༄༅། །ཕྱི་ལོ་ ༢༠༢༡ ཟླ་བ་ ༢ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ཉེན་རྟོག་པའི་ཚོགས་པས་གསོལ་འདེབས་ཞུས་དོན་ལྟར་ཉེན་རྟོག་པའི་ལས་འགན་ནང་དུ་གཞན་གྱི་སྡུག་བསྔལ་ལ་སེམས་ཁུར་དང་བྱམས་བརྩེ་ཞེས་པའི་བརྗོད་གཞིའི་ཐོག་དྲ་ལམ་བརྒྱུད་བཀའ་སློབ་སྩལ་ཡོད་པ་རེད།
དེ་ཡང་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༩ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་བཀའ་སློབ་གནང་ཡུལ་དུ་ཆིབས་སྒྱུར་གྱིས་རྒྱ་གར་གྱི་ཉེན་རྟོག་པ་རྣམས་ལ་ཉེན་རྟོག་པའི་ལས་འགན་ནང་གཞན་གྱི་སྡུག་བསྔལ་ལ་སེམས་ཁུར་དང་བྱམས་བརྩེ་ཞེས་པའི་བརྗོད་གཞིར་བཀའ་སློབ་སྩལ་དོན། ངོས་རང་དེ་རིང་རྒྱ་གར་གྱི་ཉེན་རྟོག་པ་དང་ལྷན་དུ་སྐད་ཆ་བཤད་རྒྱུ་དང་བསམ་ཚུལ་བརྗེ་ལེན་བྱ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་། ངོས་རང་ཧ་ལམ་མི་ཚེ་གང་པོར་ཉེན་རྟོག་པ་དང་ལྷན་དུ་མི་ཚེ་བསྐྱལ་བ་ཡིན། བོད་ནང་ལོ་དགུ་རིང་རྒྱ་མིའི་ཉེན་རྟོག་པ་དང་དེ་ནས་རྒྱ་གར་གྱི་ཉེན་རྟོག་པའི་སྲུང་སྐྱོབ་འོག་བསྡད་པ་ཡིན། ཕྱོགས་གཉིས་ཀའི་ངོས་རང་ལ་སྲུང་སྐྱོབ་གནང་གི་ཡོད་པ་དོ་སྣང་བྱུང་། འོན་ཀྱང་། རྒྱ་ནག་དམར་ཤོག་གི་ཉེན་རྟོག་པ་ཚོར་ལས་འགན་གཉིས་ཡོད་པ་ལྟ་བུ་འདུག གཅིག་ནི་ངོས་རང་སྲུང་སྐྱོབ་བྱེད་རྒྱུ་དང་གཉིས་ནི་ངོས་ལ་སོ་མྱུལ་བྱེད་རྒྱུའི་ལས་འགན་རེད་འདུག རྒྱ་གར་འཕགས་པའི་ཡུལ་གྱི་ཉེན་རྟོག་པ་མཚོན་ན་ལྷག་བསམ་རྣམ་དག་རེད། རྒྱ་ནག་ནི་འཛམ་གླིང་ནང་ནས་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ནའང་རང་དབང་མེད། གནའ་རབས་ཀྱི་རིག་གཞུང་ཡང་ཕྱུག་པོ་ཡོད་པ་མ་ཟད། ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་ནི་ནང་པའི་རྒྱལ་ཁབ་ཅིག་ཀྱང་ཡིན། འོན་ཀྱང་། ད་ཆ་འགྱུར་བ་ཆེན་པོ་ཕྱིན་ཡོད།
དེ་ལས་ལྡོག་སྟེ་རྒྱ་གར་ནི་འཛམ་གླིང་ནང་མི་འབོར་མང་ཤོས་གཉིས་པ་ཡིན་པ་མ་ཟད། མང་ཚོགས་ཁྲོད་རང་དབང་ངོ་མ་དང་མང་གཙོ་ཚད་ལྡན་ཡོད། འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་ཚང་མ་རྒྱ་གར་ནང་འཆམ་མཐུན་དང་མཐུན་སྒྲིལ་ངང་གནས་ཀྱི་ཡོད། ངོས་རང་རྒྱ་གར་ཁ་ཆེ་པ་ཚོ་དང་ལྷན་དུ་ཐུག་འཕྲད་སྐབས་ཁ་ཆེའི་ཆོས་ནང་སུན་ནི་ Sunni དང་ཤི་ཡ་ Shia ཟེར་ནས་གཉིས་ཡོད། རྒྱ་གར་ནང་དེ་གཉིས་དབར་འཐེན་འཁྱེར་དང་ཕན་ཚུན་འཁོན་འཛིན་གྱི་རྣམ་པ་ཡོད་པ་མི་འདུག རྒྱ་གར་ནང་ལོ་ངོ་སྟོང་ཕྲག་གོང་ནས་ཡོད་པའི་བསམ་བློའི་གོམས་གཤིས་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་ལྟ་གྲུབ་འདི་བཞིན་སྔར་ནས་དར་ཡོད་སྟབས་རྒྱ་གར་ནང་མང་གཙོའི་ལམ་ལུགས་རན་པོ་ཡོད། ཆོས་ལུགས་ཆ་ཚང་ལ་གུས་ཞབས་ཡོད། རྒྱ་གར་ལྷོ་དང་བྱང་གཉིས་ལ་སོགས་པ། གཞན་ཡང་ས་གནས་འདྲ་མིན་ལ་སྐད་དང་ཡི་གེ་མི་འདྲ་བ་ཡོད་ནའང་རྒྱ་གར་རྒྱལ་ཁབ་སྤྱི་ཡོངས་མང་གཙོའི་ལམ་ལུགས་འོག་མཐུན་སྒྲིལ་ངང་གནས་ཀྱི་ཡོད། དེ་ཡང་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་ཉམས་ལེན་ཡོད་པའི་ཐོག་ནས་འཆམ་མཐུན་དང་མཐུན་སྒྲིལ་ངང་གནས་ཐུབ་ཀྱི་ཡོད་པར་བརྟེན་རྒྱ་གར་ནི་འཛམ་གླིང་གི་རྒྱལ་ཁབ་གཞན་ལ་མིག་དཔེ་བཟང་པོ་ཞིག་མཚོན་ཐུབ། རྒྱ་གར་གྱ་གནའ་རབས་ཀྱི་རིག་གཞུང་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་ལྟ་གྲུབ་ཉམས་ལེན་བྱས་པའི་ཐོག་ཏན་ཏན་གོ་ལ་སྤྱི་ཡོངས་ལ་འཆམ་མཐུན་གནས་ཐུབ་ངེས་ཡིན། ད་ཆ་རྒྱ་གར་བ་ནི་ལྟ་གྲུབ་དེ་དག་སྲུང་སྐྱོབ་བྱེད་མཁན་ཞིག་ཆགས་ཡོད།
ངོས་རང་དེ་རིང་རྒྱ་གར་གྱི་ཉེན་རྟོག་པ་དང་ལྷན་བཀའ་མོལ་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ག་དུས་ཡིན་ཡང་ངོས་རང་རྒྱ་གར་གྱི་ཉེན་རྟོག་པ་དང་ཐུག་འཕྲད་སྐབས་སེམས་ནང་ཞེད་སྣང་སླེབས་ཀྱི་མི་འདུག ངོས་རང་སྔ་དྲོར་ཐོག་ནས་ལྟ་སྐབས་འོག་ལ་ཉེན་རྟོག་པ་ཡོད། ཁོང་རྣམས་ལ་ངོས་ཀྱིས་འཚམས་འདྲི་དང་འབྲེལ་བསྟན་བཤིག་སློང་གི་ཡོད། ཉེན་རྟོག་པས་རྒྱ་གར་གྱི་རིག་གཞུང་འཆེ་མེད་ཞི་བ་དང་བྱམས་སྙིང་རྗེའི་ལྟ་གྲུབ་ཉམས་ལེན་བྱས་པའི་ཐོག་ཉིན་མཚན་དུས་གསུམ་ངོས་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད། དེར་བརྟེན། རྣམ་པ་ཚོའི་ལྟ་གྲུབ་དེ་དག་ཉམས་ལེན་བྱེད་དགོས་པ་དང་། ལྷག་པར་བྱམས་སྙིང་རྗེ་ལ་དོ་སྣང་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། ངོས་རང་རྒྱ་གར་གྱི་གྲོགས་པོ་སུ་འདྲ་ཞིག་དང་ཐུག་འཕྲད་སྐབས་དེའི་སྐོར་་ཡང་ཡང་བཤད་ཀྱི་ཡོད། དེ་རིང་ཡང་ཁྱེད་རང་ཚོར་བཤད་ཀྱི་ཡོད།
རྒྱ་གར་ནི་འཛམ་གླིང་གི་རྒྱལ་ཁབ་ནང་ནས་མང་གཙོ་ཆེ་ཤོས་གྲས་ཡིན། རྒྱལ་ཁབ་སྲུང་སྐྱོབ་ཞེས་ཟེར་དུས་མཐའ་མཚམས་སྲུང་སྐྱོབ་མིན་པར། སོ་སོའི་གནའ་བོའི་རིག་གཞུང་དེ་དག་སྲུང་སྐྱོབ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེས་རྒྱལ་ཁབ་སྲུང་སྐྱོབ་བྱེད་པ་དང་གཅིག་མཚུངས་ཡིན། ད་ཆ་རིག་གཞུང་དེ་དག་འཛམ་གླིང་སྤྱི་ལ་དགོས་ཀྱི་ཡོད། དེང་རབས་ཀྱི་ཤེས་ཡོན་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་ཐོག་ནས་རང་སོ་སོའི་རྒྱལ་ཁབ་ནང་སྔར་ནས་ཡོད་པའི་གནའ་རབས་རིག་གཞུང་ཕྱུག་པོ་རྣམས་ངེས་པར་སྲུང་སྐྱོབ་བྱེད་དགོས། ཞེས་སོགས་བཀའ་སློབ་སྩལ་རྗེས། ཉེན་རྟོག་པ་རྣམས་ཀྱི་བཀའ་འདྲི་ཁག་ལ་བཀའ་ལན་སྩལ་ཡོད་པ་བཅས།