༄༅། །ཕྱི་ལོ་ ༢༠༢༡ ཟླ་བ་ ༡ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་ཀོ་རི་ཡའི་ནང་པ་གཙོས་འཛམ་གླིང་ཡུལ་ཕྱོགས་གང་སར་བཞུགས་པའི་དད་ལྡན་རྣམས་ལ་་ཤེས་རབ་སྙིང་པོའི་བཀའ་ཆོས་འཕྲོ་སྐྱོང་གནང་ཡོད་པ་དང་།
དེ་ཡང་བཞུགས་ཁྲིར་འཁོད་མཚམས་ཀོ་རི་ཡའི་དགེ་སློང་Ven. Jin-Ok ལགས་ཀྱིས་རང་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ཀོ་རི་ཡའི་ཆོས་གྲོགས་ཚོར་ཉིན་གཉིས་པར་ཆོས་འབྲེལ་གྱི་གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་བོ་རེད། ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་མང་ཆེ་བས་གཞུང་དེ་འདོན་གྱིན་ཡོད་རེད། བོད་པ་དང་སོག་པོ། ཝེ་ཐི་ནེམ། རྒྱ་ནག་ ཉི་ཧོང་། ཀོ་རི་ཡ་བཅས་ང་ཚོ་ཚང་མ་ཤེས་རབ་སྙིང་བོ་འདོན་མཁན་གྱི་ཆོས་གྲོགས་གཅིག་གྱུར་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས། བདེན་བཞིའི་ཆོས་འཁོར་གསུང་དུས། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ་ཞེས་། སྡུག་བསྔལ་གྱི་རྒྱུ་ཡོད་མེད་བསམ་བློ་བཏང་། རྒྱུ་དེ་ངོ་འཕྲོད་པ་བྱུང་ན་སེམས་རང་བཞིན་གྱིས་འོད་གསལ་བ་དང་། སེམས་ཀྱི་རང་བཞིན་ལ་དྲི་མས་བསླད་པ་མེད་པས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་བོ་ཅན། ཞེས་གསུངས་པ་ལྟར། སེམས་གསལ་རིག་ལ་དྲི་མས་བསླད་པ་མེད་པ། དྲི་མ་དག་གློ་བུར་བ་ཡིན་པ། སེམས་རང་བཞིན་གྱིས་འོད་གསལ་བ་ལ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བློ་ཡི་སྐྱོན་རིགས་མཐའ་དག་འབྲལ་རུང་དུ་ཡོད་པར་གསུངས་པ་རེད། ནཱལེནྡའི་མཁས་པའི་དབང་པོ་དག་གིས་དྲི་མ་སེམས་ཀྱི་རང་བཞིན་ལ་ཞུགས་མེད་པ་དང་། དྲི་མ་གློ་བུར་བར་གསུངས་ཡོད་རེད། དྲི་མ་གློ་བུར་བ་ཉིད་དང་། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །བྷཞེས་སེམས་ཀྱི་རང་བཞིན་རང་བཞིན་གྱིས་མ་གྲུབ་པ་དང་དེའི་གནས་ལུགས་རྗེན་པར་རྟོགས་པ་ཞིག་རང་ཆས་སུ་ཡོད་པ། སེམས་སྟེང་གི་དྲི་མར་གཉེན་པོ་སྐྱེས་ནས་ཤུགས་ཆུང་བར་ཕྱིན་པ་དང་སེམས་ཀྱི་ཡོན་ཏན་གནས་དང་གནས་མིན་མཁྱེན་པའི་སྟོབས་སོགས་ཀྱང་རང་བཞིན་གྱིས་འཆར་བ་ཡོད་པར་གསུངས་པ་རེད། ཅེས་སོགས་བཀའ་སློབ་དང་ཉིན་གཉིས་པའི་གསུང་ཆོས་གྲུབ་མཚམས་དགེ་འདུན་པ་དང་སྒྱུ་རྩལ་བ་བཅས་ལས་རིགས་འདྲ་མིན་གྱི་ཆོས་ཞུ་བའི་དྲི་བ་ཁག་ལྔ་ལ་བཀའ་ལན་དང་སང་ཉིན་སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་སྩལ་རྒྱུ་ཡིན་པ་བཀའ་གནང་ཡོད་པ་རེད། དེ་ཡང་ཆོས་ཞུ་བའི་དྲི་བ་ཁག་ལ་བཀའ་ལན་སྩལ་བ་གཤམ་གསལ།
དྲི་བ། སྒོམ་རྒྱག་དུས་བདག་ལ་ཆགས་པའི་བདག་ཆགས་སྐྱེ་བར་བཤད་འདུག་པ་དེ་དངོས་གནས་ཡིན་ནམ། གལ་ཏེ་ཡིན་ན་སྒོམ་དེ་ལམ་ཡང་དག་པ་ཡིན་མིན་གསུང་རོགས།
བཀའ་ལན། བདག་ལ་བརྩེ་བ་དེ་རང་བཞིན་གྱིས་ཡོང་གི་རེད། བདག་ལ་བརྩེ་བ་ཡོད་ནས་བདག་སྡུག་བསྔལ་མཐའ་དག་ལས་བྲལ་བ་དང་། ཡོན་ཏན་མཐའ་དག་དང་ལྡན་པར་བྱེད་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐོག་མར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་ཚོགས་བསགས་ཞེས་གཞན་དོན་སྒྲུབ་པ་ལ། སྔོན་ལ་རང་གི་ངོས་ནས་གཞན་དོན་སྒྲུབ་པ་ལ་ནུས་པ་ཡོད་དགོས་པར་གཟིགས་ནས། བཅོམ་ལྡན་འདས་རང་ཉིད་ཀྱིས་ཀྱང་ཚོགས་གཉིས་ལ་བསླབས་ནས། བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་བསགས་པར་བཤད་ཡོད། དེར་བརྟེན། བདག་ལ་ཆགས་པ་དང་བདག་ལ་བརྩེ་བ་གཉིས་ལ་ཁྱད་པར་འཇོག་ཐུབ། ཆགས་པ་ཞེས་པ་དེ་བདེན་འཛིན་དང་འབྲེལ་བའི་ཐོག་ནས་ཕྱིན་པ་ཡིན་ན་ཉོན་མོངས་པའི་ཆགས་པ་ཡིན། བདག་ལ་ཆགས་པ་སྟེ། འགྲོ་ལ་ཆགས་པས་ཀུན་ཆགས་མཛད།། ཅེས་པའི་ཆགས་པ་དེ་བརྩེ་བ་ཡིན། བརྩེ་བ་དེ་ཉོན་མོངས་དང་འབྲེལ་བ་མིན་པས། དེའི་ཐོག་ནས་བསམ་བློ་གཏོང་རྒྱུ་ཡོད། འགྲོ་ལ་ཆགས་པས་ཀུན་ཆགས་མཛད།། འཕགས་པ་ཐོགས་མེད་སྐྱོབ་ཉིད་ཀྱིས།། མི་ཕམ་མགོན་ལ་གསན་ནས་ནི།། བསྟན་བཅོས་ཆེན་པོའི་རྣམ་བཤད་མཛད།། ཅེས་པའི་བདག་ལ་བརྩེ་བ་དེ་མེད་ན་གཞན་ལ་བརྩེ་བ་ཡོང་གི་མ་རེད། དེར་བརྟེན། སངས་རྒྱས་བཅོམ་ལྡན་འདས་ཁོ་རང་ལ་ཆ་བཞག་ཀྱང་། གྲངས་མེད་གསུམ་གྱི་ཚོགས་གསོག་པའི་སྐབས་སུ། སྔོན་ལ་རང་དོན་དོན་གཉེར་གྱི་བློ་དང་འབྲེལ་ནས་གཞན་དོན་དོན་གཉེར་གྱི་བློ་སྐྱེས་ཡོད་པས། བདག་ལ་ཆགས་པ་ཞེས་པ་དེ་ཉོན་མོངས་དང་འདྲེས་པའི་ཆགས་པ་དེ་མིན་པར་བརྩེ་བ་ལ་བཤད་ན་གོ་རྒྱུ་འདུག
དྲི་བ། སློབ་མ་ཞིག་རང་གི་དགེ་བའི་བཤེས་གཉེན་དང་ཁ་བྲལ་དུས་སློབ་མ་དེ་ལ་གལ་ཆེ་ཤོས་གང་ཡིན་ནམ།
བཀའ་ལན། སྔོན་ལ་དགེ་བའི་བཤེས་གཉེན་ཟེར་བ་དེ་རྗེ་རིན་པོ་ཆེའི་ལམ་རིམ་ཆེན་མོའི་ནང་ལ། རང་མ་དུལ་བར་གཞན་འདུལ་བའི་གནས་མེད་པས། གཞན་རྒྱུད་འདུལ་བར་བྱེད་པ་ལ་ཐོག་མར་རང་རྒྱུད་དུལ་བ་ཞིག་དགོས་སོ།། རང་གི་རྒྱུད་འདུལ་ལུགས་དེ་ཡང་གང་བྱུང་བྱུང་གི་སྒྲུབ་པ་བྱས་ནས་རྟོགས་པའི་ཡོན་ཏན་དུ་མིང་དུ་བཏགས་པ་རེ་ཡོད་པས་མི་ཕན་གྱི། རྒྱལ་བའི་བསྟན་པ་སྤྱི་དང་མཐུན་པའི་རྒྱུད་འདུལ་ལུགས་ཤིག་དགོས་སོ།། དེ་ནི་བསླབ་པ་རིན་པོ་ཆེ་གསུམ་དུ་ངེས་པས་དུལ་བ་ལ་སོགས་པ་གསུམ་གསུངས་སོ་ཞེས་གསུངས་ཡོད།
དེར་བརྟེན། དགེ་བའི་བཤེས་གཉེན་ཟེར་བ་དེ་སློབ་མ་ལ་ལམ་ཡང་དག་པ་བསྟན་ནས། སློབ་མའི་སེམས་དགེ་བའི་ཕྱོགས་ལ་ཁྲིད་ཐུབ་མཁན་ཞིག་ཡིན་དགོས། དེ་ཡོང་བ་ལ་སྔོན་ལ་བླ་མ་ཁོ་རང་གི་རྒྱུད་དུལ་བ་ཞིག་དགོས་པས། སློབ་མ་གང་ཞིག་རང་གི་དགེ་བའི་བཤེས་གཉེན་དང་ཁ་བྲལ་ཡང་བླ་མ་མཚན་ཉིད་ཚང་བ་ཞིག་ཡིན་ན། དཔེར་ན། ང་ཚོར་ཆ་བཞག་ན། སྟོན་པ་བཅོམ་ལྡན་འདས་ང་ཚོའི་དགེ་བའི་བཤེས་གཉེན་མཐར་ཐུག་དེ་ཡིན་པར་མ་ཟད། བོད་གངས་ཅན་གྱི་ལྗོངས་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་དེ་དག་ཀྱང་ང་ཚོའི་བླ་མ་ཡིན། མ་གཞི་ང་ཚོའི་ཚེ་འདི་ལ་དབང་། ལུང་། མན་ངག ཁྲིད་གནང་བའི་རྩ་བའི་བླ་མ་དེ་དག་མཇལ་རྒྱུ་མེད་ཀྱང་། དགེ་བའི་བཤེས་གཉེན་གྱིས་བསྟན་པའི་གདམས་ངག་དེ་དག་སེམས་ལ་ཉར་ནས། བླ་མ་མྱ་ངན་ལས་འདས་ཟིན་ན་ཡང་བླ་མའི་ཐུགས་དང་འདྲེས་ངེས་ཀྱི་གསོལ་བ་བཏབ། བླ་མས་ཇི་ལྟར་གསུངས་པ་དེ་སེམས་ལ་བཞག་ནས། ཐོག་མར་ཐོས་བྱུང་གི་གོ་བ་སྐྱེས། བར་དུ་བསམ་བྱུང་གི་ངེས་པ་རྙེད། མཐར་སྒོམ་སྒྲུབ་ཀྱི་ཐོག་ནས་མྱོང་བ་ཐོན་ཐབས་ཤིག་བྱེད་དགོས། དེར་བརྟེན། བླ་མ་འཚོ་ཞིང་གཞེས་པའི་དུས་ཚོད་ཡིན་ན་ཡང་རེད། བླ་མ་མྱ་ངན་ལས་འདས་ཟིན་པ་ཡིན་ན་ཡང་རེད། དེ་ལ་ཁྱད་པར་མེད། གང་ལྟར་བླ་མས་ཇི་ལྟར་བསྟན་པ་དེ་སེམས་ལ་ངེས་པར་བྱས། བླ་མ་མཚན་ཉིད་ཚང་བ་ཞིག་ཡིན་ན་བཅོམ་ལྡན་འདས་ཀྱིས་བདེན་པ་བཞི་ལ་བརྟེན་པའི་ལམ་ཞིག་བསྟན་ཡོད་པ་དེ། ལམ་རིམ་ཆེན་མོའི་ནང་ལ་ཡང་། དེ་ལྟར་ན་བདེན་པ་བཞི་ནི་ཐེག་པ་ཆེ་ཆུང་གི་གཞུང་ཐམས་ཅད་ནས་གསུངས་པ་ཞིག་ཡིན་པས། སློབ་མ་བཀྲི་བའི་རིམ་པ་ཡང་ཚུལ་དེ་ལྟར་དུ་བྱ་ལ། ཞེས་གསུངས་ཡོད།
