༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ཝན་གྱི་དད་ལྡན་མི་མང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོ་དང་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པ་གཉིས་ཀྱི་གསུང་ཆོས་དབུ་འཛུགས་མཛད་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་དགུ་པ་མ་ཟིན་ཙམ་ལ་གཟིམ་ཆུང་ནས་གསུང་ཆོས་གནང་ཡུལ་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ཐའེ་ཝན་ནས་དྲ་ལམ་བརྒྱུད་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་བ་དང་། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་སྔོན་འགྲོའི་བཀའ་སློབ་སྩལ་དོན། དེ་རིང་ཐའེ་ཝན་གྱི་ཆོས་གྲོགས་ཚོར་དྲང་ངེས་ལེགས་བཤད་སྙིང་པོ་མདོར་བསྡུས་ཤིག་ཞུ་ཆེད་གྲ་སྒྲིག་བྱེད་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་བསྟན་འཛིན་བྱམས་ཆེན་གྱི་ཆོས་ཚོགས་ཀྱི་རྒན་ལགས་དམ་པ་བསྟན་འཛིན་བྱམས་ཆེན་དྲན་བཞིན་པའི་ཐོག་ནས་ཁོང་གི་མཛད་རྗེས་དག་ལ་རྗེས་སུ་ཡི་རངས་ཡོད། འཛམ་གླིང་འདིར་ཆོས་ལུགས་མང་པོ་ཡོད་པ་དང་། ཆོས་ལུགས་ཚང་མས་བྱམས་བརྩེ་དགོས་པ་གསུངས་ཀྱི་ཡོད། རྒྱ་གར་ལ་ཆ་བཞག་ན་བཅོམ་ལྡན་འདས་མ་བྱུང་གོང་ནས་ཕལ་ཆེར་ལོ་སྟོང་ཕྲག་གསུམ་གྱི་མཚམས་ནས་སྤྱོད་པ་འཚེ་བ་མི་བྱེད་པ་དང་། དེའི་རྩ་བ་སྙིང་རྗེའི་བློ་ལ་ཨ་ཧེམ་ས་(Ahimsa)ཟེར་བ་དང་ཀཱ་རོ་ན་(Karuna)ཞེས་ལོ་སྟོང་ཕྲག་གསུམ་གྱི་གོང་ནས་རྒྱ་གར་ལ་བསམ་བློའི་འཁྱེར་སོ་ཞིག་དར་ཡོད་པ་རེད། སངས་རྒྱས་བཅོམ་ལྡན་འདས་དེར་ཉམས་ཞིབ་གནང་མཁན་ཞིག་ཆགས་ཡོད། རྒྱ་གར་གྱི་སྤྱོད་པ་འཚེ་བ་མེད་པ་དང་སྙིང་རྗེའི་བསམ་པ་རྒྱ་བསྐྱེད་པ་ལ་གྲངས་ཅན་པ་དང་པོའི་གྲས་རེད། དེ་ནས་གཅེར་པུ་བ་ལ་སོགས་པ་དང་། རྟོག་གེ་སྡེ་ལྔ་ཟེར་བ་སོགས་མུ་སྟེགས་པའི་གྲུབ་མཐའ་མང་པོ་བྱུང་ཡོད་པ་རེད།
