༄༅། །ཕྱི་ལོ་ ༢༠༢༡ ཟླ་བ་ ༣ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སིང་ག་པོར་གྱི་བོད་བརྒྱུད་ནང་པའི་ཆོས་ཚོགས་ (Tibetan Buddhist Center, Singapore) གཙོས་པའི་ཚོགས་པ་ཁག་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་གྱི་ནང་པའི་ལྷག་པའི་བསླབ་པ་གསུམ་གྱི་བརྗོད་གཞིའི་ཐོག་ཉིན་གསུམ་རིང་གི་བགྲོ་གླེང་ཉིན་དང་པོར་དྲ་ལམ་བརྒྱུད་དབུ་བཞུགས་དང་བཀའ་སློབ་སྩལ་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་རྡ་རམ་ས་ལའི་བཞུགས་སྒར་གཟིམ་ཆུང་ནས་བཀའ་སློབ་གནང་ཡུལ་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་སིང་ག་པུར་བོད་བརྒྱུད་ནང་བསྟན་ཚོགས་པའི་ཚོགས་གཙོ་སྐུ་སྐྱེས་མ་ཝེ་ནེ་ (Miss Wee Nee) ལགས་ཀྱིས་རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་ངོ་སྤྲོད་དང་། བགྲོ་གླེང་ལྷན་ཚོགས་འདི་བཞིན་ཚོགས་པ་སྡེ་ཚན་བཅུ་གཉིས་ཀྱིས་ལྷན་དུ་གོ་སྒྲིག་ཞུས་སྐོར་དང་། ཉིན་གསུམ་རིང་གི་བགྲོ་གླེང་གཙོ་སྐྱོང་གནང་མཁན་རིམ་པར་སྙན་སེང་ཞུས་རྗེས་ཐའེ་ཝན་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དགེ་སློང་ཅིན་ཡའོ་(Ven Bhikshu Jing Yao)ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཤྲི་ལངྐའི་གནས་བརྟན་བགྲེས་པོ་(Makulewe)མ་ཁུ་ལེ་བེ་ཝི་སོགས་བགྲོ་གླེང་དུ་ཕེབས་པའི་སྐུ་མགྲོན་ཡོངས་ལ་འཚམ་འདྲི་ཞུས་རྗེས་གསུང་བཤད་གནང་དོན།
ང་རང་གི་ངོས་ནས་སྟོན་པ་ཐུགས་རྗེ་ཅན་གྱིས་བསླབ་པ་གསུམ་གསུངས་དགོས་པའི་དམིགས་ཡུལ་གཙོ་བོ་ནི། འགྲོ་བ་ཡོད་དོ་ཅོག་སྡུག་བསྔལ་དང་བྲལ་ཞིང་བདེ་བ་ལ་འགོད་པའི་ཐབས་བསྟན་པ་རེད་བསམ་གྱི་ཡོད། གང་ལགས་ཞེ་ན། འགྲོ་བ་མི་ལ་གནད་དོན་གལ་ཆེ་བ་གཉིས་ཡོད། མི་ཚེའི་ཁྲོད་དུ་ལུས་སེམས་དང་སྤྱི་ཚོགས་ཁོར་ཡུག་ལ་བརྟེན་ནས་མི་བདེ་བའམ་སྡུག་བསྔལ་འབྱུང་གི་ཡོད། མི་སོ་སོ་ལ་བརྟེན་ནས་བདེ་སྡུག་གི་ཚོར་བ་ཡང་མི་འདྲ་བ་འབྱུང་གི་ཡོད་པ་སྟེ། བསོད་ནམས་ཆེ་བ་རྣམས་སྡུག་བསྔལ་ཉུང་ལ། བསོད་ནམས་ཆུང་བ་རྣམས་སྡུག་བསྔལ་མང་བ་ཡིན། གཞན་ཡང་བསོད་ནམས་ཆེ་ཆུང་ལ་མ་ལྟོས་པར་མི་ཚེའི་མཐའ་མར་འཆི་དགོས་པ་ནི་ལྡོག་ཐབས་མེད་པ་ཞིག་རེད།
འཕགས་ལམ་ཡན་ལག་བརྒྱད་ནི་གོང་གི་གནད་དོན་ཆེན་པོ་གཉིས་སེལ་ཐབས་ཀྱི་ལམ་ཚུལ་མ་ནོར་བ་ཡིན། དང་པོ་ནི། དཀའ་ངལ་སྣ་མང་ལས་གྲོལ་སྟེ་རང་གཞན་ཀུན་ལ་མི་གནོད་མི་འཚེ་བ་དང་། གཉིས་པ་ནི། འཆི་བའི་དུས་སུ་མི་འཇིགས་པ་དང་། མི་སྐྲག་པ། ཅི་བྱ་གཏོལ་མེད་ཀྱི་ཚོར་སྣང་མི་འབྱུང་བ་བཅས་རེད། ཅེས་སོགས་གསུང་བཤད་གནང་།
དེ་ནས་རྒྱ་གར་གྱི་རྒྱལ་སྤྱིའི་ནང་པའི་མཉམ་མཐུན་ཚོགས་པའི་དྲུང་ཆེ་དགེ་སློང་དྷ་མ་པི་ཡ་(Ven Dr.Dammapiya)ལགས་ཀྱིས་འཚམ་འདྲི་དང་འབྲེལ་གསུང་བཤད་དོན། དེ་རིང་བསླབ་པ་གསུམ་གྱི་སྐོར་རེད། བརྗོད་སྟངས་མ་འདྲ་བ་ཡོད་ཀྱང་དོན་སྙིང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་རེད། གོམས་གཤིས་མ་འདྲ་བ་དང་ཡན་ལག་མ་འདྲ་བ་མང་པོ་ཡོད་ཀྱང་ང་ཚོའི་རྩ་བ་གཅིག་གྱུར་དང་། ང་ཚོའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དང་ཆོས་ནི་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་རེད། སྐད་ཡིག་མ་འདྲ་བ་དང་ཡུལ་ལུང་མ་འདྲ་བར་ང་ཚོས་ཆོས་འདི་ཉམས་ལེན་བྱེད་བཞིན་ཡོད་པ་རེད། གོང་དུ་ཞུས་པ་ལྟར་རྩ་བ་གཅིག་གྱུར་ཆགས་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དང་ལམ་སྟོན་འོག་འདི་ལྟ་བུའི་ཚོགས་འདུ་ཞིག་བྱུང་བར་བཀའ་དྲིན་ཆེ་ཞུ་འདོད་བྱུང་།
ང་ཚོ་ནང་པའི་རྗེས་འཇུག་རྒན་གཞོན་སུ་འདྲ་ཞིག་ཡིན་ཀྱང་། ཡང་ན་ནཱ་ལེནྡྲའི་ཆོས་བརྒྱུད་རྗེས་འབྲངས་པ་དང་། ཡང་ན་པཱ་ལིའི་ཆོས་བརྒྱུད་ཀྱི་རྗེས་འབྲངས་པ་རེད། ལོ་ཤས་གོང་ང་ཚོ་འདུལ་བའི་སྐོར་ལ་ཚོགས་འདུ་ཞིག་འཚོགས་རྒྱུ་བྱུང་། ང་རང་ཚོའི་འདུལ་བའི་སྐོར་ནས་བརྗོད་གཞིའི་ཐོག་ཕལ་ཆེར་འདྲ་མཚུངས་ཡིན་པ་ར་འཕྲོད་བྱུང་། གང་ལྟར་ཆོས་བརྒྱུད་མི་འདྲ་ཡང་སྙིང་དོན་གཅིག་མཚུངས་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྙིང་པོ་ནི་བསླབ་པ་གསུམ་གྱི་ནང་དུ་བསྡུ་ཐུབ་ཀྱི་ཡོད། ཕྱོགས་གཅིག་ནས་བཤད་ན་ནང་པའི་ཆོས་ནི་ཚན་རིག་རེད་ཅེས་བཤད་ཆོག་གི་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་མགོ་གང་ནས་བཙུགས་པ་རེད་ཅེ་ན་གཞི་དངོས་པོའི་གནས་ཚུལ་གཏན་ལ་ཕབ་པ་ནས་བྱུང་བ་རེད། དངོས་པོའི་ཡིན་ལུགས་ཇི་བཞིན་ཤེས་ནས་ཉམས་ལེན་བྱེད་རྒྱུ་གསུངས་ཀྱི་ཡོད་པས་ཚན་རིག་ལྟ་བུ་ཞིག་རེད། སྔོན་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱི་རྣམ་ཐར་དང་འབྲེལ་ནས་ཞུས་ན་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དེ་ཕོ་བྲང་ནང་ནས་མ་གཟིགས་པར་ཕྱི་ལ་ཕེབས་ནས་དངོས་ཡོད་དང་མཐུན་པའི་ཉམས་ལེན་བྱས་པ་ཡིན་པས་ཚན་རིག་དང་མཐུན་པ་རེད། རིམ་པ་གཉིས་པ་ནི་ཐོས་བསམ་གྱི་རིམ་པ་རེད། གཞིའི་གནས་ཚུལ་གཏན་ལ་ཕབ་རྗེས་བསམ་བྱུང་གི་ཤེས་རབ་སྐྱེས་ཆེད་དེ་ཅི་ལྟར་ཡོང་བའི་ཐད་ལ་ཞིབ་འཇུག་དང་གཤིབ་བསྡུར་བྱེད་ཀྱི་དོན་དམ་པའི་གནས་ཚུལ་ལ་འཇུག་རིམ་བཤད་ཡོད། དེར་བརྟེན། ནང་པའི་གཞུང་ནི་རྨོངས་དད་ཆགས་ཡོད་པ་མ་རེད་ཅེས་སོགས་གསུང་བཤད་གནང་བ་དང་།
དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་ནང་པའི་ཡུལ་གྲུ་ཁག་ཁ་ཤས་ཀྱི་གཙོ་བོ་འདུལ་བ་འཛིན་པ་ཚོ་ཚོགས་ནས་ངོས་རང་ལའང་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་བ་གཟི་བརྗིད་དང་ཧ་ཅང་དགའ་བོ་བྱུང་། ཁྱོད་རང་ཚོ་མུ་མཐུད་ནས་ཚོགས་སྡོད་ཀྱི་ཡོད་པས་གོ་བསྡུར་བྱེད་རྒྱུ་སོགས་ལྷུག་པོ་ཡོང་བའི་རེ་བ་ཡོད་ལ། གོ་བསྡུར་བྱེད་སྐབས། དཔེར་ན་ང་རང་ཚོས་གཞུང་ཆེན་ལ་བལྟ་བའི་སྐབས་སུ་དགག་གཞག་སྤང་གསུམ་ཞེས་གཞན་ལུགས་དགག་པ། རང་ལུགས་འཇོག་པ། དེ་ལ་རྩོད་པ་སྤོང་བ་ཞེས་སོ་སོའི་རང་ལུགས་གཞག་པ་དེ་གཅིག་པུ་མར་བཤད་པ་མིན་པར་མཐའ་ཆོད་པའི་ཆེན་དུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། དེར་བརྟེན། ཁྱོད་ཚོར་གོ་བསྡུར་ཞིབ་ཚགས་པོ་ཞིག་ཡོང་ཐུབ་པའི་རེ་བ་ཡོད།
གང་ལྟར་སངས་རྒྱས་པའི་ཆོས་དེ་ལོ་ ༢༥༠༠ ལྷག་ཕྱིན་པའི་ཆོས་བརྒྱུད་ཅིག་ཆགས་ཡོད། དེང་སང་འཛམ་གླིང་འདིར་དེ་སྔ་ནང་པ་མིན་པ་ཚོས་ཀྱང་བརྟག་དཔྱད་བྱེད་སྐབས་དམིགས་བསལ་ཞིག་ཡོད་པ་དང་། མདོར་ན་ཚན་རིག་པའི་ནང་ནས་ཀྱང་དོ་སྣང་བྱེད་མཁན་ཡོང་གི་འདུག ང་ཚོས་ནམ་རྒྱུན་ཐེག་པ་ཆེན་པོ་དང་ཐེག་པ་ཆུང་ངུ་ཞེས་བརྗོད་ཀྱི་ཡོད་པ་རེད། ཚིག་དེ་ཡག་པོ་མི་འདུག ངོས་ཀྱིས་ནམ་རྒྱུན་ལེགས་སྦྱར་གྱི་ཆོས་བརྒྱུད་དང་པཱ་ལིའི་ཆོས་བརྒྱུད་ཅེས་སྐད་ཡིག་གི་ཐོག་ནས་དབྱེ་བ་བྱེད་ཀྱི་ཡོད། པཱ་ལིའི་ཆོས་བརྒྱུད་ནང་དུ་འདུལ་བའི་ཉམས་བཞེས་དང་བསླབ་པ་གསུམ་གྱི་ཉམས་བཞེས་གཞི་རྩ་བྱས་ནས་ཡོང་གི་ཡོད་པ་རེད། དེ་བཞིན་ནཱ་ལེནྡྲའི་ལེགས་སྦྱར་གྱི་ཆོས་བརྒྱུད་ལ་ཆ་བཞག་ནའང་བསླབ་པ་གསུམ་གྱི་ཉམས་ལེན་དེ་གཙོ་བོ་རེད། སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་སོགས་ཚང་མ་དགེ་སློང་འདུལ་བ་འཛིན་པ་ཤ་སྟག་རེད། ང་རང་ཚོས་མིག་དཔེ་ལྟ་ས་ནི་བཅོམ་ལྡན་འདས་རེད། བཅོམ་ལྡན་འདས་ཁོང་ཡང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དང་། རང་བྱུང་གི་སྒོ་ནས་བསྙེན་པར་རྫོགས་ཏེ་ཆོས་བསྟན་ཡོང་སྐབས་འདུལ་བའི་ཉམས་ལེན་རྣམས་གཞི་མར་བཞག་པ་དེ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། དེ་ནས་གཞི་རྩ་དགེ་ཚུལ་དང་དགེ་བསྙེན་ཡོད་ཀྱང་གཙོ་བོ་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་དེ་མཆོག་ལ་བརྩི་གི་ཡོད། པཱ་ལིའི་གཞུང་གི་ནང་དུ་ཆ་བཞག་ནའང་འདུལ་བའི་ཉམས་ལེན་དེ་རྨང་གཞི་ཆགས་འདུག ལེགས་སྦྱར་གྱི་ཆོས་བརྒྱུད་ལ་ཆ་མཚོན་ནའང་འདུལ་བའི་ཉམས་བཞེས་དེ་གཙོ་བོ་ཆགས་ཡོད།
སྤྱིར་ངོས་རང་ལ་ཆ་བཞག་ན་མི་ཞིག་ཡིན་པའི་ཆ་ནས་འཛམ་གླིང་འདིར་བྱམས་བརྩེ་གོང་མཐོར་སྤེལ་རྒྱུ་དང་། དེ་ཡང་སྐྱེ་བ་སྔ་ཕྱི་དང་ཆོས་ལུགས་ཀྱི་སྐད་ཆ་མེད་པར་མི་བཟང་པོ་ཞིག་བྱེད་རྒྱུ་དེ་རིམ་པ་དང་པོར་བརྩི་བཞིན་ཡོད། རིམ་པ་གཉིས་པ་ནི་ངོས་རང་ཆོས་པ་ཞིག་རེད། ཆོས་པ་ཞིག་ཡིན་པའི་ངོས་ནས་འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་ཚང་མར་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་མིའི་སེམས་པ་བཟང་པོ་བྱེད་དགོས་པ་དང་། བྱམས་བརྩེ་ལྡན་པ་ཞིག་བྱེད་དགོས་པ་ཆོས་ལུགས་ཚང་མས་གསུངས་བཞིན་ཡོད། ལྟ་གྲུབ་མི་འདྲ་བ་ནི་ནཱ་ལེནྡྲའི་ཆོས་བརྒྱུད་རང་གི་ནང་དུའང་ཡོད་པ་རེད། དེར་བརྟེན། ལྟ་གྲུབ་མི་འདྲ་བ་རྣམས་ནི་ཁམས་དང་མོས་པ་མི་འདྲ་བ་ལ་བརྟེན་ནས་ཡོང་གི་ཡོད་པ་དང་། དེ་ཐམས་ཅད་ཀྱིས་བསླབ་བྱ་གཅིག་གྱུར་ཞིག་ལ་མི་སེམས་པ་བཟང་པོ་བྱེད་དགོས་པ་རེད། གཞན་ཕན་གྱི་ལྷག་བསམ་ཡོད་པ་ཞིག་དགོས་པ་རེད་ཅེས་གསུངས་ཡོད། འཛམ་གླིང་འདིའི་ཆོས་ལུགས་ལ་གཞི་རྩ་དུམ་བུ་གཉིས་སུ་བྱས་པ་ཡིན་ན་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་གཅིག་དང་། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་བརྒྱུད་གཅིག་བྱས་ཏེ་གཉིས་ཀར་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་། འཇིག་རྟེན་བཀོད་པ་པོ་འདོད་པ་ཚོས་འཇིག་རྟེན་བཀོད་པ་པོ་བྱམས་བརྩེའི་བདག་ཉིད་རེད། ང་ཚོ་ཚང་མ་བྱམས་བརྩེའི་བདག་ཉིད་དེས་བཀོད་པ་རེད་ཟེར་སྐབས་ཕ་ཡི་ཚོད་ལྟ་བུའི་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་དེ་བྱམས་བརྩེའི་བདག་ཉིད་ཡིན་དུས་ང་ཚོ་ཚང་མ་དཀོན་མཆོག་དེས་བཀོད་པའི་དཀོན་མཆོག་གི་སྲས་ལྟ་བུ་ཆགས་ཀྱི་ཡོད་པ་རེད། དེར་བརྟེན། ང་ཚོ་ཚང་མས་བྱམས་བརྩེ་ལྡན་པ་ཞིག་བྱེད་དགོས་ཀྱི་འདུག་ཅེས་ཟེར་བ་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་ཚང་མས་གསུང་བཞིན་འདུག ལྟ་གྲུབ་མི་འདྲ་བ་ཡོང་གི་ཡོད་པ་རེད།
ང་རང་ཚོ་སངས་རྒྱས་པའི་ཆོས་ལུགས་ནང་དུ་གོང་དུ་ཞུས་པ་ལྟར་ནཱ་ལེནྡྲའི་ཆོས་བརྒྱུད་དང་པཱ་ལིའི་ཆོས་བརྒྱུད་གཉིས་དེ་གཙོ་བོ་སཾ་སྐྲྀ་ཏ་དང་པཱ་ལིའི་སྐད་ལ་བརྟེན་མཁན་མི་འདྲ་བ་གཉིས་འདུག