༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༦ ཉིན་དང་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སོག་ཡུལ་དགའ་ལྡན་ཐེག་ཆེན་གླིང་དགོན་པས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་སོག་ཡུལ་རྒྱལ་ཡོངས་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་དང་འབྲེལ་དྲ་ལམ་བརྒྱུད་བཀའ་སློབ་དང་། དེ་རྗེས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་། བློ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱིས་གསོལ་འདེབས་ཞུས་ངོར་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་དགུ་པ་མ་ཟིན་ཙམ་ལ་རྡ་རམ་ས་ལའི་ཕོ་བྲང་གཟིམ་ཆུང་ནས་གསུང་ཆོས་གནང་ཡུལ་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་སོག་ཡུལ་ནང་པའི་དབུ་ཁྲིད་མཁན་པོ་བླ་མ་ཆོས་རྒྱ་མཚོ་མཆོག་གིས་དྲ་ལམ་བརྒྱུད་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ཐོག་མར་སྟོན་པ་བཅོམ་ལྡན་འདས་ལ་གུས་ཕྱག་སྔོན་དུ་བཏང་བའི་ཐོག་ནས་ཁྱོད་ཚོ་སོག་པོའི་ཆོས་གྲོགས་ཚོར་ཆོས་འབྲེལ་ཉུང་ཙམ་བྱེད་རྒྱུ་ཡིན། ང་ཚོ་ཚང་མས་མཁྱེན་གསལ་ལྟར་བོད་དང་སོག་པོ་གཉིས་ནི་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། སོག་པོའི་ཆོས་གྲོགས་མང་ཆེ་ཤོས་རྗེ་རིན་པོ་ཆེའི་རྗེས་འབྲངས་ཆགས་ཡོད། དེར་བརྟེན། ངོས་ཀྱིས་ཁྱོད་རང་ཚོར་བརྗོད་འདོད་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས། བདག་ཉིད་བདག་གི་མགོན་ཞེས་གསུང་གི་འདུག སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་འདིར་སོ་སོའི་མ་འོངས་པའི་བདེ་སྡུག་དེ་སོ་སོའི་ལག་པར་ཡོད་པ་ཞིག་རེད། ཆོས་ལུགས་གཞན་པ་ཚོས་འཇིག་རྟེན་བཀོད་པ་པོ་གསུངས་ནས་ང་ཚོའི་བདེ་སྡུག་དེ་འཇིག་རྟེན་བཀོད་པ་པོའི་ཕྱག་ཏུ་ཡོད་པ་ཞིག་རེད། སངས་རྒྱས་པའི་ཆོས་ཀྱིས་སོ་སོས་ལས་བཟང་པོ་ཞིག་བསགས་ན་སོ་སོར་བདེ་སྐྱིད་ཡོང་བ་དང་། སོ་སོའི་ངོས་ནས་བཟང་པོ་བྱེད་མ་ཐུབ་པ་ཡིན་ན་སངས་རྒྱས་ཀྱིས་སྐྱོབ་ཐབས་མེད། དེར་བརྟེན། བདག་ཉིད་བདག་གི་མགོན་ཞེས་གསུངས་པ་རེད། རང་གི་ངང་གིས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་པ་ནི་སེམས་ཅན་གྲོག་སྦུར་ཚུན་ཆད་པོར་གཅིག་མཚུངས་རེད། མི་ནི་བསམ་བློ་མང་པོ་འཁོར་ཐུབ་མཁན་ཞིག་ཆགས་ཡོད་པས་སོ་སོའི་སེམས་སྐྱིད་དང་མ་སྐྱིད་ཀྱང་བསམ་བློའི་ཐོག་ནས་ཡོང་བ་དང་། མི་ལ་ཕན་གནོད་ཡོང་རྒྱུ་ཡང་ཅི་ཙམ་གྱིས་སེམས་མ་བཏུལ་བའི་ཐོག་ནས་གཞན་ལའང་གནོད་ཡོང་བ་ཞིག་དང་། སེམས་བཏུལ་བ་བྱུང་ན་གཞན་ལའང་ཕན་ཡོང་བ་ཞིག་རེད། དེར་བརྟེན། སེམས་བཏུལ་ན་བདེ་སྐྱིད་དང་སེམས་མ་བཏུལ་ན་སྡུག་བསྔལ་ཡིན་པ་གསུང་གི་ཡོད།