ལོ་ཉིས་སྟོང་ལྔ་བརྒྱའི་གོང་དུ་སངས་རྒྱས་བཅོམ་ལྡན་འདས་རྒྱ་གར་ལ་ཕེབས་ནས་ཁོང་གིས་རྒྱ་གར་གནའ་རབས་ཀྱི་སྤྱོད་པ་འཚེ་བ་མེད་པ་དང་སྙིང་རྗེའི་བློ་རྩ་བར་བཞག་པའི་ཐོག་ལ་ལྟ་གྲུབ་ཀྱི་རྒྱབ་རྟེན་ཞིབ་ཚགས་པོ་ཞིག་གསུངས་པ་རེད། གྲངས་ཅན་ལྷར་བཅས་པ་སོགས་མང་པོ་ཞིག་གིས་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ཟེར་བ་ཞིག་བཞག་ནས་དེའི་དགོངས་པ་སྒྲུབ་ཆེད་ང་ཚོ་ཚང་མས་བྱམས་བརྩེ་དང་། འཚེ་བ་མེད་པ་བྱེད་དགོས་པ་རེད་ཅེས་འགྲོ་བཞིན་པ་དང་། གྲངས་ཅན་ལྷ་མེད་པས་འཇིག་རྟེན་བཀོད་པ་པོ་ཡོད་པ་མ་རེད་ཟེར་བ་དང་། སངས་རྒྱས་པའི་ཆོས་ཀྱིས་ཀྱང་འཇིག་རྟེན་བཀོད་པ་པོ་བཤད་ཀྱི་མེད་པར་ཚང་མ་རྒྱུ་དང་འབྲས་པའི་ཐོག་འགྲོ་བཞིན་པ་གསུངས་ཡོད། སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ཏུ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།། བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་བརྙེས།། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས།། མི་སྨྲ་ནགས་ཀྱི་ནང་དུ་གནས་པར་བྱ།། ཞེས་གསུངས་འདུག ངོས་ཀྱིས་གོ་བ་འདི་ལྟར་ལེན་བཞིན་ཡོད། ཟབ་པ་དང་ཞི་བས་བདེན་བཞི་སྟོན་པ་དང་། སྤྲོས་བྲལ་གྱིས་ཤེར་ཕྱིན་གྱི་མདོའི་དོན་དག་སྙིང་པོ་སྟོང་ཉིད་ཀྱི་ལྟ་བ་སྟོན་པ། འོད་གསལ་འདུས་མ་བྱས་ཞེས་པའི་འོད་གསལ་གྱིས་ཡིད་ཀྱི་འོད་གསལ་ནི་འཁོར་ལོ་བར་བའི་སྐབས་སུ་བསྟན་ཟིན་པ་རེད། ཡུལ་ཅན་གྱི་འོད་གསལ་ནི་འཁོར་ལོ་མཐའ་མའི་སྐབས་སུ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལྟ་བུའི་ནང་དུ་ཁམས་བདེ་གཤེགས་སྙིང་པོ་གསུངས་ཀྱི་ཡོད། དེར་བརྟེན། འོད་གསལ་འདུས་མ་བྱས་ནི་འདུས་བྱས་དང་འདུས་མ་བྱས་གཉིས་ཀྱི་ནང་གི་འདུས་མ་བྱས་ཀྱི་སྐད་ཆ་མིན་པ་དང་། གློ་བུར་དུ་ལམ་སྒོམ་ནས་གསར་དུ་ཡོང་བ་ཞིག་མ་ཡིན་པར་སེམས་རང་བཞིན་གྱིས་འོད་གསལ་བ་ཟེར་བ་ཐོག་མ་མེད་པ་ནས་ཡོད་པ་ཞིག་ཡིན་པས་གློ་བུར་དུ་རྒྱུ་རྐྱེན་གྱིས་འདུས་བྱས་པ་མིན་པས་འདིས་འཁོར་ལོ་མཐའ་མ་སྟོན་གྱི་འདུག་བསམ་བཞིན་ཡོད། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།། བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་བརྙེས།། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས།། མི་སྨྲ་ནགས་ཀྱི་ནང་དུ་གནས་པར་བྱ།། རེ་ཞིག་ཁོང་གི་ཉམས་མྱོང་གི་ཐོག་ནས་བསམ་བློ་གཏོང་སྟངས་མི་འདྲ་བ་ཞིག་ཡོད་པ་དེ་ད་ལྟ་རང་མི་ལ་བཤད་པ་ཡིན་ན་ཕལ་ཆེར་བློ་ལ་ཆུད་ཀྱི་མ་རེད་བསམ་ནས་མི་སྨྲ་ནགས་ཀྱི་ནང་དུ་གནས་པར་བྱ་ཞེས་ཞག་པོ་བཞི་བཅུ་ཞེ་དགུ་ལ་ཆོས་མ་གསུངས་པར་བཞུགས་པ་རེད།
དེ་རྗེས་འཁོར་ལྔ་སྡེ་ནི་བཅོམ་ལྡན་འདས་སངས་མ་རྒྱས་སྔོན་ནས་ངོ་ཤེས་པ་རེད། འཁོར་ལྔ་སྡེ་གཙོ་བོར་བྱས་ནས་སངས་རྒྱས་བཅོམ་ལྡན་འདས་ལ་ཁྱེད་རང་སྒོམ་སྐྱོན་ནས་རྟོགས་པ་ཁྱད་པར་ཅན་ཏན་ཏན་འཁྲུངས་ཡོད་པ་རེད། དེ་གསུངས་རོགས་གནང་ཞེས་གསོལ་བ་འདེབས་པས་ཐོག་མ་ཝ་ར་ན་སི་ལ་བདེན་བཞིའི་ཆོས་འཁོར་གསུངས་པ་རེད། སྡུག་བསྔལ་བདེན་པ་དང་། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་བཅས་བདེན་པ་བཞི་ནི་སངས་རྒྱས་པའི་ཆོས་ཀྱི་སྒྲོམ་གཞི་ལྟ་བུ་རེད། དེ་ཡང་ཆོས་ཞེས་པ་ནི་སྡུག་བསྔལ་སེལ་བའི་དོན་དུ་ཡིན་སྟབས། སྡུག་བསྔལ་དེ་གློ་བུར་དུ་བྱུང་བ་ཞིག་མིན། སྡུག་བསྔལ་ནི་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བར་བརྟེན་སྡུག་བསྔལ་གྱི་རྒྱུ་དང་རྐྱེན་རྩད་བཅད་ནས་ཤེས་པར་བྱེད་དགོས། དེ་ནས་ཀུན་འབྱུང་བདེན་པ་ཞེས་པ་དེ་གསུངས། སྡུག་བསྔལ་གྱི་རྒྱུ་རྩད་བཅད་ནས་ཤེས་པ་ཡིན་ན་ཕན་ཐོགས་གང་ཡོད་ཅེ་ན། འགོག་པའི་བདེན་པ། སྡུག་བསྔལ་གྱི་རྒྱུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ནས་དང་པོ་མ་རིག་པ་ཞེས་གསུང་གི་འདུག གང་ལྟར་སྡུག་བསྔལ་གྱི་རྩ་བ་མ་རིག་པ་ཆགས་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདེན་བཞིའི་ཆོས་འཁོར་བསྐོར་གནང་སྟེ་རྒྱ་གར་གྱི་མཁས་པ་མང་པོས་དེའི་ཐོག་བསམ་བློ་བཏང་ནས་སྐབས་དེར་ཤེས་ཡོན་ཅན་གྱི་བསྟི་གནས་ལྟ་བུ་གཅིག་ནི་དཔལ་ནཱ་ལེནྡྲ་ཆགས་ཡོད། དཔལ་ནཱ་ལེནྡྲ་ནས་མཁས་པའི་དབང་པོ་མང་པོས་བཅོམ་ལྡན་འདས་ཀྱི་གསུངས་ལ་ཞིབ་ཚགས་པོས་ཞིབ་འཇུག་བྱེད་ཡོང་དུས་གཙོ་བོ་མགོན་པོ་ཀླུ་སྒྲུབ་ཀྱིས། ལས་དང་ཉོན་མོངས་ཟད་པས་ཐར། ཞེས་སྡུག་བསྔལ་བདེན་པ་ཞེས་པའི་སྡུག་བསྔལ་དང་། དེའི་རྒྱུ་ཀུན་འབྱུང་རྩད་གཅོད་བྱས་ནས་ཀུན་འབྱུང་ལ་གཉེན་པོ་ཡོད་མེད་དང་ཀུན་འབྱུང་དེ་ཇི་ལྟར་ཡིན་མིན། ཚད་མ་ཡིན་དང་ཚད་མིན་གྱི་བློ་ཡིན་རྩད་གཅོད་བྱེད་ཡོང་དུས་ཀུན་འབྱུང་བདེན་པའི་རྩ་བ་ནི་མ་རིག་པ་ཆགས་ཡོད། བཅོམ་ལྡན་འདས་ཀྱིས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ནས་དང་པོ་དེ་མ་རིག་པ་གསུང་གི་འདུག མགོན་པོ་ཀླུ་སྒྲུབ་ཀྱིས། ལས་དང་ཉོན་མོངས་ཟད་པས་ཐར།། ཞེས་སྡུག་བསྔལ་གྱི་འདུ་བྱེད་པའི་གཙོ་བོ་ལས་ཀྱི་ཀུན་འབྱུང་དང་། ཉོན་མོངས་པའི་ཀུན་འབྱུང་། ཉོན་མོངས་པའི་རྩ་བ་ནི་གཏི་མུག་བདེན་འཛིན། དེ་ལ་གཉེན་པོ་ཡོད་དང་མེད་ལ་བརྟག་དཔྱད་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་སྟོན་པ་བཅོན་ལྡན་འདས་ཀྱི་ཆོས་འཁོར་བསྐོར་བའི་རིམ་པ་དང་བདེན་བཞི་སོགས་ངོ་སྤྲོད་མཛད་རྗེས་དྲང་ངེས་ལེགས་བཤད་སྙིང་པོའི་ཆོས་འབྲེལ་དབུ་འཛུགས་མཛད་པ་དང་།
གཞན་ཡང་། ད་ལྟ་དུས་རབས་ཉེར་གཅིག་པར་སླེབས་ཡོད་པ་དང་། འཛམ་གླིང་འདིར་ཆོས་བརྒྱུད་མང་པོ་ཞིག་ལ་དོ་སྣང་བྱེད་རྒྱུ་ཆུང་དུ་འགྲོ་བའི་གནས་སྟངས་ཤིག་ཡོད་པ་རེད། ཡིན་ནའང་། ང་ཚོའི་ནང་པའི་ཡུལ་གྲུ་ཁག་གི་ནང་དུ་ནང་པའི་ཆོས་ལ་དོ་སྣང་བྱེད་རྒྱུ་མུ་མཐུད་ནས་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་སྐམ་ས་ཆེན་པོའི་ནང་དུ་ཆ་བཞག་ནའང་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་ལ་འགྲོ་བཞིན་པའི་སྐད་ཆ་འདུག གང་ལྟར་ནང་ཆོས་ཀྱི་གཞུང་ནས་གསུངས་ཡོད་པ་ལ་དེང་སང་ཚན་རིག་ལ་ཤེས་ཚད་ཡོད་པའི་སེམས་ཁམས་རིག་པ་ལ་དོ་སྣང་བྱེད་མཁན་ཚོས་ནང་པའི་གཞུང་དང་། ལྟ་གྲུབ་ལ་ཆ་བཞག་ན་ཚད་རྡུལ་དངོས་ཁམས་རིག་པ་(quantum physics)དེང་ལྟ་གྲུབ་ཅིག་ཆགས་ཡོད་པ་རེད། ཚན་རིག་པ་དང་མཉམ་དུ་གྲོས་བསྡུར་བྱེད་སྐབས་རྒྱ་གར་གྱི་མཁས་པ་རཱ་ཇི་རཱ་མ་ན་ཡིས་ཚད་རྡུལ་དངོས་ཁམས་རིག་པ་ནི་ནུབ་ཕྱོགས་ལ་གསར་པ་ཡིན་པ་དང་། རྒྱ་གར་ལ་ལོ་སྟོང་ཕྲག་གཉིས་དང་ལྔ་བརྒྱའི་གོང་ནས་འདུག་ཅེས་དབུ་མ་རྩ་བ་ཤེས་རབ་ཀྱི་ཚིིག་ཁ་ཤས་སྐྱོར་གྱི་འདུག གང་ལྟར་སྣང་གནས་མི་མཐུན་པ་དེ་ཚད་རྡུལ་དངོས་ཁམས་རིག་པའི་ཐོག་ནས་ཧ་ཅང་གསལ་པོ་རེད། ཕྱི་རོལ་གྱི་དངོས་པོ་ང་ཚོ་ཚུར་སྣང་ཡོང་སྐབས་དོན་དམ་ནས་ཡོད་པ་ཞིག་སྣང་གི་ཡོད། སྣང་ཚུལ་དེ་ཡིན་ཀྱང་གནས་ཚུལ་རྡུལ་ཕྲ་རབ་ལས་གྲུབ་པ་ཞིག་ཡིན་པས་བློས་བཏགས་པའི་སྒོ་ནས་ཡོད་པ་མ་གཏོགས་དོན་དམ་ནས་མེད་པ་ཚད་རྡུལ་དངོས་ཁམས་རིག་པས་བཤད་ཀྱི་འདུག དེ་ནི་རཱ་ཇི་རཱ་མ་ན་ཡིས་ལབ་པ་ལྟར་རྒྱ་གར་ནང་དུ་དབུ་སེམས་ཀྱི་ལྟ་བའི་ནང་དུ་སྣང་བ་ལྟར་དུ་གྲུབ་མེད་པ་ཞིག་ཧ་ཅང་གསལ་པོ་ཡོད་པ་རེད། ཚད་རྡུལ་དངོས་ཁམས་རིག་པས་དམིགས་བསལ་ཉོན་མོངས་ལ་གཉེན་པོ་བྱེད་པའི་སྐོར་བཤད་ཀྱི་ཡོད་པ་མ་རེད། ང་ཚོའི་ནང་པའི་གཞུང་ནས་ཉོན་མོངས་ཀྱི་གཉེན་པོ་བྱེད་པ་གོང་དུ་ཞུས་པ་ལྟར་རེད།
ལན་དྲུག་གཙུག་གཙུག་ལག་སློབ་གཉེར་ཁང་དུ་ཚད་རྡུལ་དངོས་ཁམས་རིག་པ་སྦྱོང་མཁན་ཁ་ཤས་ཀྱིས་དེ་ལྟ་བུར་དོ་སྣང་བྱུང་བ་ཞིག་ངོས་ཀྱིས་གོ་བྱུང་། ཚད་རྡུལ་དངོས་ཁམས་རིག་པ་སྦྱང་དུས་ཡུལ་སྟེང་ནས་བཟང་ངན་གྱི་དབྱེ་བ་ཤར་ནས་འཛིན་པ་དམ་པོ་ཡོད་པ་དེ་ཤུགས་ཆུང་དུ་འགྲོ་བཞིན་འདུག་ཅེས་ཆོས་ཀྱི་སྐད་ཆ་མིན་པར་བློས་འཛིན་སྟངས་བཤད་ཀྱི་ཡོད། དོན་དམ་ནས་བསམ་བློ་བཏང་བ་ཡིན་ན་དེ་རང་བདེན་པ་རེད་བསམ་ནས་ཨ་འཐས་ཀྱི་འཛིན་པ་ཞིག་སླེབས་ཀྱི་འདུག དེ་སྣང་བ་ལྟར་དུ་གྲུབ་ཡོད་པ་མ་རེད་ཅེས་འགྲོ་དུས་ཨ་འཐས་ཀྱི་འཛིན་པ་དེ་ཤུགས་ཆུང་དུ་འགྲོ་བ་ཞིག་རེད། དེང་སང་ལན་དྲུག་གཙུག་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་ཁ་ཤས་ལ་དེ་ལྟ་བུའི་བསམ་ཚུལ་ཞིག་བྱུང་འདུག ཚད་རྡུལ་དངོས་ཁམས་རིག་པའི་བཤད་བཞིན་པ་དེ་ཀླུ་སྒྲུབ་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་གྲུབ་ཡོད་པ་མ་རེད་ཅེས་པ་དང་ཐག་ཉེ་བོར་སླེབས་ཀྱི་ཡོད་པ་རེད།