བླ་མ་མཚན་ཉིད་ཚང་བ་ཞིག་ཡིན་ན་བདེན་པ་བཞིའི་ཐོག་ནས་ལམ་བསྟན་ཅིང་། ལམ་ལ་ཁྲིད་མཁན་ཞིག་ཡིན་དགོས། མ་གཞི་སློབ་མ་ལ་དད་པ་ཡོད་ན་དེ་གས་འགྲིག་པ་དང་། དད་པ་ངེས་པར་དུ་བྱེད་དགོས་ཀྱང་། བླ་མས་དབང་འདྲ་བསྐུར་བ་དང་། བྱིན་རླབས་ཡིན་ཞེས་མགོ་ལ་ཕྱག་དབང་འཇོག་པ་དེ་ཙམ་གྱིས་བླ་མ་དེ་ལྷག་པ་རང་མེད། ངས་གོང་དུ་བཤད་པ་ལྟར་བདེན་བཞི་ལས་བརྩམས་པའི་ལམ་གྱི་གནད་སྟོན་མཁན་གྱི་བླ་མ་དེ་འདྲ་ཞིག་ཡིན་དགོས། རྗེ་རིན་པོ་ཆེས་ལམ་རིམ་ཆེན་མོའི་ནང་ལ་གསུངས་པ་ལྟར། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ།། ཡོན་ཏན་ལྷག་པར་བརྩོན་བཅས་ལུང་གིས་ཕྱུག། དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན།། བརྩེ་བའི་བདག་ཉིད་སྐྱོ་བ་སྤོང་་་་་།། ཞེས་གསུངས་པ་ལྟར་དགེ་བའི་བཤེས་གཉེན་མཚན་ཉིད་ཚང་བ་དེ་འདྲ་ཞིག་ཡིན་དགོས།
བླ་མ་དེ་ཡང་རང་རྒྱུད་མ་དུལ་བར་གཞན་རྒྱུད་འདུལ་བའི་གནས་མེད་པས་གསུངས་པ་ལྟར་ཡིན་པས། བླ་མ་འཚོ་ཞིང་གཞེས་པའི་སྐབས་སུ་བླ་མའི་དྲུང་ནས་གདམས་ངག་ཞུས། དབང་དང་བྱིན་རླབས་གལ་ཆེན་པོ་ཡིན་ན་ཡང་། གཙོ་བོ་ཁྲིད་གནང་རྒྱུ་དེ་གལ་ཆེན་པོ་རེད། དབང་། ལུང་། མན་ངག ཁྲིད་ཅེས་པ་ལས་གཙོ་བོ་ཁྲིད་ཀྱི་ཐོག་ནས་ལམ་ཡོངས་རྫོགས་ཉམས་ལེན་ཇི་ལྟར་བྱེད་སྟངས་བཤད་དགོས། ཐོག་མར་ཚེ་འདིའི་སྣང་ཤས་ལྡོག་པ། དེ་ནས་ཕྱི་མའི་སྣང་ཤས་ལྡོག་པ། དེ་ནས་མངོན་མཐོ་སྒྲུབ་པའི་ཐབས་དེ་དག་ཚང་བར་བྱས་ནས། ངེས་ལེགས་སྒྲུབ་པའི་ཐབས་ཆ་ཚང་བ་ཞིག་བསྟན། དེ་ཡང་རང་གཅིག་པུ་མ་ཡིན་པར་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཁྲིད་ཤེས་པའི་དགེ་བའི་བཤེས་གཉེན་ཞིག་དགོས། དེ་ལྟ་བུའི་དགེ་བའི་བཤེས་གཉེན་དེ་མ་བཞུགས་པའི་སྐབས་སུ་ཡང་དེས་བསྟན་པའི་གདམས་པ་དེ་སོ་སོའི་སེམས་ནས་མ་བརྗེད་པར་བྱས་ནས་ཉམས་སུ་བླངས། ནམ་རྒྱུན་བླ་མའི་རྣལ་འབྱོར་ཞེས་བླ་མ་མདུན་ལ་གསལ་བཏབ། དེ་ལ་ཡན་ལག་བདུན་པ་ལྟ་བུའི་སྒོ་ནས་བསགས་སྦྱངས་བྱེད་ཀྱང་། གཙོ་བོ་བླ་མས་གསུངས་པའི་གདམས་པ་དེ་དག་སེམས་ནས་མ་བརྗེད་པར་བྱས་ནས། བླ་མའི་བྱིན་རླབས་རྒྱུད་ལ་འཇུག་པར་ཤོག། ཅེས་པ་ལྟར་འགྲོ་རྒྱུ་གལ་ཆེན་པོ་ཡིན། བླ་མ་ཞལ་མ་བཞུགས་པའི་སྐབས་སུ་ཡང་། ཇི་སྲིད་སངས་མ་རྒྱས་ཀྱི་བར་དུ་བླ་མས་བསྟན་པའི་གདམས་པ་དེ་དག་ཉམས་སུ་ལེན་རྒྱུ་ཡིན་བསམ་པ་བྱེད་དགོས། ཤེས་སོང་ངམ།
དྲི་བ། ༸གོང་ས་མཆོག་གིས་ཐུགས་ཡིད་འཕྲོག་པའི་བཟོ་རིག་པ་གཟིགས་མྱོང་ངམ། ཡོད་ན་དེ་གང་ཡིན་ནམ།
བཀའ་ལན། ཧ་ལས་པ་དེ་རྡུལ་ཕྲན་མཚོན་ཆ་རེད། རྡུལ་ཕྲན་གྱི་རིག་པ་དེ་བེད་སྤྱོད་བྱས་ནས་གཏོར་བཤིག་གཏོང་ན་ཡང་། བཟོ་རིག་པ་ཁོ་རང་གི་ཐོག་ནས་བསམ་བློ་བཏང་ན་དེ་དག་ཧ་ལས་པ་རེད། དེང་སང་གནམ་གྲུ་ཧ་ཅང་ལྗིད་ཁོག་ཆེན་པོ་དེ་འདྲ་ནམ་མཁའི་མཐོངས་ནས་ཡེང་ཡེང་བྱས་ནས་འགྲོ་བ་ལྟ་བུ་སོགས། བཟོ་རིག་པའི་ལག་རྩལ་ཧ་ལས་པ་རེད། ཡིན་ན་ཡང་བཟོ་རིག་པའི་ཐོག་ནས་རྙེད་པའི་འཕྲུལ་ཆས་ཀྱི་རིགས་དེ་དག་རང་རྒྱལ་གཞན་ཕམ་གྱི་ཐོག་ནས་བེད་སྤྱོད་བྱས་ཡོང་དུས། སྡུག་བསྔལ་ཡོང་བའི་རྐྱེན་ཆགས་འདུག ཡིན་ན་ཡང་འཛམ་བུའི་གླིང་གི་བཟོ་རིག་པ་དགོས་པ་མི་འདུག་ཅེས་ལབ་ཐབས་མེད། བཟོ་རིག་པ་དགོས་ཀྱི་ཡོད། ཡིན་ན་ཡང་བཟོ་རིག་བྱེད་སྤྱོད་བྱེད་མཁན་གྱི་བསམ་བློ་ལ་བརྩེ་བའི་བསམ་པ་དགོས་ཀྱི་འདུག ཞེ་སྡང་དང་ཕྲག་དོག་གི་དབང་དུ་མི་འགྲོ་བར་གཞན་ལ་བརྩེ་བའི་བསམ་པ་ཡོད་པའི་ཐོག་ནས་བཟོ་རིག་པ་ག་ཚོད་ཀྱིས་ཡར་རྒྱས་ཕྱིན་ཀྱང་དེས་ཕན་གྱི་ཡོད་པ་མ་གཏོགས་གནོད་ཀྱི་མེད།
གང་ལྟར་སེམས་ཆགས་སྡང་གི་གཞན་དབང་དུ་བཏང་ནས་ཕྱིན་པ་ཡིན་ན། དཔེར་ན། བཟོ་རིག་པའི་ནང་གི་ཁབ་དང་གྲི་ལ་ཆ་བཞག་ན། བཟོ་བས་བཟོས་པའི་ཁབ་ཅིག་བཙུགས་ན། གྲི་ཆུང་ཆུང་ཞིག་གིས་སྐེའི་རྩ་གལ་ཆེན་པོ་ཞིག་བཏུབ་པ་ཡིན་ན་རྙོག་དྲ་ཆགས་པས་གཙོ་བོ་སེམས་དུལ་དགོས། སེམས་དུལ་བའི་སྒོ་ནས་བཟོ་རིག་པ་བེད་སྤྱོད་བྱས་ན་ཕན་ཐོགས་ཡོད་ཀྱང་། སེམས་མ་དུལ་བའི་སྒོ་ནས། སེམས་ཆགས་སྡང་གི་གཞན་དབང་དུ་བཏང་ནས་བེད་སྤྱོད་བྱས་ན། བཟོ་རིག་པ་ལ་སྐྱོན་འབྱུང་གི་རེད། དཔེར་ན། དཔེ་ཆར་བལྟས་པ་ཡིན་ན། གཞུང་སྦྱངས་ནས་ཤེས་ཚད་ག་ཚོད་ཡོད་པའི་ཚོད་ཀྱིས་ང་རྒྱལ་ཆེ་རུ་ཕྱིན། རང་རྒྱལ་གཞན་ཕམ་བྱས་པ་ཡིན་ན་དཔེ་ཆར་བལྟས་པའི་དགོས་དོན་མ་ཚང་བ་རེད། དཔེ་ཆར་བལྟས་པ་དེས་གཞན་རྒྱུད་འདུལ་བའི་ཐབས་ལ། སྔོན་ལ་རང་རྒྱུད་མ་དུལ་བར། ང་རྒྱལ། ཕྲག་དོག འགྲན་སེམས་ཀྱི་ཐོག་ནས་ཕྱིན་ན། སློབ་གཉེར་བྱས་པ་དེ་སྐྱོན་ལ་འགྲོ་ཡི་ཡོད་པ་ལྟར། བཟོ་རིག་པ་ལ་ཡང་གཅིག་མཚུངས་ཡིན།
