༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ནང་པའི་ཚོགས་པ་དང་། ལ་དྭགས་དགོན་པའི་ཚོགས་པ། ཁྲིག་སེ་རིན་པོ་ཆེ་བཅས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དྲ་ལམ་བརྒྱུད་བྱང་ཆུབ་ལམ་གྱི་སྒྲོན་མ་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་གནང་སྒོ་ལེགས་པར་གྲུབ་ཡོད་པ་རེད།
དེ་ཡང་ཆུ་སྣོན་ཟླ་བའི་ཚེས་བཞི་སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་ཐོག་མར་བསྐོར་བའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཀྱི་དད་ལྡན་སེར་སྐྱ་མི་མང་གཙོ་བོར་གྱུར་བའི་དད་ལྡན་ཆོས་ཞུ་བ་རྣམས་ལ་དྲ་ལམ་བརྒྱུད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མའི་གསུང་ཆོས་དང་སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་གི་ཐོག་མར་ལ་དྭགས་ཁྲིག་སེ་དགོན་ནས་ཁྲིག་སེ་རིན་པོ་ཆེས་དྲ་ལམ་བརྒྱུད་མཎྜལ་རྟེན་གསུམ་འདེགས་འབུལ་གྲུབ་མཚམས་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་དོན། དེ་རིང་ཚེས་པ་བཞི་དུས་ཆེན་ཁྱད་པར་ཅན་ཆགས་ཡོད་པ་རེད། ཁྱོད་རང་ཚོ་ལ་དྭགས་པ་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཚོས་ལམ་སྒྲོན་གྱི་བཀའ་ཆོས་ཤིག་གནང་རོགས་ཞེས་ཁ་སང་མགོ་བཙུགས་པ་རེད། དེ་རིང་འཕྲོ་འདོན་རྒྱུ་དང་དེའི་ཐོག་སེམས་བསྐྱེད་འདོན་རྒྱུ་ཡིན།
སྔོན་ལ་ཆོས་ཉན་བཤད་གང་ཞིག་བྱས་པ་ཡིན་པ་ཡིན་ནའང་། འཆད་པ་པོའི་ངོས་ནས་ཡིན་ནའང་བསམ་པ་རྣམ་དག་ཅིག་གི་ཐོག་ནས་འཆད་རྒྱུ་ཡོད་པ་དང་། ཉན་པ་པོའི་ངོས་ནས་ཡིན་ནའང་དངོས་གནས་བདག་ལས་གཞན་གཅེས་པའི་བློ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་ཐོག་ནས་རྣམ་མཁྱེན་དོན་གཉེར་གྱི་བློ་རྣམ་པར་དག་པ་ཞིག་གསལ་བཏབ་ནས་གསན་རྒྱུ་ཞིག་དགོས་ཀྱི་ཡོད། དེར་བརྟེན། ནམ་རྒྱུན་ང་ཚོའི་ཕྱག་ལེན་ལ་ཡོད་པ་ལྟར་སངས་རྒྱས་ཆོས་ཚོགས་མ་ཚར་གསུམ་གསུངས་ཤོག་ཅེས་བཀའ་ཕེབས་པ་ལྟར་ཆོས་ཞུ་བ་ཡོངས་ནས་སངས་རྒྱས་ཆོས་ཚོགས་མ་གསུང་འདོན་གནང་གྲུབ་མཚམས་བཀའ་སློབ་ཕེབས་དོན།
དེང་སང་འཛམ་བུ་གླིང་དངོས་པོ་ཡར་རྒྱས་ཚད་མཐོ་བོར་སླེབས་པ་དང་། ཕྱི་དངོས་ཁམས་རིག་པ་དང་འབྲེལ་བའི་ཚན་རིག་གི་བསམ་བློ་ཤུགས་ཆེན་པོ་ཡོད་པའི་དུས་ཚོད་ལ་སྤྱིར་ཆོས་དགོས་མཁོ་ཡོད་པ་རེད་དམ། ང་ཚོར་དགོས་མཁོ་གང་ཡོད་པ་ཚང་མ་འཕྲུལ་ཆས་ཀྱི་ཐོག་ནས་སྒྲུབ་ཡོང་གི་ཡོད་པ་རེད། སྤྱིར་བཏང་གི་ཤེས་ཡོན་ཐོག་ནས་ཡར་རྒྱས་སུ་འགྲོ་དང་འགྲོ་བཞིན་པ་རེད། འདི་ལྟ་བུའི་དུས་ཚོད་ལ་ཆོས་ཀྱི་དགོས་མཁོ་ག་རེ་འདུག་གམ། དམིགས་བསལ་གྱིས་ཕན་ཐོགས་ག་རེ་འདུག་གམ་ཞེས་དྲི་བ་ཞིག་དྲིས་པ་ཡིན་ན། དངོས་ཡོད་གནས་ཚུལ་ལ་དངོས་པོ་ཡར་རྒྱས་ག་ཚོད་ཡོད་པ་ཡིན་ནའང་དེ་ཕྱིའི་ལུས་པོའི་བདེ་ཐང་གི་ཐོག་ལ་ཕན་ཐོགས་ཡོང་བ་ཞིག་མ་གཏོགས་སེམས་མ་སྐྱིད་པ་ཡོང་བ་དང་། སེམས་འཁྲུགས་བསྡད་པ་ལ་ཕྱི་དངོས་པོ་ཡར་རྒྱས་ག་ཚོད་ཕྱིན་ཀྱང་། ནང་སེམས་ལ་ཞི་བདེ་ཡོང་བ་སྒྲུབ་ཐུབ་མེད། དེ་ཧ་ཅང་གསལ་པོ་རེད། ཕྱི་དངོས་པོ་ཡར་རྒྱས་དགོས་ཀྱི་ཡོད། ཕྱི་དངོས་པོ་ཡར་རྒྱས་དང་ཆབས་ཅིག་ནང་བསམ་བློ་ཞི་བདེ་ཡོང་བ་ཧ་ཅང་གལ་ཆེན་པོ་རེད། ནང་བསམ་བློ་ཞི་བདེ་ཡོང་བ་ལ་འཕྲུལ་ཆས་ཀྱིས་བཟོ་མི་ཐུབ་པ་དང་། ཁབ་བརྒྱབ་ནས་ཀྱང་འཕྲལ་སེལ་ལ་ལྷོད་ལྷོད་ཆགས་རྒྱུ་ཞིག་མ་གཏོགས་བཟོ་མི་ཐུབ། ཕྱིའི་སྨན་བཅོས་ཀྱི་ཐོག་ནས་སེམས་ཀྱི་ཞི་བདེ་བཟོ་ཐུབ་རྒྱུ་མི་འདུག དེར་བརྟེན། ནང་སེམས་ཀྱི་ཞི་བདེ་ནི་སེམས་ཁམས་རིག་པ་དང་འབྲེལ་བའི་ཐོག་ནས་བློ་སྦྱང་རྒྱུ་དང་། སེམས་མ་སྐྱིད་པ་ཡོང་བའི་རྐྱེན་གང་གིས་བྱེད་བཞིན་པ་དང་། རྣམ་རྟོག་གང་དང་གང་གིས་སེམས་འཁྲུགས་ཡོང་བཞིན་འདུག