སེམས་འདུལ་བའི་ཐབས་ནི་ཆོས་ལུགས་ཚང་མས་གསུང་བཞིན་ཡོད། སངས་རྒྱས་པའི་ཆོས་ནས་སེམས་འདུལ་ཐབས་ཅེས་པ་ནི་སྨོན་ལམ་རྒྱབ་ནས་ཡོང་བ་ཞིག་མ་ཡིན་པར་སོ་སོས་བསམ་བློ་བཏང་ནས་སེམས་མ་ཞི་བ་ཞི་བར་བྱེད་པ་དང་། མ་འདུལ་བ་བཏུལ་བར་བྱེད་དགོས་པ་གསུང་བཞིན་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས། སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ།། མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་པ།། དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་དང་།། རིགས་པ་བརྒྱ་དག་གིས་ནི་འཛུད་པར་མཛད།། ཅེས་གསུང་ཡོད་པ་དེ་རེད། གང་ལྟར་རང་གཞན་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་ཡིན་ཡང་། སྡུག་བསྔལ་གྱི་རྒྱུ་ཡར་གཏུགས་ཡོང་སྐབས་སེམས་མ་བཏུལ་བའི་དབང་གིས་ཡོང་གི་ཡོད་པ་དང་། སེམས་མ་བཏུལ་བ་ནི་ཕྱིན་ཅི་ལོག་གི་ལྟ་བ་ཞིག་གི་ཐོག་ནས་ཆགས་སྡང་གི་ཨ་འཐས་ཀྱི་འཛིན་པ་དེས་ཡོང་བཞིན་པ་གསལ་བོ་འདུག སྤྱིར་བཏང་བཤད་པ་ཡིན་ན། ཚན་རིག་པ་ཚོས་ཀྱང་བཤད་ཀྱི་འདུག མིའི་རང་བཞིན་ནི་སྤྱི་ཚོགས་ལ་བརྟེན་ཡོད་པ་ཞིག་ཆགས་ཡོད་པས་སྤྱི་ཚོགས་ལ་བརྩེ་བ་ཞིག་རང་བྱུང་གིས་ཡོང་བ་ཞིག་དང་། དཔེར་ན། དུད་འགྲོ་བྱ་རི་དྭགས་ལ་ཆ་བཞག་ནའང་ཁོ་ཚོ་འཚོ་བའི་གཞི་རྟེན་རང་གི་ཁྱིམ་ཚང་གཙོ་བོར་གྱུར་བའི་སྡེ་ཆུང་ཆུང་ཞིག་ཡོད་པ་དེའི་ཐོག་ནས་འཚོ་དགོས་ཀྱི་ཡོད་པས་དེ་ལ་བརྩེ་བ་བྱེད་པ་ཞིག་ཡོང་གི་འདུག དེར་བརྟེན། ང་ཚོ་མི་ནི་སྤྱི་ཚོགས་ལ་བརྟེན་པ་ཞིག་ཡིན་པས་རང་བཞིན་གྱིས་སྤྱི་ཚོགས་ལ་བརྩེ་བ་ཡོད་པ་ཞིག་རེད། རིམ་བཞིན་ཡར་ལོངས་ཡོང་བའི་སྐབས་སུ་ངས་བྱེད་ཐུབ་ཀྱི་རེད་ལྟ་བུར་སྤྱི་ཚོགས་ལ་བརྟེན་པ་ལ་དོ་སྣང་མེད་པའི་ཐོག་ནས་རང་རྒྱལ་གཞན་ཕམ་གྱི་གནས་ཚུལ་སླེབས་ཡོང་གི་འདུག
གང་ལྟར་སངས་རྒྱས་པའི་ཆོས་ཀྱི་བསླབ་བྱ་གཙོ་བོ་ནི་སེམས་པ་བཟང་པོ་བྱེད་དགོས་པ་གསུང་བཞིན་ཡོད། སེམས་པ་བཟང་པོ་ཡོང་བར་རང་གི་ངང་གིས་མིའི་སྤྱི་ཚོགས་ལ་བརྟེན་པ་ཡིན་པས་བརྩེ་བ་ཞིག་ཆུང་ཆུང་སྐབས་ནས་ཡོད་པ་ཞིག་རེད། སྐྱེས་ཙམ་ཉིད་ནས་ཨ་མས་བརྩེ་བ་བྱས་པ་དང་དེའི་འོག་ནས་ང་ཚོ་འཚར་ལོངས་བྱུང་བ་རེད། ང་ཚོའི་མི་ཚེ་མགོ་འཛུགས་དུས་ནས་བརྩེ་བའི་གཞན་དབང་གི་ཐོག་ནས་དང་། བརྩེ་བའི་བསྐྱངས་པའི་འོག་ནས་མི་ཚེ་འདི་འཚར་ལོངས་བྱུང་བ་རེད། མི་ཚེ་འཚོ་བ་དེ་མགོ་འདི་ལྟར་བཙུགས་ཡོད། ཡིན་ནའང་། རིམ་བཞིན་ནར་སོན་ནས་སྤྱི་ཚོགས་འཁྲིག་པོ་ཆགས་ཡོང་དུས་བརྩེ་བ་དེ་གལ་ཆུང་ཆུང་གི་སྒང་ཏུ་སླེབས་ཡོད་པ་ལྟ་བུ་ཞིག་འདུག་པས། མི་ལ་ལྷན་སྐྱེས་སུ་ཡོད་པའི་བརྩེ་བ་ལ་དམིགས་བསལ་གྱིས་དོ་སྣང་བྱེད་དགོས་པ་དང་། རྒྱུ་མཚན་གྱི་ཐོག་ནས་བརྩེ་བ་གལ་ཆེན་པོ་ཡིན་པ་བཤད་ཐུབ་ན་ཆོས་ཡོད་མཁན་དང་མེད་མཁན། ཆོས་ལུགས་གང་དང་གང་ཡིན་ནའང་བརྩེ་བ་ཚང་མས་གསུང་བཞིན་འདུག དེར་བརྟེན། ང་རང་ཚོར་བརྩེ་བ་ནི་ཧ་ཅང་གལ་ཆེན་པོ་རེད།
བརྩེ་བ་ཡོང་བའི་འགལ་རྐྱེན་རང་གཅེས་བར་འཛིན་པའི་རྟེན་གཞི་གཅིག་ནི་བདེ་སྡུག་རང་སྐྱ་བ་ཞིག་དང་། བདེ་སྡུག་ཡོང་སའི་དགྲ་གཉེན་རྣམ་རྟོག་གིས་ཕར་བཀོད་ནས་གཉེན་ནི་རང་ལ་བདེ་བ་ཡོང་བ་དང་། དགྲ་ནི་སྡུག་བསྔལ་ཡོང་བ་ཞིག་ཡིན་བསམ་པའི་ཐོག་ནས་ཆགས་སྡང་གི་བློ་ཤུགས་ཆེ་རུ་ཆེ་རུ་འགྲོ་བཞིན་ཡོད། དེ་ནི་ཕྱི་རོལ་བའི་ཡུལ་ང་ཚོར་སྣང་ཡོང་སྐབས་དོན་གྱི་ངོས་ནས་ཡོད་པ་ཞིག་ཏུ་སྣང་ཡོང་གི་ཡོད་པས་རེད། དེ་མ་ཡིན་པར་ང་རང་ཚོར་ཆགས་སྡང་གི་བློ་སྐྱེས་པའི་སྐབས་སུ་དགྲ་དང་གཉེན་ཞེས་ཕར་ངོས་ནས་ཡོད་པ་ཞིག་བློ་ལ་ཤར། དེ་ཤར་བའི་ཐོག་ནས་ཡིད་ཆེས་ཀྱིས་གཉེན་ལ་ཆགས་པ་དང་དགྲ་ལ་སྡང་བའི་ཨ་འཐས་ཀྱི་འཛིན་པ་དེས་སླེབས་ཡོང་གི་ཡོད། ཆོས་གང་དང་གང་སྣང་བ་ཡིན་ནའང་། རང་དབང་གི་ཐོག་ནས་ཡོང་བ་ཞིག་མ་རེད། ཆོས་དེ་དང་དེ་འཛིན་མཁན་གྱི་བློ་ཡིས་ཁྱད་པར་འགྲོ་བཞིན་ཡོད་ཅེས་ཚད་རྡུལ་དངོས་ཁམས་རིག་པས་ཀྱང་བཤད་ཀྱི་འདུག ང་རང་ཚོའི་གཞུང་ནས་ཀྱང་དེ་ལྟར་བཤད་ཀྱི་ཡོད།
སོག་པོའི་ཆོས་གྲོགས་ཚོར་དེ་རིང་ཤོད་རྒྱུ་གཙོ་བོ་ཞིག་ནི་སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་དགོས་པ་ནི་ང་རང་ཚོ་ཚང་མའི་དམིགས་ཡུལ་ཡིན་པ་དང་། དེ་ཡོང་བར་སེམས་ཞི་བདེ་ཡོང་བ་ཞིག་དང་། ཚང་མར་བརྩེ་བ་ཡོང་བ་ཞིག་ཡིན་ན་ཀུན་ལ་ཕན་གྱི་འདུག སོག་པོའི་ཆོས་གྲོགས་ཚོར་ཞུ་རྒྱུར། ཆོས་ཡོད་ན་རེད། མེད་ནའང་རེད། སོག་པོ་མང་ཆེ་བ་ནང་པ་རེད། དེའི་ནང་ནས་མང་ཆེ་བ་དགེ་ལུགས་པ་རེད། བཅོམ་ལྡན་འདས་ཀྱི་སེམས་འདུལ་ལུགས་གོང་དུ་ཞུས་པ་ལྟར་རེད། རྗེ་རིན་པོ་ཆེར་ཆ་བཞག་ན་ང་ཚོའི་ཨ་མདོ་བ་རེད། སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན།། ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱེད།། མགོན་པོ་ཁྱེད་ཀྱི་རླབས་ཆེན་མཛད་པ་ལ།། བདག་ཅག་བསམ་པ་ཐག་པས་ཡི་རང་ངོ་།། ཞེས་ང་ཚོས་ནམ་རྒྱུན་དགའ་ལྡན་ལྷ་བརྒྱ་མ་འདོན་དུས་རྗེ་རིན་པོ་ཆེའི་རྣམ་ཐར་ལ་རྗེས་སུ་ཡི་རངས་ཀྱི་ཚིག་འདི་ཐོན་ཡོང་གི་ཡོད། མང་དུ་ཐོས་པའི་ཡོན་ཏན་དང་། ཐོས་པའི་དོན་ལག་ལེན་ལ་བསྐྱལ་ཏེ་ཉམས་ལེན་དུ་སྦྱར་ནས་མང་ཐོས་སྒྲུབ་ལ་བརྩོན་ཟེར་བ་ནི་ཧ་ཅང་རྩ་ཆེན་པོ་རེད། ཁྱོད་རང་སོག་པོའི་ཆོས་གྲོགས་ཚོར་ཆ་བཞག་ན་ད་ལྟ་བཤད་པ་བཞིན་རྗེ་རིན་པོ་ཆེའི་སློབ་རྒྱུད་ཆགས་ཡོད་པས་རྗེ་རིན་པོ་ཆེའི་རྣམ་ཐར་ལ་རྗེས་སུ་ཡི་རངས་བྱེད་པ་དང་ཆབས་ཅིག་གང་དུ་རྗེས་སུ་ཡི་རངས་བྱེད་སའི་དོན་དེ་སོ་སོ་རང་ཉིད་ཀྱིས་ཀྱང་ལག་ལེན་དུ་སྐྱེལ་རྒྱུ་རྒྱུ་དང་། ཐོག་མར་གཞུང་ལ་སློབ་གཉེར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ནང་པ་སངས་རྒྱས་པའི་ཆོས་ནི། སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ།། ཞེས་སོགས་གསུང་པ་བཞིན་བསམ་བློ་བཏང་ནས་འགྲོ་དགོས་པ་མ་གཏོགས་སྐྱབས་སུ་མཆི་ཟེར་ནས་སྡོད་རྒྱུ་ཞིག་མ་རེད། དེར་བརྟེན། སོག་པོའི་ཆོས་གྲོགས་ཚོར་དམིགས་བསལ་གྱིས་འབོད་ཞུ་རྒྱུར། མང་དུ་ཐོས་པ་རྒྱ་ཆེར་བཙལ་བས་མཁས།། ཐོས་དོན་ཇི་བཞིན་རྒྱུད་ལ་སྦྱར་བས་བཙུན།། ཀུན་ཀྱང་བསྟན་འགྲོའི་དོན་དུ་བསྔོ་བས་བཟང་།། བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག། ཅེས་ནམ་རྒྱུན་སྨོན་ལམ་རྒྱག་བཞིན་པ་ལྟར་གཞུང་ལ་སློབ་གཉེར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
སྔོན་མ་ངོས་རང་སོག་ཡུལ་དུ་སླེབས་པའི་སྐབས་སུའང་བརྗོད་རྒྱུ་བྱུང་། དགོན་པ་ཚོས་འདོན་པ་བཏོན་ནས་སྡོད་རྒྱུ་གཅིག་པུ་མ་ཡིན་པར་དཔེ་ཆ་བལྟ་རྒྱུར་ཤུགས་རྒྱབ་ན་ཡག་པོ་འདུག ཁྱོད་རང་ཚོར་སྐད་བརྒྱབ་ནས་འདོན་པ་འདོན་རྒྱུ་ཡོད་པ་རེད། དཔེ་ཆ་བལྟ་རྒྱུ་གལ་ཆེན་པོ་འདུག་ཅེས་སྔོན་མ་ནས་འབོད་སྐུལ་བྱས་ཡོད། བར་སྐབས་གདན་ས་ལ་སོག་ཡུལ་ནས་གྲྭ་རྒྱུན་མང་པོ་ཡོད། དེ་དག་གིས་དཔེ་ཆར་བལྟས་ནས་ཡག་ཐག་ཆོད་འདུག སོག་པོ་རང་ལ་ཆ་གཞག་ནའང་གཞུང་ཆེན་སློབ་ཁྲིད་བྱེད་རྒྱུ་གལ་ཆེན་པོ་འདུག གདན་སར་ཡོད་པའི་སོག་པོ་ཚོ་རིམ་གྱིས་ཐོན་ཡོང་བའི་སྐབས་སུ་སོག་ཡུལ་དུ་ཁོང་ཚོར་དམིགས་བསལ་གྱི་འགན་སྤྲད་ནས་དཔེ་ཆ་ཁྲིད་དགོས། དཔེ་ཆ་ཁྲིད་སྐབས་བཤད་ལུང་ལྟ་བུ་ནམ་རྒྱུན་ཡག་པོ་རེད་དེ་དགེ་ལུགས་ལ་རྩོད་པ་དེ་ཧ་ཅང་གལ་ཆེན་པོར་བརྩི་བཞིན་འདུག ཆུང་ཆུང་སྐབས་ནས་བློ་རིགས་དང་རྟགས་རིགས་དང་། བསྡུས་གྲྭའི་རིགས་ལམ་ཆུང་འབྲིང་ཆེ་གསུམ་བསླབ་དགོས། ངོས་རང་ལ་ཆ་གཞག་ན་ཡོངས་འཛིན་བསྡུས་གྲྭ་དང་བློ་རིགས་དང་རྟགས་རིགས་ལ་བལྟས་པ་ཡིན། ཁྱོད་རང་ཚོ་སོག་པོའི་དགོན་པ་ཚོས་ཀྱང་རྟགས་གསལ་གཏོང་རྒྱུ་དེ་ཆུང་ཆུང་སྐབས་ནས་བསླབ་པ་ཡིན་ན་ཧ་ཅང་ཕན་ཐོགས་ཡོང་གི་རེད། ཀླད་པ་ཧ་ཅང་གྲུང་དུ་འགྲོ་བ་རེད། སོག་པོའི་མཁན་པོ་ཁོང་ལྟ་བུར་ཆ་བཞག་ན་མགོ་ཆེ་ཐག་ཆོད་འདུག མགོ་ཆེན་པོའི་ནང་གི་ཀླད་པ་དེ་དཀྲུགས་ནས་རྩོད་པ་རྩོད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བཅོམ་ལྡན་འདས་ཀྱི་བཀའ་ཞིག་ཡིན་ནའང་དྲང་དོན་དང་ངེས་དོན་གང་ཡིན་རྩད་གཅོད་བྱེད་རྒྱུ་ཡོད་པ་རེད། བཅོམ་ལྡན་འདས་ཀྱི་བཀའ་ལ་དྲང་ངེས་གཉིས་ཕྱེས་ཏེ་སྒྲ་ཇི་བཞིན་པ་ཁས་བླངས་དུ་རུང་བ་དང་མི་རུང་བ་དེ་ཚོ་ཧ་ལས་པ་རེད། དེ་ལྟ་བུའི་བཅོམ་ལྡན་འདས་ཀྱི་ཆོས་བརྒྱུད་ལ་དམིགས་བསལ་གྱིས་དོ་སྣང་དང་སློབ་སྦྱོང་བྱེད་མཁན་ནཱ་ལེནྡྲ་ཆགས་ཡོད། པ་ལཱའི་ཆོས་བརྒྱུད་ཀྱི་ནང་དུ་རྩོད་པ་རྩོད་རྒྱུ་ཡོད་པ་མ་རེད། ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ནང་དུ་ཚད་མ་རིག་པ་ཤུགས་ཆེན་པོ་སླེབས་ཀྱི་ཡོད་པས་དེའི་ནང་དུ་རྟགས་གསལ་གཏོང་རྒྱུ་ནི་བོད་རང་གི་དམིགས་བསལ་ཞིག་རེད། སངས་རྒྱས་ཀྱི་བསྟན་པ་ལ་བསྲེགས་བཅད་བརྡར་གསུམ་བྱེད་པ་ལ་ཕྱྭ་བ་ཆོས་སེང་གིས་སྲོལ་བཏོད་པའི་ཐལ་ཕྱིར་ཟེར་བའི་རྟགས་བསལ་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།
ངོས་རང་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་ལ་སླེབས་པ་རེད། དེའི་གོང་ལ་གདན་ས་ཚོའི་ནང་དུ་སོག་པོ་མང་པོ་ཡོད་པ་རེད། ལྷག་པར་དུ་སྒོ་མང་དུ་སོག་པོ་མཁས་པ་ཧ་ཅང་མང་པོ་ཡོད་པ་རེད། ངོས་ཀྱི་མཚན་ཞབས་དང་དོན་གྱིས་དགེ་རྒན་རང་རེད། རྒན་དངོས་གྲུབ་ཚོགས་གཉིས་ལ་ཆ་བཞག་ན་ལྷོ་སོག་ནས་ཕེབས་པའི་སེ་ར་བྱེས་ཀྱི་སོག་པོ་རེད། སོག་པོའི་མཁས་པ་མང་པོ་བྱུང་བ་རེད། ཁྱོད་རང་ཚོའི་མི་རབས་སྔོན་མ་ཚོའི་ནང་དུ་དཔེ་ཆ་བལྟས་ནས་མཁས་པ་མང་པོ་བྱུང་མྱོང་ཡོད། ངོོས་ནས་རྒྱུན་ང་ཚོ་དུས་རབས་ཉེར་གཅིག་པའི་ནང་པ་བྱེད་དགོས་པ་རེད་ཅེས་རྗོད་བཞིན་པའི་རྒྱུ་མཚན་ནི་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དེ་ལ་རིགས་པས་དཔྱད་པའི་ཐོག་ནས་ཡིད་ཆེས་དང་དད་པ། ཉམས་ལེན་བཅས་བྱས་པ་ཡིན་ན་དེ་དུས་རབས་ཉེར་གཅིག་པའི་ནང་པ་ཆགས་པ་རེད། དེ་མིན་ལུགས་སྲོལ་དང་མིས་དེ་ལྟར་བཤད་ཀྱི་འདུག་ཟེར་བ་ལྟ་བུ་ཡིན་ན་རྒྱ་མིས་བེད་སྤྱོད་གཏོང་བའི་ཚིག་དེ་སྡིག་ཅག་ཅིག་འདུག་སྟེ། རྨོངས་དད་ཟེར་བ་དེ་ཆགས་ཀྱི་ཡོད། བརྟག་དཔྱད་བྱས་ནས་རྒྱུ་མཚན་ཅི་ཡང་མེད་པར་སྐྱབས་སུ་མཆི་ཞེས་ཕྱིན་པ་ཡིན་ན་ཕལ་ཆེར་རྨོངས་དད་ཆགས་ཀྱི་ཡོད་པ་རེད། ཆོས་ཁོ་རང་རྨོངས་དད་མིན་ཀྱང་དོ་བདག་རང་ཉིད་ཀྱིས་སློབ་སྦྱོང་བྱས་ཏེ་གནད་འགག་མ་ཤེས་པར་སྐྱབས་སུ་མཆི་ཞེས་དད་པ་རྐྱང་བའི་ཐོག་ཕྱིན་པ་ཡིན་ན་ཕལ་ཆེར་རྨོངས་དད་ཆགས་ཀྱི་ཡོད། སངས་རྒྱས་པའི་ཆོས་ཀྱི་ངོ་བོ་རྨོངས་དད་མ་རེད། ལྷག་པར་དུ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་ཚོས་གཞི་དང་ལམ་དང་འབྲས་བུའི་རྣམ་གཞག་རིགས་པའི་ལམ་ནས་བཤད་ཡོང་བཞིན་ཡོད། གཞུང་དེ་ལྟར་ཡིན་པ་ལ་སོ་སོས་སློབ་སྦྱོང་མ་བྱས་པར་སྐྱབས་སུ་མཆི་ཞེས་ཕྱིས་སུ་ལམ་རིམ་ཉམས་ལེན་བྱེད་མཁན་ཚོས་བླ་མས་གང་གསུངས་པ་དེ་ཇི་མཛད་ལེགས་མཐོང་ཟེར་བའི་ཐོག་འགྲོ་བཞིན་འདུག དེ་ལ་ཏོག་ཙམ་ཐལ་ཆ་ཡོད་པ་རེད། བླ་མའི་གསུངས་པ་ཡིན་ནའང་དེ་ལ་དཔྱད་པ་བྱེད་པའི་ཐོབ་ཐང་ཡོད་པ་རེད། ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཟེར་བ་ཐལ་དྲགས་ན་ཡག་པོ་ཡོད་པ་མ་རེད། དེར་བརྟེན། སོག་པོའི་དགོན་པ་ཚོའི་ནང་དུ་ཕྱག་སྲོལ་ཡག་པོ་ཡོད་པ་རེད། དེའི་ཐོག་ལ་དཔེ་ཆ་བལྟ་རྒྱུར་ཤུགས་རྒྱོབས་ཞེས་བཤད་འདོད་བྱུང་།
སོག་པོའི་མི་མང་ཚོར་མཚོན་ནའང་དཔེ་ཆར་བལྟ་རྒྱུ་གྲྭ་པས་བྱེད་ཀྱི་རེད་ཟེར་བ་ལྟ་བུ་མ་བྱེད། ང་ཚོ་རྒྱ་གར་ལ་སླེབས་མ་ཐག་བོད་ལ་སྐད་ཟུར་དུ་ཡོད་པ་རེད། སྐད་ཡིག་དེའི་ནང་ནས་དོན་ཚན་མང་པོ་ཞིག་སློབ་སྦྱོང་བྱ་རྒྱུ་ཡོད་པས་ང་ཚོའི་སློབ་གྲྭའི་ནང་དུ་བོད་ཡིག་བསླབ་དགོས་ཀྱི་འདུག་ཅེས་པཎྜི་ཏ་ནེ་རུ་ལ་ཞུས་པར་ནེ་རུ་ནས་དེ་ལྟར་འགྲིག་གི་འདུག་ཅེས་ང་ཚོས་རྒྱ་གར་ནང་དུ་བཙུགས་པའི་སློབ་གྲྭ་ཚོའི་ནང་དུ་དཔེ་ཆ་ཁྲིད་ཆེད་ཆོས་དགེ་ཟུར་དུ་བཙུགས་ཡོད། སྐབས་རེར་ཆོས་དགེ་ཁོ་རང་ཚོས་དཔེ་ཆ་མ་ཤེས་པས་ལུགས་ཡོང་གྲབས་བྱེད་པ་མ་གཏོགས་ང་ཚོས་འཆར་གཞི་དེ་ལྟར་སྒྲིག་པ་རེད། དེ་བཞིན་ལོ་ཤས་ཤིག་ངོས་ཀྱིས་སློབ་གྲྭ་ཚོའི་ནང་དུ་མཚན་ཉིད་སྟེང་ནས་རྟགས་གསལ་གཏོང་རྒྱུར་མིག་དཔེ་སྟོན་ཐུབ་ན་ཡག་པོ་འདུག གདན་ས་ཚོའི་ཆོས་གྲྭའི་ནང་དུ་འགྲོ་རྒྱུ་ཁག་པོ་ཡོད་ཀྱང་གྲྭ་ས་སོ་སོའི་ཁུངས་ནས་སློབ་ཕྲུག་ཕོ་མོ་ཚོར་ཟླ་གཅིག་གཉིས་རིང་དུས་ཚོད་བཟོས་ནས་རྟགས་གསལ་གཏོང་རྒྱུ་སྦྱོང་ཐུབ་ན་ཡག་པོ་འདུག ཝ་ར་ན་སིར་མཐོ་སློབ་ཅིག་ཡོད་པ་དེར་ཁྱིམ་པ་ཕོ་མོ་ཚོས་སློབ་སྦྱོང་བྱེད་ས་ཞིག་ཆགས་ཀྱི་རེད། དེར་མཚན་ཉིད་སློབ་རྒྱུ་ཧ་ཅང་གལ་ཆེན་པོ་འདུག་ཅེས་ངོས་ཀྱིས་འབོད་སྐུལ་བྱས་མྱོང་། ཁྱོད་ཚོ་སོག་པོ་ཚོར་མཚོན་ནའང་ད་ལྟའི་དུས་ཚོད་འདིར་ཆོས་རྨོངས་དད་རེད་ཟེར་བ་དང་། ཆོས་ལ་དོགས་པ་བྱེད་པ་ཡོང་སྡོད་པའི་ཁ་ཐུག་དེར་དཔེ་ཆ ཡག་པོ་ཞིག་བལྟས། རིགས་ལམ་ཡག་པོ་ཞིག་སྦྱང་ནས་སངས་རྒྱས་པའི་ཆོས་ཀྱི་གཞི་དང་ལམ། འབྲས་བུའི་རྣམ་གཞག་ཡག་པོ་ཞིག་ཤེས་པ་ཡིན་ན་ཡག་པོ་ཡོད།
