༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སྲིད་འཛིན་སྐུ་ཞབས་ཇོ་བཱཡི་ཌེན་ (Joe Biden) མཆོག་ལ་ཉེ་ཆར་ཨ་རིའི་མངའ་སྡེ་ཨར་ཀན་ས་སི་ (Arkansas) དང་། ཨི་ལི་ནོ་ཨི་སི། (Illinois) ཀན་ཊ་ཀེ། (Kentucky) མི་སོ་རི། (Missouri) ཊན་ནེ་སེ་ (Tennessee) བཅས་ཀྱི་ནང་རླུང་འཚུབ་དྲག་པོ་གཡུགས་པས་རྐྱེན་གྱིས་མི་རྒྱུ་ཕྱུགས་གསུམ་སོགས་ལ་གོད་ཆག་ཆེན་པོ་བྱུང་བའི་གནས་ཚུལ་གསན་པར་ཐུགས་འཚབ་ཀྱི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན།
ཨ་རིའི་དབུས་དང་མངའ་སྡེ་གཞུང་ནས་རྐྱེན་ངན་གོད་ཆག་ཐེབས་སའི་ས་ཁུལ་ཁག་ལ་གང་ཐུབ་ཀྱིས་སྐྱོབ་གསོའི་རོགས་རམ་མགྱོགས་མྱུར་ངང་གནང་དང་གནང་བཞིན་པར་ངོས་ཀྱིས་རྗེས་སུ་ཡི་རང་ཞུ་ཡི་ཡོད། ངོས་རང་དེ་སྔ་མངའ་སྡེ་དེ་ཚོའི་ནང་ནས་ཁག་གཅིག་ནང་བསྐྱོད་མྱོང་ཡོད། ངོས་ཀྱིས་སྐུ་ཉིད་ཀྱིས་གཙོས་རླུང་འཚུབ་དྲག་པོའི་གོད་ཆག་གི་ཁྲོད་དུ་འདས་གྲོངས་སུ་གྱུར་བའི་ནང་མི་སྤུན་མཆེད་དང་། དེ་བཞིན་རླུང་འཚུབ་དྲག་པོའི་གོད་ཆག་ཐེབས་མཁན་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།
གསུང་འཕྲིན་ངོ་མ་ཨིན་ཡིག་ཐོག་སྩལ་ཡོད་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།