༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་༢ ཉིན་གཉིས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་ལ་དྲ་ལམ་བརྒྱུད་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟོགས་བརྗོད་འདུན་ལེགས་མའི་གསུང་ཆོས་འཕྲོ་སྐྱོང་དང་། ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་གཟིམ་ཆུང་ནས་གསུང་ཆོས་གནང་ཡུལ་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་བཀའ་སློབ་སྩལ་དོན། དེ་རིང་བོད་རིགས་གཞོན་སྐྱེས་ཚོར་བཀའ་ཆོས་ཉིན་གཉིས་པ་རེད། རྟོགས་བརྗོད་འདུན་ལེགས་མའི་འཕྲོ་ཡིན། དེའི་རྗེས་ལ་ནམ་རྒྱུན་སེམས་བསྐྱེད་འདོན་གྱི་ཡོད་པས་བསམ་བློ་ཞིག་འཁོར་བྱུང་། ངོས་ཀྱིས་ནམ་རྒྱུན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བཤད་ཀྱི་ཡོད་པ་རེད། དམིགས་བསལ་དཀྱིལ་འཁོར་གྱི་ཆོ་ག་དང་འབྲེལ་ཡོད་པ་མ་རེད་དེ་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་རྒྱུ་ཞིག་ལ་བརྟག་པ་བགྱིས་པར་མོ་ཧ་ཅང་བཟང་པོ་འདུག དེར་བརྟེན། ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་བྱས་ཏེ་ངོས་དང་ཁྱོད་རང་ཚོས་སྒོམ་རྒྱུ་དེ་ལྟར་བྱེད། སྔོན་ལ་ཁྱོད་རང་ཚོ་ཚང་མར་རྒྱུས་ཡོད་པ་རེད། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།། ལུང་དང་རྟོགས་པའི་བདག་ཉིད་དོ།། དེ་འཛིན་བྱེད་པ་སྨྲ་བྱེད་དང་།། སྒྲུབ་པར་བྱེད་པ་ཁོ་ན་ཡིན།། ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་བསྟན་པ་ལ་ལུང་གི་བསྟན་པ་དང་རྟོགས་པའི་བསྟན་པ་གཉིས་ཡོད། ལུང་རྟོགས་ཀྱི་བསྟན་པ་གཉིས་པོར་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ། དེ་འཛིན་བྱེད་པ་སྨྲ་བྱེད་པ།། སྒྲུབ་པར་བྱེད་པ་ཁོ་ན་ཡིན།། ཞེས་ལུང་གི་བསྟན་པ་ལ་སློབ་གཉེར་བྱེད་དགོས་པ་དང་། སློབ་གཉེར་སྤུས་དག་ཤོས་ནི་ཐོས་བྱུང་གི་ཤེས་རབ་དང་། བསམ་བྱུང་གི་ཤེས་རབ་ཀྱིས་སྒྲོ་འདོགས་ཆོད་པ་ལ་ཚད་མ་རིག་པའི་ཐོག་ནས་བརྟག་དཔྱད་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ང་ཚོ་བོད་ལ་སུ་གཅིག་ལའང་སྨོན་མ་དགོས་པ་ཞིག་ལ་མཁན་ཆེན་ཞི་བ་འཚོའི་བཀའ་དྲིན་ལ་བརྟེན་ནས་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་རིགས་ལམ་གྱི་ཐོག་ནས་དཔྱད་པ་བྱེད་པ་ཞིག་ལོ་སྟོང་ཕྲང་རིང་ཕྱིན་པ་རེད། ནཱ་ལེནྡྲའི་མཁས་གྲུབ་མཁན་ཆེན་ཞི་བ་འཚོས་ལམ་སྟོན་གནང་བ་ལྟར་དུས་ད་ལྟའི་བར་དུ་བོད་ལ་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུའི་ནང་དུ་མཁས་གྲུབ་གཉིས་ལྡན་མང་པོ་བྱུང་ཡོད་པ་རེད། དེ་དག་གིས་ཐོག་མར་གཞུང་ལ་ཐོས་པ་བྱས་པ་དང་། ཐོས་དོན་ཉམས་སུ་བླངས་ནས་སྒྲུབ་པ་ཉམས་ལེན་བྱས་པ་རེད། དེ་འཛིན་བྱེད་པ་སྨྲ་བྱེད་པ།། སྒྲུབ་པར་བྱེད་པ་ཁོ་ན་ཡིན།། ཞེས་པའི་ཁོ་ནའི་སྒྲ་དེ་མི་ལྡན་རྣམ་གཅོད་མ་རེད། དགོས་པ་རེད་ཅེས་པའི་སྐད་ཆ་མ་རེད། དེ་མ་གཏོགས་འགྲོ་ས་ཡོད་པ་མ་རེད་ཟེར་བའི་གཞན་ལྡན་རྣམ་གཅོད་ཡིན་པ་རེད། དུས་ད་ལྟའི་བར་དུ་བོད་གངས་ཅན་གྱི་རིས་སུ་མ་ཆད་པའི་སྐྱེས་བུ་དམ་པ་དེ་དག་གི་ནང་དུ་བྱ་བྲལ་བྱས་ནས་བཞུགས་མཁན་ཁ་ཤས་ཡོད་པ་ལས་གཞན་སྔོན་ལ་སློབ་གཉེར་གནང་ནས་འགྲོ་བཞིན་ཡོད་པ་རེད། གང་ལྟར་བཤད་སྒྲུབ་ཟུང་འབྲེལ་བྱས་ནས་འགྲོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་རིང་འདིར་སྔོན་ལ་རྟོགས་བརྗོད་འདུན་ལེགས་མའི་སྐབས་གསུམ་པ་དེ་ཡིན། ཞེས་བཀའ་སློབ་དང་བཤད་ལུང་འཕྲོ་སྐྱོང་གིས་ལེགས་པར་གྲུབ་མཚམས་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་སྩལ་བ་དང་།
དེ་རྗེས་ཆོས་ཞུ་བ་སློབ་ཕྲུག་ཚོས་བཀའ་འདྲི་ཞུ་སྐབས་མགོན་པོ་གང་ཉིད་མཆོག་གིས་ཁོང་ཁྲོ་ལངས་པའི་སྐབས་སུ་སེམས་ཞི་བདེར་གནས་པའི་ཐབས་ལམ་སྐོར་ལ་བཀའ་སློབ་སྩལ་དོན། ནམ་རྒྱུན་དུ་བྱམས་བརྩེ་ལ་ཡང་ཡང་བསམ་བློ་བཏང་ནས་སོ་སོའི་སེམས་གཏིང་ནས་བྱང་ཆུབ་ཀྱི་སེམས་སྒོམ་པ་དང་། གཞན་ཕན་གྱི་བློ་ནི་རང་བདེ་བ་དང་གཞན་བདེ་བ། འཕྲལ་དུ་བདེ་བ། རང་གཞན་དོན་ནི་རང་བསྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། ཞེས་གསུངས་པ་ལྟར་བྱང་ཆུབ་ཀྱི་སེམས་མཚན་ཉིད་ཚང་བ་ལ་ཨ་ཅང་ཅང་། སེམས་པ་བཟང་པོ་ཞིག་ཡོད་ན་སོ་སོའི་སེམས་སྐྱིད་པ་དང་། སོ་སོའི་ཉེ་འཁོར་དུ་ཡོད་པའི་གྲོགས་པོ་ཚོའི་སེམས་བཟང་བ་ཡོང་གི་རེད། དཔེར་ན། རྒྱུ་མཚན་ཆ་ཚང་འགྲོ་གི་ཡོད་མེད་མི་ཤེས་ཀྱང་ངོས་ནས་དུས་རྟག་ཏུ་བྱམས་བརྩེ་ཉམས་ལེན་བྱས་ནས་བློ་ལྷོད་ཤིག་ཤིག་སྡོད་པ་དང་། གདོང་འཛུམ་ཤིག་ཤིག་གིས་སྡོད་ཀྱི་ཡོད། ངོས་རང་༸རྒྱལ་བ་རིན་པོ་ཆེ་གཏུམ་པོ་རླུང་ལངས་ཤིག་ཤིག་བསྡད་པ་ཡིན་ན་འདིའི་ཁོར་ཡུག་དེའང་མ་བདེ་བ་ཞིག་ཆགས་ཡོང་གི་རེད། དེར་བརྟེན། གང་ལྟར་ཁོང་ཁྲོའི་གཞན་དབང་དུ་བཏང་བ་ཡིན་ན་རང་མི་སྐྱིད་པ་དང་། རོགས་པ་ཚོའང་སྐྱིད་པོ་ཡོང་གི་མ་རེད། དེར་བརྟེན། རང་དོན་བསྒྲུབ་ནའང་བྱང་ཆུབ་ཀྱི་སེམས་སྒོམ་དགོས་པ་དང་གཞན་དོན་བསྒྲུབ་ནའང་བྱང་ཆུབ་སེམས་སྒོམ་དགོས། འཕྲལ་དུ་ལུས་བདེ་བ་དེའང་བྱང་ཆུབ་ཀྱི་སེམས་སྒོམ་ན་སེམས་ཀྱི་ཞི་བདེ་ཡོང་བ་དང་། སེམས་ལ་དངངས་སྐྲག་མ་ཡོང་བ་དང་རླུང་ཁམས་ཀྱི་ནད་རྟགས་སོགས་ལ་སེམས་ལ་ཞི་བདེ་ཡོད་ན་ཏན་ཏན་ཁྱད་པར་འདུག རླུང་འཕར་ནས་བསྡད་པ་ཡིན་ན་གཟུགས་པོའང་མ་བདེ་བ་ཞིག་ཡོང་གི་ཡོད་པ་རེད། གང་ལྟར་བྱང་ཆུབ་ཀྱི་སེམས་གཞན་ཕན་གྱི་བློ་སྒོམ་ན་འཕྲལ་དུ་བདེ་བ་དང་ཕུགས་ལ་ཕན་པ་དང་། རླབས་ཆེ་ས་ནས་བྱང་ཆུབ་ཀྱི་སེམས་སྒོམ་ན་ཚོགས་ཀྱང་ཁོ་རང་གིས་རྫོགས། སྡིག་སྒྲིག་ཀྱང་ཁོ་རང་གིས་སྦྱོངས་ཞེས་གསུངས་པ་ནང་བཞིན་རེད། དངོས་གནས་འཕྲལ་དུ་བདེ་བ་དང་ཕུགས་རྣམ་མཁྱེན་གྱི་གོ་འཕང་སྒྲུབ་རྒྱུའི་མཚོན་པའི་གང་ལྟར་ཚང་མ་སེམས་པ་བཟང་པོ་བྱེད་པ་དེའི་ཐོག་ནས་ཡོང་གི་ཡོད། སེམས་པ་བཟང་པོའི་འགལ་ཟླ་ནི་ཞེ་སྡང་ལངས་པ་དེས་བྱེད་ཀྱི་ཡོད་པས་ཁོང་ཁྲོའི་ཉེས་དམིགས་དང་། བྱམས་བརྩེའི་ཕན་ཡོན་བསམ་བློའི་ནང་དུ་ཡོད་པ་ཡིན་ན་ཁོང་ཁྲོ་ཡོང་གྲབས་བྱེད་སྐབས་དགྲ་དྭངས་མ་དེ་ཡོང་གྲབས་བྱེད་ཀྱི་འདུག་ཨང་བསམ་སྟེ་སོ་སོས་ཡིད་གཟབ་བྱེད་པ་ཞིག་ཡོང་གི་རེད། གཙོ་བོ་བརྩེ་བའི་ཕན་ཡོན་དང་ཁོང་ཁྲོའི་ཉེས་དམིགས་ལ་ཡང་ཡང་བསམ་བློ་གཏོང་དགོས་འདུག ཁ་སང་བཤད་པ་བཞིན་སྤྱོད་འཇུག་ལེའུ་དྲུག་པ་དེ་བཀླག་ན་ཁོང་ཁྲོའི་ཉེས་དམིགས་ཧ་ཅང་གསལ་པོ་ཡོད་པ་རེད། ཅེས་སོགས་བཀའ་སློབ་སྩལ་ཡོད་པ་བཅས།