དྲི་བ། ང་རང་རི་མོ་འབྲི་མཁན་ཞིག་ཡིན་པའི་ཆ་ནས་རི་མོའི་ལམ་ནས་གཞན་ལ་བདེ་བ་དང་ཕན་པ་སྒྲུབ་ཚུལ་གྱི་ལམ་སྟོན་གནང་རོགས།
བཀའ་ལན། ང་ཚོར་ཆགས་པ་དང་མ་འབྲེལ་བའི་བརྩེ་བ་དགོས་ཀྱི་ཡོད་པས། མས་རང་གི་བུ་ཕྲུག་ལ་བརྩེ་བ་བྱེད་པ། དཔེར་ན། དུད་འགྲོ་ཚོར་ཆ་བཞག་ན་དུད་འགྲོའི་ཨ་མས་ཕྲུ་གུ་ལ་ཧ་ཅང་བརྩེ་བ་བྱས་ནས་འགྲོ་བཞིན་འདུག་པ་ལྟ་བུའི་རི་མོ་སྙིང་རྗེ་བོ་ཡོད་ན། རི་མོ་དེ་མཐོང་ཡོང་དུས་ང་ཚོའི་སེམས་ནང་ལ་མའི་བརྩེ་བ་དེ་ཧ་ལས་པ་ཞིག་རེད་དྲན་ཐུབ་པས། དེ་ལྟ་བུའི་རི་མོའི་ལམ་ནས་བརྩེ་བ་དེ་ཅི་འདྲའི་རྩ་ཆེན་པོ་ཡིན་པ་དང་། ང་ཚོའི་མི་ཚེ་འདི་བརྩེ་བ་ལ་བརྟེན་ནས་འཚོ་ཡི་ཡོད། ང་ཚོ་སྐྱེས་པའི་ཉིན་མོ་དེ་ནས་མ་ཡི་བརྩེ་བས་འཚོ་ཡོད་པ་དེ། རི་མོའི་ལམ་ནས་བྱིས་པ་ཆུང་ཆུང་གི་སྐབས་ནས་མཐོང་རྒྱུ་ཡོད་པ་ཞིག་བྱེད་ཐུབ་ན་ཡག་པོ་ཡོད། ཡང་རི་མོའི་ཐོག་ནས་ཞེ་སྡང་གི་གཞན་དབང་དུ་ཕྱིན་པ། གདོང་ཡང་མི་སྡུག་པ། ཨམ་གཙིགས་བསྡམས། ང་ཚོར་མཆེ་བ་མེད་པ་མ་གཏོགས་མཆེ་བ་གཙིགས་ནས། ཧ་ཅང་འཇིགས་སུ་རུང་བ་ཞིག་བྲིས་པ་ཡིན་ན། བྱིས་པ་ཞིག་གིས་བལྟས་ཀྱང་སེམས་མི་སྐྱིད་ཅིང་། དེ་མ་ཐག་ལྟ་སྙིང་མི་འདོད་ཀྱང་། ཨ་མའི་བརྩེ་བས་བྱིས་པ་གསོ་བ་དང་། དུད་འགྲོ་ཡིན་ན་ཡང་གཅིག་གིས་གཅིག་ལ་ཕན་འདོགས་པའི་རི་མོ་མཐོང་ན། ང་ཚོའི་སེམས་ཀྱང་སྐྱིད་པོ་ཡོང་གི་འདུག དཔེར་ན། སྟག་དང་གཟིག་སོགས་ཀྱིས་མཆེ་བ་གཙིགས་ཡོང་དུས། མཐོང་སྙིང་མི་འདོད་པ་བྱེད་ཀྱི་འདུག་པས། རི་མོའི་ལམ་ནས་གཞན་ཕན་གྱི་བརྩེ་བ་འབྲི་རྒྱུ་དེ་གལ་ཆེན་པོ་ཡིན་པར་མ་ཟད། ལྷག་དོན་དེང་སང་ཤེས་ཡོན་གྱི་སྡེ་ཚན་ནང་ལ་བརྩེ་བ་གལ་ཆེན་པོ་ཡིན་པ་གླེང་དགོས་ཀྱི་འདུག་ཅེས་ངས་ནམ་རྒྱུན་བཤད་ཀྱི་ཡོད། དེ་རི་མོའི་ལམ་ནས་སྟོན་ཐུབ་པ་ཞིག་བྱུང་ན་ཕན་ཐོགས་ཡོད། ཐུགས་རྗེ་ཆེ།
