཅེས་བཀའ་ལན་སྩལ་ཡོད།
གཞན་ཡང་ལྷན་ཚོགས་ཐོག་བེད་མེད་ཀྱི་ཐོབ་ཐང་དང་ཕོ་མོ་འདྲ་མཉམ། ངལ་རྩོལ་གཞིས་སྤོ་དང་ཡར་རྒྱས་བཅས་ཀྱི་ཆེད་ལས་པ་བོད་རིགས་བེད་མེད་བསྟན་འཛིན་སྒྲོལ་དཀར་ལགས་ཀྱིས་ང་ཚོའི་ངོས་ནས་རང་ཉིད་ཀྱི་པཱ་ལགས་དེ་བྱམས་བརྩེ་སློབ་མཁན་གྱི་དགེ་རྒན་ཆེས་ཐོག་མར་ངོས་འཛིན་ཞུ་མ་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ་ཞེས་སོགས་བཀའ་འདྲི་ཞུས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸རྒྱལ་ཡུམ་ཆེན་མོ་མཆོག་ཧ་ཅང་བྱམས་བརྩེ་ལྡན་པ་ཞིག་ཡོད་པ་དང་། ༸རྒྱལ་ཡབ་མཆོག་ནི་དེ་ཙམ་མེད་པར་བཀའ་སྩལ་བ་དང་འབྲེལ་ཏེ། མགོན་པོ་༸གང་ཉིད་མཆོག་༸སྐུ་ན་ཕྲ་མོའི་སྐབས་ཀྱི་གནས་ཚུལ་ཁག་ཅིག་ལ་ཕྱིར་དྲན་མཛད་པ་དང་ཆབས་ཅིག བྱམས་བརྩེའི་གལ་གནད་དང་། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ལས་བསྟན་པའི་སེམས་ཁམས་རིག་པའི་རྣམ་གཞག་སྐོར་ལ་སྦྱང་པ་ཡིན་ན་སེམས་ཀྱི་ཞི་བདེ་བསྐྲུན་པར་ཧ་ཅང་ཕན་ཐོགས་ཡོད་པ་མ་ཟད། སེམས་ཁམས་རིག་པའི་སྐོར་ཧ་ཅང་ཟབ་ཅིང་རྒྱས་པར་གསུངས་ཡོད་སྟབས་མགོན་པོ་གང་ཉིད་མཆོག་གིས་ཉམས་བཞེས་མཛད་ཀྱི་ཡོད་པ་བཀའ་སྩལ་བ་དང་།
ཉིན་གཉིས་རང་གི་བྱམས་བརྩེ་གོང་མཐོར་གཏོང་ཐབས་ཀྱི་ལྷན་ཚོགས་འདིར་ན་གཞོན་མགོ་ཁྲིད་ ༡༥ ཡིས་བརྗོད་གཞི་འདྲ་མིན་ཐོག་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ཕྱོགས་སྒྲིག་གིས་དེབ་གཟུགས་ཀྱི་ངོ་བོར་དཔར་སྐྲུན་ཞུ་འཆར་ཡོད་པ་དང་། ཁོང་གིས་དཔེ་དེབ་དེ་དུས་རབས་ ༢༡ པའི་ན་གཞོན་ཚོར་དེང་གི་དུས་སུ་འཕྲད་བཞིན་པའི་ངལ་བ་དག་ལ་གདོང་ལེན་གནང་ཕྱོགས་ཀྱི་ལམ་སྟོན་ལྟ་བུ་ཞིག་ཆགས་ཐུབ་པའི་ཐུགས་རེ་ཡོད་ཅེས་ལྷན་ཚོགས་ཀྱི་ཐོག་མར་སྐུ་ཞབས་ Daniel Goleman ལགས་ཀྱིས་འགྲེལ་བརྗོད་གནང་ཡོད་པ་དང་། ལྷན་ཚོགས་ཀྱི་ཉིན་དང་པོ་མཇུག་སྒྲིལ་མཚམས་སུ་ཚོགས་བཅར་བ་ཡོངས་ལ་ཆོས་ལུགས་ལ་མ་བརྟེན་པའི་སྤྱོད་བཟང་གི་གལ་གནད་སྐོར་དང་འབྲེལ་ཏེ། ང་ཚོ་ཚང་མས་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྒོ་ནས་དགོངས་པ་བཞེས་རྒྱུ་གལ་ཆེན་ཡིན་པ་མ་ཟད། ཆོས་དད་ཡོད་མེད་ལ་མ་ལྟོས་པར་ཚང་མ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འཛམ་གླིང་འདིའི་ཐོག་མཉམ་རུབ་ངང་གནས་དགོས་སྟབས་ང་ཚོ་ཚང་མར་འཛམ་གླིང་འདི་གོ་མཚོན་མེད་པ་ཞིག་བཟོ་རྒྱུའི་འགན་ཡོད་ཅེས་ལམ་སྟོན་བཀའ་དྲིན་སྩལ་ཡོད་པ་རེད།