ངོས་ཀྱི་ཉམས་མྱོང་ལ་ཆ་བཞག་ན། ངོས་རང་རྒྱ་གར་ལ་སླེབས་ནས་རིམ་བཞིན་ཚན་རིག་པ་མང་པོར་ཐུག་པ་རེད། སྤྱིར་བཏང་ཚན་རིག་པ་ཚོས་ཆོས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་མ་རེད། ང་ཚོའི་དེ་རིགས་ལམ་གྱི་ཐོག་ནས་འགྲོ་རྒྱུ་ཞིག་ཆགས་ཡོད་པས་ཚན་རིག་པ་ཚོའི་ནང་དུ་དམིགས་བསལ་དོ་སྣང་བྱེད་མཁན་དང་དགའ་བོ་བྱེད་མཁན་ཡོང་གི་འདུག ལྷག་པར་དུ་སེམས་ཁམས་རིག་པར་ཆ་བཞག་ན་སངས་རྒྱས་པའི་གཞུང་དུ་སེམས་ཁམས་རིག་པ་ཧ་ཅང་ཞིབ་ཚགས་པོ་ཞིག་ཡོད། ནུབ་ཕྱོགས་པའི་ཤེས་ཡོན་གྱི་ནང་དུ་སེམས་ཁམས་རིག་པ་ཡོད་པ་མ་རེད། མི་སྐྱིད་དང་མ་སྐྱིད། ལུང་པར་ཞི་བདེ་ཡོང་དང་མ་ཡོང་ནི་གཙོ་བོ་སེམས་བཏུལ་མ་བཏུལ་ལ་ཐུག་ཡོད་པ་ཡིན་པས་སྐྱེ་བ་སྔ་ཕྱི་དང་། ཐར་བ་དང་ཐམས་ཅད་མཁྱེན་པའི་སྐད་ཆ་མིན་པར་མི་ཚེ་འདིར་འཆམ་པོ་ཡོང་བ་ཞིག་དང་། མཐུན་པོ་ཡོང་བ་ཞིག་ལ་ནང་པའི་སེམས་ཁམས་རིག་པ་གལ་ཆེན་པོ་འདུག་ཅེས་ངོས་འཛིན་གསར་པ་ཞིག་ཡོང་བཞིན་ཡོད། དེར་བརྟེན། ཁྱོད་ཚོ་སོག་པོར་ཆ་མཚོན་ན་གལ་ཆེན་པོ་བྱས་ཏེ་མཚན་ཉིད་ལྟ་རྒྱུ་ཡོད་པ་ཞིག་དང་། རྟགས་གསལ་ཡོད་པ་ཞིག་ངོས་ཀྱིས་བརྗོད་འདོད་བྱུང་། སྔོན་ལ་དགོན་པ་ཚོས་སློབ་སྦྱོང་ཡག་པོ་ཞིག་བྱོས། རིམ་བཞིན་སློབ་གྲྭ་ཚོའི་ནང་དུ་དམིགས་བསལ་ཆོས་དང་མ་འབྲེལ་བའི་རིགས་ལམ་གྱི་སྐོར་སློབ་སྦྱོང་བྱེད་རྒྱུ་ཡོད་པ་ཞིག་ལ་ངོས་ཀྱིས་སྨོན་ལམ་དང་རེ་བ་རྒྱག་གི་ཡོད་ལ་ཁྱོད་ཚོ་སོག་པོའི་ཆོས་གྲོགས་ཚོས་དེ་སེམས་ལ་ཞོག དེ་ཡིས་སོག་པོའི་རིག་གཞུང་གཏིང་ཟབ་པོ་ཞིག་ཡོད་པ་དེ་དུས་རབས་ཉེར་གཅིག་ནང་མུ་མཐུད་གནས་ཏེ་དུས་རབས་ཉེར་གཉིས་དང་ཉེར་གསུམ་ནང་སྡོད་ཐུབ་ཀྱི་རེད། དེ་ནས་འཛམ་གླིང་ཚ་དྲོད་དབང་གིས་འགྱུར་བ་ཞིག་འགྲོ་གི་རེད། གང་ལྟར་འཛམ་གླིང་འགྱུར་བ་མ་ཕྱིན་བར་དུ་ང་རང་ཚོའི་ནང་པ་ཚོས་སངས་རྒྱས་པའི་གཞུང་ཚན་རིག་དང་མཐུན་པ། རིགས་པའི་ལམ་ནས་གཏན་ལ་ཕབ་པ་ཡོད་པ་འདི་ལ་བདག་པོ་ཡག་པོ་ཞིག་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་འདུག སོག་པོའི་ཆོས་གྲོགས་ཚོས་འདི་དགོངས་པར་ཆོངས། ཞེས་སོག་ཡུལ་རྒྱལ་ཡོངས་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་དང་འབྲེལ་བཀའ་སློབ་སྩལ་བ་དང་།