གང་ལྟར་པཱ་ལིའི་གཞུང་དེ་རྣམས་སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་ཆགས་ཡོད། ལེགས་སྦྱར་གྱི་ཆོས་བརྒྱུད་ལ་ཆ་བཞག་ནའང་གོང་དུ་ཞུས་པ་ལྟར་འདུལ་བའི་ཉམས་ལེན་རྨང་གཞི་རེད། དེ་ལ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ། ཕལ་ཆེན་སྡེ་པ། གནས་བརྟན་པའི་སྡེ་པ་སོགས་སྡེ་པ་མི་འདྲ་བ་ཁ་ཤས་ཡོད་པ་རེད། ང་ཚོ་བོད་ལ་ཡོད་ནི་ཕལ་ཆེར་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་རེད། རྒྱ་ནག་ལ་ཡོད་པ་ཆོས་སྲུང་བའི་སྡེ་པ་རེད། སྡེ་པ་མི་འདྲ་བ་ཡོད་ཀྱང་སོ་སོར་ཐར་བ་ང་ཚོ་ཚང་མར་གཅིག་པ་རེད།
པཱ་ལིའི་གཞུང་ནི་སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་ཆགས་ཡོད་པ་དང་། རྒྱ་གར་ལ་ནཱ་ལེནྡྲ་རིག་གཞུང་གི་ལྟེ་གནས་ཆགས་ཡོད་པ་རེད། སྐབས་དེར་རྒྱ་གར་ལ་ལེགས་སྦྱར་གྱི་སྐད་དེ་ཤེས་ཡོན་ཅན་གྱི་སྐད་ཆགས་ཡོད་པས་ནཱ་ལེནྡྲ་ནས་ནང་པའི་གཞུང་ལེགས་སྦྱར་སྐད་ཀྱི་ཐོག་ནས་འགྲོ་རྒྱུ་བྱུང་འདུག ང་ཚོ་བོད་ལ་དུས་རབས་བརྒྱད་པའི་ནང་དུ་མཁན་ཆེན་ཞི་བ་འཚོ་ནཱ་ལེནྡྲ་ནས་ཕེབས་ཡོད། ཆོས་ཁུངས་བཙུན་པ་དེ་རྒྱ་གར་རེད། སྐབས་དེར་བོད་རྒྱ་ནག་དང་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་རེད། རྒྱ་ནག་གི་ནང་པའང་མང་པོ་ཡོད་པ་རེད། ཡིན་ནའང་། ཁུངས་གཏུགས་ས་ནི་རྒྱ་གར་ཆགས་ཡོད་པས་བོད་ཀྱི་ཆོས་རྒྱལ་གྱིས་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་ཡོད། མཁན་ཆེན་ཞི་བ་འཚོས་ཁྱོད་རང་བོད་པ་ལ་སྐད་དང་ཡི་གེ་ཟུར་དུ་འདུག་པས་ལེགས་སྦྱར་དང་། པཱ་ལིའི་སྐད་བསླབ་མི་དགོས་པར་ལེགས་སྦྱར་གྱི་གཞུང་དང་པཱ་ལིའི་གཞུང་རྣམས་བོད་ཡིག་ནང་དུ་བསྒྱུར་ནས་ཐོས་བསམ་སྒོམ་བསམ་བྱས་ན་ཡག་པོ་ཡོང་གི་རེད་ཅེས་གསུངས་པ་རེད། དེར་བརྟེན། ང་ཚོའི་བཀའ་འགྱུར་པོ་ཏི་བརྒྱ་ཡོད་པའི་ནང་དུ་འདུལ་བའི་སྐོར་པོ་ཏི་བཅུ་གསུམ་དང་། མདོ་སྡེ་སྐོར་མང་པོ་ཡོད་པ་རེད། མངོན་པའི་སྐོར་ལས་ཤེར་ཕྱིན་གྱི་གཞུང་ཧ་ཅང་མང་པོ་ཡོད་པ་རེད། ཁྱོན་བསྡོམས་པོ་ཏི་བརྒྱ་ཡོད་པ་རེད། དེའི་དགོངས་འགྲེལ་ཀླུ་སྒྲུབ་དང་ཐོགས་མེད་སོགས་ཀྱིས་མཛད་པ་བོད་ཡིག་ནང་དུ་ཡོད་པ་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ཙམ་ཡོད་པ་རེད། དེ་ཚང་མ་བོད་སྐད་ནང་དུ་ཐོས་བསམ་སྒོམ་བསམ་བྱེད་བཞིན་པ་རེད།