དྲི་བ། ༸གོང་ས་མཆོག་ནས་དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་ནས་ཆོས་བརྒྱུད་སོ་སོའི་ཁྲིམས་ལའང་འགྱུར་བ་གཏོང་དགོས་པར་དགོངས་སམ།
བཀའ་ལན། འཛམ་བུ་གླིང་འདིའི་སྒང་ལ་ཡོད་པའི་ཆོས་བརྒྱུད་སོ་སོ་བ་རྣམས་ལོ་སྟོང་ཕྲག་གོང་གི་བླ་མ་གོང་མ་གོང་མའི་ཕྱག་ལེན་ལྟར་འགྲོ་བཞིན་ཡོད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཡི་ཤུའི་ཆོས་པ་ཡིན་ན་ཡང་རེད། ཁ་ཆེའི་ཆོས་པ་ཡིན་ན་ཡང་རེད། དུས་དུས་ལ་སྨོན་ལམ་རྒྱག་པ་སོགས་བྱེད་བཞིན་ཡོད། ང་ཚོ་སངས་རྒྱས་པའི་ཆོས་པ་ལ་ཆ་བཞག་ན། སངས་རྒྱས་པའི་ཆོས་པའི་ནང་ལ་སྒོམ་གཙོ་བོར་བྱེད་པ་གཅིག་དང་། ཐོས་བསམ་སྒོམ་པ་ཡ་མ་བྲལ་བར་བྱས་ནས་འགྲོ་བ་གཅིག བཤད་པ་གཙོ་བོ་བྱེད་པ་དང་། སྒྲུབ་པའམ་སྒོམ་རྒྱག་པ་གཙོ་བོར་བྱེད་པའི་ཕྱག་ལེན་མི་འདྲ་བ་ཡོད།
ལོ་ཤས་སྔོན་ངོས་རང་ཉི་ཧོང་ལ་ཡོད་པའི་སྐབས་ཤིག་ལ། ཉི་ཧོང་གི་ལྷ་ཁང་ཞིག་གི་ནང་ལ་ང་ཚོས་བགྲོ་གླེང་བྱས་པའི་རྗེས་སུ་ངོས་ཀྱིས་རེ་འདུན་ཞིག་བཏོན་པ་ཡིན། ཚོགས་ཁང་འདིའི་ནང་ལ་སྒོམ་རྒྱག་པ་གཅིག་པུ་མིན་པར། སངས་རྒྱས་པའི་ཆོས་ཀྱི་བགྲོ་གླེང་བྱེད་རྒྱུ་མང་ཙམ་བྱུང་ན་ཡག་པོ་ཡོད་པ་རེད་ཅེས་བསམ་འཆར་བཤད་མྱོང་། བཅོམ་ལྡན་འདས་ཀྱི་རྗེས་འབྲངས་ཆོས་བྱེད་རིགས་གཅིག་གིས་སྒོམ་གཙོ་བོ་བྱས་ནས་བཞུགས་པ་ཡག་པོ་རེད་དེ། སྔོན་ལ་ཉོན་མོངས་ཀྱི་གཉེན་པོ་བྱེད་པ་དང་། རང་གཅེས་འཛིན་གྱི་གཉེན་པོ་བྱེད་པ་དེ། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་ཐོག་ནས་ཉོན་མོངས་ཀྱི་གཉེན་པོ་དང་། རང་གཅེས་འཛིན་གྱི་གཉེན་པོ་བྱས་ནས་འགྲོ་དགོས་པ་མ་གཏོགས། ཅི་ཡང་ཡིད་ལ་མི་བྱེད་པར་བསྡད་པས་ཁ་ཐུག་བདེན་འཛིན་མངོན་གྱུར་པ་དང་། ཆགས་སོགས་ཉོན་མོངས་མངོན་གྱུར་པ་མི་ཡོང་བར་ཕན་ཡང་། དེས་ཆགས་སོགས་ཉོན་མོངས་ཀྱི་རྩ་བ་ལ་འགུལ་སྐྱོད་ཐེབས་ཐུབ་པ་ཞིག་ཡོང་གི་མ་རེད། གཙོ་བོ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་ཐོག་ནས་མ་རིག་པ་ལ་གཉེན་པོ་བསྟེན་པ་དང་། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་ཐོག་ནས་རང་གཅེས་འཛིན་གྱི་སྐྱོན་དང་། གཞན་གཅེས་འཛིན་གྱི་ཡོན་ཏན་བསམ་པའི་ཐོག་ནས། རང་གཅེས་འཛིན་གྱི་སྐྱོན་མཚང་རྟོལ། གཞན་གཅེས་འཛིན་གྱི་ཡོན་ཏན་ངོ་སྤྲད། དེའི་ཐོག་ལ་དོ་སྣང་ཤུགས་ཆེ་རུ་ཆེ་རུ་འགྲོ་བ་ལ། སྒོམ་རྐྱང་རྐྱང་བྱས་པས་ནུས་པ་དེ་ཙམ་ཐོན་རྒྱུ་མེད།