དེའི་ལྡོག་ཟླའམ་གཉེན་པོ་སེམས་ཀྱི་ཐོག་ནས་གང་དག་སྒྲུབ་ཐུབ་ཀྱི་འདུག་སོགས་ལ་དཔྱད་པ་བྱེད་རྒྱུ་དང་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ཁ་སང་རོབ་ཙམ་སྐད་ཆ་བྱུང་བ་བཞིན་དེང་སང་ཚན་རིག་པ་སྐྱེ་བ་སྔ་ཕྱི་ལ་དོ་སྣང་མེད་མཁན་ནང་དུའང་སེམས་ཁམས་རིག་པ་དང་འབྲེལ་ནས་སེམས་ཀྱི་ཞི་བདེ་སྒྲུབ་པར་སྒོམ་རྒྱག་པ་དང་། སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་བྱམས་བརྩེ་དང་། ཚད་མཐོ་རུ་ཕྱིན་པའི་སྐབས་སུ་ཞི་གནས་དང་ལྷག་མཐོང་གི་ཐོག་ནས་སེམས་ཀྱི་ཞི་བདེ་སྒྲུབ་རྒྱུར་དོ་སྣང་བྱེད་བཞིན་འདུག འཛམ་བུ་གླིང་ལ་ཆོས་བརྒྱུད་ཧ་ཅང་མང་པོ་ཡོད་པ་ཧ་ཅང་ཡག་པོ་རེད། དཀོན་མཆོག་མཁྱེན་ཟེར་བ་ཞིག་གི་ཐོག་ནས་སེམས་ཀྱི་ཞི་བདེ་གང་ལ་གང་འཚམ་སྒྲུབ་ཐུབ་ཀྱི་ཡོད་པ་རེད། ཡིན་ནའང་། དཀོན་མཆོག་ལ་གསོལ་བ་བཏབ་ནས་སེམས་ཀྱི་ཞི་བདེ་སྒྲུབ་པ་ཙམ་མ་ཡིན་པར་སེམས་དཀྲུགས་མཁན་དེས་ག་རེ་བྱེད་ཀྱི་འདུག་པ་ཤེས་པར་བྱེེད་པ་དང་། བློའི་འགྲོ་སྟངས་དག་ཡག་པོ་ཞིག་ཤེས་པའི་ཐོག་ནས་སེམས་ཀྱི་ཞི་བདེ་སྒྲུབ་རྒྱུ་དེ་དམིགས་བསལ་ཞིག་རེད། ཁ་སང་ཞུས་པ་བཞིན་རྒྱ་གར་འཕགས་པའི་ཡུལ་དུ་འཚེ་བ་མེད་པ་དང་བྱམས་བརྩེ་(karuna)སངས་རྒྱས་བཅོམ་ལྡན་འདས་མ་བྱུང་གོང་ནས་ཡོད་པ་ཞིག་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེ་ཟབ་ཏུ་བཏང་བ་དང་རྒྱ་ཆེ་རུ་བཏང་ནས་རིམ་བཞིན་སེམས་ཁམས་རིག་པ་དེ་ལྟ་གྲུབ་དང་འབྲེལ་བའི་ཐོག་ནས་རྣམ་རྟོག་ལ་གཉེན་པོ་བརྟེན་རྒྱུ་དེ་རྒྱུ་མཚན་ལ་བསམ་བློ་བཏང་བའི་ཐོག་ནས་ཡོང་ཡོད།
སེམས་དཀྲུགས་མཁན་དེ་ཁོང་ཁྲོས་བྱེད་ཀྱི་ཡོད། ང་རྒྱལ་གྱིས་བྱེད་ཀྱི་ཡོད། མཐར་གཏུགས་ན་རང་གཅེས་འཛིན་གྱི་ཐོག་ནས་སེམས་མ་སྐྱིད་པ་ཡོང་བཞིན་ཡོད། དེ་ལ་རྒྱ་གར་གནའ་རབས་ཀྱི་ karuna ཟེར་བ་དང་། Ahimsa ཟེར་བ་ཕྱི་ལུས་ཀྱི་ཐོག་ནས་གཞན་ལ་འཚེ་བ་བྱས་པ་གཅིག་པུ་མ་ཡིན་པར་འཚེ་བ་བྱེད་པ་དེ་སེམས་མ་སྐྱིད་པའི་ཐོག་ནས་ཡོང་གི་ཡོད། དེར་བརྟེན། འཚེ་བ་མེད་པ་(Ahimsa)དང་། བྱམས་བརྩེ་(Karuna)གཉིས་ཆ་སེམས་ཁམས་རིག་པ་དང་འབྲེལ་ནས་ཡོང་བ་ཞིག་ཆགས་ཡོད། སངས་རྒྱས་པའི་གཞུང་གིས་སེམས་བཏུལ་ན་བདེ་བ་ཡིན། སེམས་མ་བཏུལ་ན་སྡུག་བསྔལ་ཡིན་གསུངས་བཞིན་ཡོད། སྤྱིར་འཛམ་བུ་གླིང་གི་ཆོས་ལུགས་ཚང་མས་བྱམས་བརྩེ་གསུངས་བཞིན་ཡོད། ཧ་ཅང་ཡག་པོ་རེད། ཡིན་ནའང་། རྒྱུ་མཚན་གྱི་ཐོག་ནས་ཞིབ་ཚགས་པོ་བསམ་བློ་བཏང་སྟེ་སེམས་ཀྱི་ཞི་བདེ་སྒྲུབ་རྒྱུ་ནི་ཕལ་ཆེར་ནང་ཆོས་དེ་རྒྱ་ཆེ་ཤོས་དང་ཟབ་ཤོས་ཆགས་འདུག
དེ་རིང་འདིར་ཁྱོད་རང་ཚོ་ལ་དྭགས་ཀྱི་ཆོས་གྲོགས་ཚོ་ཕ་མེས་ནས་སངས་རྒྱས་པའི་བསྟན་པའི་རྗེས་སུ་ཞུགས་མཁན་རེད། དུས་ད་ལྟ་བར་དུ་ཁྱོད་རང་ཚོ་ཆབ་སྲིད་ཀྱི་འགྱུར་ལྡོག་གང་འདྲ་ཞིག་ཕྱིན་ནའང་ཆོས་ཀྱི་དད་པ་ཧ་ཅང་བརྟན་པོ་བྱས་ནས་བསྡད་ཡོད། བར་སྐབས་ནས་ངོས་ཀྱིས་དགོན་པ་ཚོས་འདོན་པ་བཏོན་ནས་སྡོད་པ་དང་། གཏོ་སྒྲུབ་དང་གཡང་འབོད་བྱས་ནས་སྡོད་རྒྱུ་དེ་འདྲ་མ་ཡིན་པར་སློབ་གཉེར་བྱེད་ཐུབ་ན་ཡག་པོ་འདུག་ཅེས་བརྗོད་པ་ཡིན། དཔེར་ན། རྣམ་རྒྱལ་གྲྭ་ཚང་ལ་ཆ་བཞག་ན་སྔོན་མ་གཞུང་ཆེན་བསླབ་ཀྱི་ཡོད་པ་མ་རེད། དེང་སང་གཞུང་ཆེན་ལ་སློབ་གཉེར་བྱེད་བཞིན་ཡོད། སློབ་གྲྭ་ཚོའི་ནང་དུ་ཡིན་ནའང་བློ་རིགས་དང་རྟགས་རིགས་སློབ་ཐུབ་ན་ཡག་པོ་འདུག་ཅེས་ངོས་ཀྱིས་བསམ་འཆར་བཤད་པ་དང་མི་ཚོས་དང་ལེན་ཡག་པོ་བྱས་པ་རེད། དེང་སང་སངས་རྒྱས་པའི་ཆོས་པ་སྤྱི་དང་། ལྷག་པར་དུ་ཧི་མ་ལ་ཡའི་རི་རྒྱུད་དུ་ཡོད་པའི་བོད་ཀྱི་ནང་ཆོས་འཛིན་མཁན་ཚོས་གཞུང་ཆེན་སློབ་པའི་མིག་ལྟོས་སྤེལ་ནས་དེས་ཧ་ཅང་ཕན་ཐོགས་ཡོང་བཞིན་པ་ཞིག་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་བྱང་ཆུབ་ལམ་སྒྲོན་གྱི་གསུང་ཆོས་འཕྲོ་སྐྱོང་གནང་བ་དང་། དེ་རྗེས་སངས་རྒྱས་ཆོས་ཚོགས་མའི་ཐོག་སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་མཛད་རྗེས་མཐོ་སློབ་ཀྱི་སློབ་གཉེར་བ་སོགས་ཆོས་ཞུ་བ་ཁག་གཅིག་གི་དྲི་བར་བཀའ་ལན་མཛད་དེ་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་ཡོད་པ་བཅས།