དེང་དངོས་ཡོད་གནས་ཚུལ་ལ་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་མཁན་ཆེན་ཞི་བ་འཚོས་མཛུབ་སྟོན་ངོ་སྤྲོད་གནང་བའི་གཞུང་དེ་ཧ་ཅང་འདུས་ཆེན་པོ་རེད། གཉིས་ནས་མཁན་ཆེན་ཞི་བ་འཚོ་ཁོང་ཚད་མ་པ་དང་ཚད་མའི་གཞུང་ལ་མཁས་པ་རེད། ཁོང་གིས་ཚད་མའི་གཞུང་མཛད་ཀྱང་ཡོད་པ་རེད། དེར་བརྟེན། ང་ཚོའི་བོད་ལ་ཚད་མ་རིག་པའི་གཞུང་འདི་གལ་ཆེན་པོར་བརྩིས་འདུག ཚད་མ་རིག་པའི་ཐོག་ནས་འགྲོ་བཞིན་ཡོད་པས་བརྟག་དཔྱད་ཀྱིས་ལུང་ཙམ་ལ་བརྟེན་པ་མ་ཡིན་པར་རིགས་པ་ལ་བརྟེན་ནས་འགྲོ་དགོས་པ་ཞིག་རེད། ཚད་མ་རིག་པའི་གཞུང་ལ་བརྟེན་པ་ཡིན་ན་དཔྱད་པ་བྱས་ནས་འགྲོ་དགོས། སྤྱིར་བཏང་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱིས་ཚད་མའི་གཞུང་དང་མཐུན་པ་བྱས་ནས་འགྲེལ་བཤད་སྐྱོན་གྱི་ཡོད་པ་རེད། དམིགས་བསལ་དུ་སློབ་དཔོན་ཕྱོགས་གླང་གི་ཚད་མ་ཀུན་བཏུས་དང་། ཆོས་གྲགས་ཀྱིས་རྣམ་འགྲེལ་རྩ་བ་མཛད་ཡོད་པ་དེ་ང་ཚོའི་བོད་ལ་སློབ་སྦྱོང་བྱེད་པའི་གཞུང་གཙོ་བོ་ཞིག་ཆགས་ཡོད། ངོས་རང་ལ་ཆ་བཞག་ན་ཆུང་ཆུང་སྐབས་ལོ་བདུན་བརྒྱད་ནས་ཚད་མའི་གཞུང་གི་ཐོག་མའི་རྟགས་གསལ་འགྲོ་བ་ལ་རྟགས་རིགས་བསླབ་ནས་འགྲོ་བ་དང་། དེ་དང་ཆབས་ཅིག་བློ་རིག་རེད། ང་ཚོ་བོད་ལ་ཚད་མའི་གཞུང་ལ་དོ་སྣང་ཆེན་པོ་བྱས་འདུག ཚད་མའི་གཞུང་འདི་གལ་ཆེན་པོ་རེད། དེང་གི་དུས་སུ་ཚན་རིག་ཧ་ཅང་ཡར་རྒྱས་ཕྱིན་ཡོད་པ་རེད། ཚན་རིག་གིས་ནམ་རྒྱུན་བརྟག་དཔྱད་ཀྱི་ལམ་ནས་འགྲོ་བཞིན་ཡོད་པས་ལུང་ཙམ་ལ་སྐྱབས་སུ་སོང་ན་དཀའ་ངལ་ཡོད་པ་རེད། བཅོམ་ལྡན་འདས་ཀྱིས། དགེ་སློང་དག་དང་མཁས་རྣམས་ཀྱིས།། བསྲེག་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་གསུངས་འདུག ཅེས་པཱ་ལིའི་ཆོས་བརྒྱུད་འཛིན་གནང་མཁན་ཚོས་ཀྱང་ཚད་མའི་གཞུང་ལ་ཐུགས་སྣང་གནང་ཐུབ་ན་ཡག་པོ་ཡོད་པ་རེད། ཅེེས་སོགས་བཀའ་སློབ་སྩལ་བ་དང་།