དེར་བརྟེན། ཉི་ཧོང་གི་ཆོས་བརྒྱུད་འཛིན་མཁན་ཡིན་ན་ཡང་རེད། དེ་བཞིན་དུ་རྒྱ་ནག་གི་ཆོས་པ། ཀོ་རི་ཡའི་ཆོས་པ་ཚོས་རྩེ་གཅིག་ཏུ་སྒོམ་པ་དེ་ངོ་མཚར་སྐྱེ་བ་ཞིག་ཡིན་ན་ཡང་། དེ་ཙམ་གྱིས་བློ་ལ་འགྱུར་བ་ཤུགས་ཆེན་པོ་ཐེབས་རྒྱུ་ཁག་པོ་རེད་བསམ་གྱི་འདུག སྒོམ་བརྒྱབ་པ་གཅིག་པུས་ཆོག་གི་ཡོད་ན་མགོན་པོ་ཀླུ་སྒྲུབ་ཀྱི་རིགས་ཚོགས་དྲུག དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་འཇུག་པ་དང་། དབུ་མ་ཚིག་གསལ་སོགས་དགོས་པ་མི་འདུག ཉོན་མོངས་དང་རྣམ་རྟོག་གི་རིགས་ཁ་ཐུག་གི་ཕྱིར་འཕྲོ་བ་དེ་ཚུར་སྡུད་པའི་འཇོག་སྒོམ་ཙམ་གྱིས་ཉོན་མོངས་ལ་ཁ་གཏད་གཅོག་མི་ཐུབ་པས། ཉོན་མོངས་དེ་ཕྱིན་ཅི་ལོག་གི་བློ་ཡིན་པ་དང་། དེས་རང་གཞན་ཕུང་བར་བྱེད་ཀྱི་ཡོད་པའི་རྒྱུ་མཚན་ལ་བསམ་བློ་བཏང་ནས་བརྟག་དཔྱད་བྱས། དེ་ཡང་ཉོན་མོངས་ཀྱི་ཉེས་དམིགས་མཐོང་བ་ཙམ་གྱིས་མི་ཆོག་པར། ཉོན་མོངས་བདག་འཛིན་ཡིན་ན་དེའི་ལྡོག་ཟླ་བདག་མེད་རྟོགས་པའི་ཤེས་རབ་སྒོམ་པ། རང་གཅེས་འཛིན་ཡིན་ན་དེའི་ལྡོག་ཟླ་གཞན་གཅེས་འཛིན་གྱི་བློ་བསྒོམས་ནས་དཔྱད་པ་བྱས་ཏེ། དཔྱད་སྒོམ་དང་འཇོག་སྒོམ་ཟུང་འབྲེལ་བྱས་ནས་འགྲོ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན།
ཆོས་གྲོགས་མང་པོ་ཞིག་གིས་སྒོམ་བསྐྱོན་ནས་བཞུགས་པ་ཧ་ཅང་ངོ་མཚར་སྐྱེ་བའི་གནས་ཡིན་ན་ཡང་། དཔྱད་སྒོམ་བྱས་ནས་ཉོན་མོངས་ལ་གཉེན་པོ་བསྟེན་པ། རང་གཅེས་འཛིན་དང་བདག་ཏུའཛིན་པའི་བདེན་འཛིན་ལ་གཉེན་པོ་བསྟེན་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་དྲན་གྱི་འདུག ཆོས་བརྒྱུད་སོ་སོའི་ཁྲིམས་ལ་འགྱུར་བ་གཏོང་བ་ལ་སོ་སོའི་ཕྱག་སྲོལ་ལམ་འགྲོ་སྟངས། གོམས་གཤིས་ཤིག་ཡོད། བློ་རྩེ་གཅིག་ཏུ་འཇོག་པའི་འཇོག་སྒོམ་ཙམ་མ་ཡིན་པར། དཔྱད་སྒོམ་ལ་ཐུགས་སྣང་ཤུགས་ཆེ་ཙམ་ཞིག་གནང་ཐུབ་ན་དྲན་གྱི་འདུག ཐུགས་རྗེ་ཆེ། སང་ཉིན་བསྐྱར་དུ་མཇལ་ཡོང་། ཞེས་བཀའ་ལན་སྩལ་རྗེས་ཉིན་གཉིས་པའི་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་ཡོད་པ་བཅས།