དེ་རྗེས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་། བློ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱིས་གསོལ་འདེབས་ཞུས་ངོར་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད། སེམས་བསྐྱེད་ཆོས་འབྲེལ་ལེགས་པར་སྩལ་རྗེས་བློ་གླིང་སྤྲུལ་སྐུ་ལྷན་ཚོགས་ཀྱི་སྐུ་ཚབ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་རྗེ་ཆེ་དང་སྐུ་ཚེ་ཞབས་པད་བརྟན་པའི་གསོལ་འདེབས་ཞུས་མཚམས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། བར་སྐབས་ནད་ཡམས་འདི་རྒྱ་གར་ནང་དུ་ཤུགས་ཆེན་པོ་ཞིག་བྱུང་བ་རེད། ད་ལྟ་རིམ་བཞིན་དྲག་ཏུ་འགྲོ་བཞིན་པ་ལྟ་བུ་འདུག མོན་དང་ལ་དྭགས། བལ་ཡུལ་སོགས་སུ་ནད་ཡམས་དེས་ཏོག་ཙམ་རྙོག་དྲ་ཡོང་བཞིན་པ་ལྟ་བུ་རེད། དེར་བརྟེན། ནད་ཡམས་རིམ་བཞིན་ཞི་ཐུབ་པའི་ཆེད་དུ་གཙོ་བོ། ཨོཾ་འཁོར་བ་ལས་སྒྲོལ་ཏཱ་རེ་མ།། ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ།། ཏུ་རེས་ན་བ་རྣམས་ལས་སྒྲོལ།། ཞེས་གསུང་བ་བཞིན་སྒྲོལ་མའི་གཟུངས་སྔགས་བགྲང་བ་ཡིན་ན་ནད་ཡམས་ཞི་བར་ཕལ་ཆེར་རེ་བ་རྒྱག་ས་ཞིག་འདུག སྒྲོལ་མའི་གཟུངས་སྔགས་ཡི་གེ་བཅུ་བ་ག་ཚོད་ཐུབ་ཐུབ་ཞིག་བགྲང་བ་ཡིན་ན་དེས་ནད་པ་ཚོར་ནད་ཡམས་སེལ་བ་དང་། ཡུལ་ཁམས་སྤྱི་ལ་ཡིན་ནའང་ནད་ཡམས་དེ་ལྟ་བུ་རིམ་པས་མ་ཡོང་བར་ཕན་ཐོགས་ཡོད་པ་རེད། སྒྲོལ་མའི་གཟུངས་སྔགས་ནི་ཆོས་བརྒྱུད་འདྲ་མིན་གྱི་སྐད་ཆ་མ་རེད། ང་ཚོ་ཚང་མས་ནམ་རྒྱུན་བགྲང་བཞིན་ཡོད་པ་རེད། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པའི་ཡི་གེ་བཅུ་བའི་གཟུངས་འདི་ཁྱོད་ཚོ་ས་ཁུལ་དེ་དག་གི་མི་ཚོས་ག་ཚོད་ཡོང་ཡོང་ཞིག་བགྲང་ཐུབ་ན་དེས་ཕན་གྱི་རེད། ངོས་ལ་མོ་རྒྱག་རོགས་ཟེར་སྐབས་རྒྱུན་དུ་སྒྲོལ་མའི་གཟུངས་སྔགས་བགྲོངས་ཞེས་བཤད་ཀྱི་ཡོད། ཅེས་དང་། ངོས་རང་ལ་ཆ་བཞག་ན་ཞོགས་པ་ལྟར་ཐུབ་དབང་གི་སྐུ་པར་ཞིག་ཡོད། དེར་བསམ་བློ་གཏོང་ཞོར་སྒྲོལ་མའི་གཟུངས་སྔགས་མང་པོ་བསགས་ཀྱི་ཡོད། བརྒྱ་ཕྲག་ཁ་ཤས་ཤིག་སྤྱིར་འཛམ་གླིང་དང་ཡང་སྒོས་རྒྱ་གར་ནང་གི་ནད་ཡམས་འདི་མྱུར་དུ་ཞི་ཐུབ་པའི་སྨོན་ལམ་བརྒྱབ། ཕྲེང་སྐོར་གཅིག་ངོས་རང་ལ་ནད་ཡམས་མ་ཡོང་བའི་ཆེད་དུ་དམིགས་ནས་ཉིན་ལྟར་སྒྲོལ་མའི་གཟུངས་སྔགས་བསགས་ཀྱི་ཡོད། ཁྱོད་རང་ཚོས་ངོ་ཤེས་ཚང་མར་མངགས་ནས་སྒྲོལ་མའི་གཟུངས་སྔགས་གསོག་ཅེས་གནང་། ཞེས་བཀའ་སློབ་སྩལ་རྗེས་གཏིང་རག་མཎྜལ་ཕུལ་ཏེ་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་གྱི་ཆོས་འབྲེལ་ལེགས་པར་གྲུབ་ཡོད་པ་དང་། ས་ག་ཟླ་བའི་དུས་ཆེན་ཉིན་གྱི་ཆོས་འབྲེལ་འདི་བཞིན་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་གཙོས་འཛམ་གླིང་ཡུལ་གྲུ་གང་སར་བཞུགས་པའི་མི་རིགས་འདྲ་མིན་གྱི་བླ་སྤྲུལ་དགེ་བཤེས་དང་། སེར་སྐྱ་མི་མང་ཁྲི་ཕྲག་བརྒལ་བས་དྲ་ལམ་བརྒྱུད་ཞུས་ཡོད་པ་བཅས།།