དེ་རྗེས་ཤྲི་ལངྐའི་མཁན་ཆེན་དགེ་སློང་མ་ཁུ་ལེ་བེ་ཝི་མ་ལ་(Makulewe Wimala)ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་གསུང་བཤད་གནང་མཁན་དང་ཚོགས་ཞུགས་པ་དང་སྐུ་མགྲོན་སོགས་ལ་འཚམ་འདྲི་དང་འབྲེལ་རབ་བྱུང་ཞིག་ཡིན་པའི་ཆ་ནས་གུས་པར་གཞན་ལ་མི་ཚེ་དོན་དང་ལྡན་པར་སྐྱེལ་རྒྱུའི་ལམ་སྟོན་བྱ་རྒྱུའི་ལས་འགན་ཡོད། མི་ཚེ་དོན་ལྡན་ཡོང་བ་ལ་བསླབ་པ་གསུམ་གྱི་ཉམས་ལེན་གྱི་ཕན་ནུས་ཆེན་པོ་ཡོད། ཅེས་དང་། ཐར་པར་བགྲོད་པའི་ལམ་མམ་པཱ་ལིའི་སྐད་དུ་མ་ཇཱི་མ་པཊི་པདཱའམ་ (Majjhimāpaṭipadā) དབུ་མའི་ལམ་ (middle way) དང་སངས་རྒྱས་ཀྱིས་གསུངས་པའི་འཕགས་ལམ་ཡན་ལག་བརྒྱད་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བདག་ཉིད་དུ་གྲུབ་པ་ཡིན།(virtue/discipline) ཚུལ་ཁྲིམས་ཞེས་པ་ནི་ལུས་ངག་དག་པར་བྱེད་ལ། ཏིང་ངེ་འཛིན་ནི་སེམས་ཀྱི་བསླབ་པ་ཡིན། ཤེས་རབ་ཅེས་པ་གཞི་དངོས་པོའི་གནས་ལུགས་དོན་དམ་པ་དེ་ངེས་པའི་ཤེས་རབ་ལ་གོ་བ་ཡིན། བདག་ཅག་གི་སྟོན་པ་སངས་རྒྱས་ཀྱིས་ཐར་པ་ཆེན་པོའི་མདོ་ལས། ཚུལ་ཁྲིམས་རྩ་བར་གྱུར་པའི་ཏིང་ངེ་འཛིན་ནི་འབྲས་བུ་ཤིན་ཏུ་ཆེ་བ་ཡིན། ཞེས་གསུངས་པ་ལྟར་ཚུལ་ཁྲིམས་ཀྱིས་ཏིང་ངེ་འཛིན་སྐྱེ་བའི་གྲོགས་བྱེད་པ་ཡིན། ཏིང་ངེ་འཛིན་གཞིར་བྱས་ནས་གྲུབ་པའི་ལམ་གྱི་བདེན་པ་དང་དེའི་འབྲས་བུ་ (འགོག་པ།) གཉིས་ཀྱི་ཕན་ཡོན་ནི་ཤིན་ཏུ་ཆེ་བ་ཡིན། ཏིང་ངེ་འཛིན་ལ་བརྟེན་ནས་ཐར་པ་འཐོབ་པར་གསུང་གི་ཡོད།
སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་ཤེས་རབ་རྩ་བར་གྱུར་པའི་སེམས་ཀྱིས་འཁོར་བའི་འཆིང་བ་ལས་གྲོལ་ནས་ཐར་པ་(པཱ་ལིའི་ལུགས་འཛིན་པ་དག་གིས་ཐར་པ་ལ་enlightenment ཞེས་པའི་ཐ་སྙད་དེ་བེད་སྤྱོད་བྱེད་ཀྱི་འདུག) དང་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གསུངས་ཡོད། དེས་ན་ཚུལ་ཁྲིམས་ལ་བརྟེན་ནས་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་བརྟན་པོ་ལ་བརྟེན་ནས་སྒྲིབ་པ་དག་བྱེད་ཀྱི་ཤེས་རབ་བསྐྱེད་པ་ཡིན། ཞེས་སོགས་གསུང་བཤད་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲི་བ་ཁག་གཅིག་ལ་བཀའ་ལན་མཛད་རྗེས་མཛད་རིམ་ལེགས་པར་གྲུབ་ཡོད་པ་བཅས།།