དེར་བརྟེན། བསྟན་འཛིན་བྱམས་ཆེན་གྱི་ཆོས་གྲོགས་ཁྱོད་རང་ཚོ་རྒྱ་ནག་སྐམ་ས་ཆེན་མོ་ལ་འབྲེལ་བ་བྱེད་རྒྱུ་ཡོང་བཞིན་ཡོད་པ་རེད། བསྟན་འཛིན་བྱམས་ཆེན་ཁོང་ལའང་བསམ་ཚུལ་དེ་འདྲ་བྱུང་ཡོད་པ་རེད། ལན་དྲུག་གཙུག་ལག་སློབ་གཉེར་ཁང་དུ་ཚད་རྡུལ་དངོས་ཁམས་རིག་པའི་སྐོར་ལ་བསམ་བློ་གཏོང་མཁན་སློབ་ཕྲུག་ཡོད་པ་ཞིག་ངོས་ཀྱིས་གོ་སོང་། ཁྱོད་རང་ཚོ་སྐམ་ས་ཆེན་པོའི་ནང་དུ་འགྲོ་བཞིན་ཡོད་པ་རེད་ལ་དེར་ཆོས་ཚོགས་ཤིག་ཀྱང་ཡོད་པ་རེད། དེར་བརྟེན། དེ་རིགས་ལ་འབྲེལ་བ་བྱེད་ཐུབ་ན་ལར་ནས་དེང་སང་རྒྱ་ནག་ཏུ་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཕལ་ཆེར་ས་ཡ་སུམ་བརྒྱ་ལྷག་བཞི་བརྒྱ་མ་ཟིན་ཙམ་ཡོད་པ་བཤད་ཀྱི་འདུག རྒྱ་ནག་ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་ནང་པའི་ལུང་པ་ཆགས་ཡོད་པ་རེད། སྔ་མོ་ཕྱི་ལོ་ ༡༩༥༤ ལོར་ངོས་རང་རྒྱ་ནག་ལ་ཕྱིན་པ་རེད། དེ་དུས་པེ་ཅིང་དང་ཧྲང་ཧེ། ཞིས་ཨན། ཏུང་པེ་སོགས་ས་ཁུལ་མང་པོར་ཕྱིན་པ་ཡིན། ནང་པའི་ལྷ་ཁང་ཧ་ཅང་མང་པོ་འདུག ལོ་རྒྱུས་ཀྱི་ཐོག་ནས་ནང་པའི་ལུང་པ་ཆགས་པ་ཧ་ཅང་གསལ་པོ་རེད། དེང་གི་དངོས་ཡོད་གནས་ཚུལ་ལའང་བཤད་མ་ཐག་པ་ལྟར་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་ལ་འགྲོ་བཞིན་པ་བཤད་བཞིན་འདུག དངོས་ཡོད་གནས་ཚུལ་ལ་རྒྱ་ནག་མི་འབོར་མང་ཤོས་ཡོད་པའི་ལུང་པ་ཞིག་དང་། ལོ་རྒྱུས་རྒྱུན་རིང་པོ་ཡོད་པའི་རྒྱལ་ཁབ་ཅིག་ཆགས་ཡོད་པ་རེད། ནང་པ་སངས་རྒྱས་པའི་ཆོས་དེ་རྒྱ་ནག་ལ་སྔར་ནས་ཡོད་པ་ཞིག་ཡིན་པས་བསྟན་འཛིན་བྱམས་ཆེན་གྱི་ཆོས་གྲོགས་ཁྱོད་རང་ཚོས་མཐའ་གཅིག་ཏུ་ནང་ཆོས་སྤེལ་བའི་སྐད་ཆ་མ་ཡིན་པར་ནང་ཆོས་ནས་བཤད་པའི་སེམས་ཁམས་རིག་པ་དང་། ལྟ་གྲུབ་ཀྱི་སྐོར་ཤེས་ཡོན་གྱི་སྡེ་ཚན་ནང་དུ་བཞག་ནས་སློབ་སྦྱོང་སྤྲོད་ཐུབ་པ་ཞིག་གལ་ཆེ། ཆིན་ཧྭ་སློབ་ཆེན་གྱི་དགེ་རྒན་ཞིག་ངོས་ཀྱིས་ངོ་ཤེས་པ་རེད། ཁོས་དུས་ཚོད་འགྱུར་བ་ཐེབས་སོང་ན་ཆིན་ཧྭ་སློབ་ཆེན་ལ་ཡོང་རོགས་གནང་། གདན་ཞུ་ད་ལྟ་ནས་ཕུལ་གྱི་ཡིན་ཟེར། ཆིན་ཧྭ་སློབ་ཆེན་ལ་༸རྒྱལ་བ་རིན་པོ་ཆེའི་མཚན་མིན་པར་མཁས་དབང་གི་མཚན་ཐོག་ནས་ཕེབས་རོགས་ཟེར་བ་དང་ངོས་ཀྱིས་ཀྱང་ཁས་ལེན་བྱས་ཡོད།
དེང་སང་ངོས་ལ་བསམ་བློ་གསར་པ་ཞིག་ལ་ཞི་བདེ་གཟེངས་རྟགས་བཞེས་མཁན་ཚོའི་ཚོགས་འདུ་ཞིག་རྒྱ་ནག་ཏུ་འཚོག་ཐུབ་ན་ངོས་རང་ལ་ཞི་བདེ་གཟེངས་རྟགས་བཞེས་མཁན་གྱི་མིང་ཞིག་ཡོད་པས་ངོས་ཀྱང་དེར་སླེབས་ཐུབ་ཀྱི་རེད། ཆབ་སྲིད་ཀྱི་སྐད་ཆ་ཁྱོན་མེད་པ་བྱེད། ཆབ་སྲིད་ལ་ཆ་བཞག་ནའང་ངོས་ཀྱིས་རང་བཙན་ཁྱོན་ནས་རྩོད་ཀྱི་ཡོད་པ་མ་རེད། བོད་རིགས་ནང་ཁུལ་ནས་ངོས་ཀྱིས་རང་བཙན་རྩོད་ཀྱི་མི་འདུག་ཅེས་སྐྱོན་བརྗོད་བྱེད་མཁན་ཡོང་གི་འདུག ངོས་རང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་(中华人民共和国)ཅེས་པའི་སྤྱི་མཐུན་(共和国)ལ་དགའ་བོ་འདུག རྒྱ་ནག་མི་དམངས་སྤྱི་མཐུན་ཞེས་པའི་སྤྱི་མཐུན་གྱི་ནང་དུ་གྲངས་ཉུང་མི་རིགས་བོད་རིགས་དང་སོག་པོ། མན་ཇི། དེ་བཞིན་ཤིན་ཅང་ལྟ་བུ་རེད། ང་ཚོས་ཀུ་ཡངས་པོ་ཞིག་བསམ་བློ་བཏང་ནས་སྤྱི་མཐུན་རྒྱལ་ཁབ་ཡག་པོ་ཞིག་ཡོང་བའི་བསམ་བློ་བཏང་བ་ཡིན་ན་བློ་ཆུང་བྱེད་དགོས་པ་མི་འདུག དེར་བརྟེན། ཁྱོད་རང་ཚོ་བསྟན་འཛིན་བྱམས་ཆེན་གྱི་ཆོས་གྲོགས་ཚོས་ཀྱང་དེ་ལྟ་བུའི་ཐོག་ཞབས་འདེགས་སྒྲུབ་ཐུབ་པའི་གོ་སྐབས་ཡོད་པ་རེད། དེ་ཁྱོད་ཚོས་སེམས་ལ་ཞོག
བར་སྐབས་ནས་ཐའེ་ཝན་དང་སྐམ་ས་ཆེན་མོའི་ནང་ཕར་ཚུར་འབྲེལ་བ་བྱེད་རྒྱུ་ཤུགས་ཆེ་རུ་སོང་ཡོད་པ་རེད། ཁྱོད་རང་ཚོས་ག་ཚོད་ཐུབ་ཐུབ་ཀྱིས་ཐའེ་ཝན་གཅིག་པུའི་ཐོག་བསམ་བློ་བཏང་ནས་མ་བསྡད་པར་རྒྱ་མི་རིགས་གཅིག་གྱུར་དང་། རིག་གཞུང་གི་ཐོག་ནས་ཆ་བཞག་ནའང་རྒྱ་ནག་གི་རིག་གཞུང་ཆགས་ཡོད་པ་རེད། དེ་ལྟ་བུའི་ཐོག་ནས་སྐམ་ས་ཆེན་པོའི་ནང་དཔལ་འབྱོར་གཅིག་པུ་མ་ཡིན་པར་འབྲེལ་བ་ཤུགས་ཆེ་ཙམ་བྱེད་ཐུབ་པ་ཞིག་མཁྱེན་སོང་ངམ། རྒྱ་ནག་གི་རིག་གཞུང་ཆ་ཚང་བ་ཞིག་ཐའེ་ཝན་ལ་ཡོད་པ་རེད། རྒྱ་ནག་སྐམ་ས་ཆེན་པོ་ལ་བར་སྐབས་རིག་གནས་གསར་བརྗེ་ཟེར་བ་སོགས་ཀྱི་སྐབས་སུ་ཧ་ཅང་ཉམས་ཆག་ཆེན་པོ་ཕྱིན་ཟིན་པ་རེད། དེར་བརྟེན། ཁྱོད་རང་ཚོ་ཐའེ་ཝན་གྱི་གྲོགས་པོ་ཚོས་རྒྱ་ནག་གི་རིག་གཞུང་བསྐྱར་གསོ་བྱེད་པ་དང་། དེ་དང་འབྲེལ་ནས་རྒྱ་ནག་ནང་དུ་ནང་པ་ཇེ་མང་ལ་འགྲོ་བཞིན་ཡོད་པས་ནང་པ་སངས་རྒྱས་པའི་ལྟ་གྲུབ་ཀྱི་སྐོར་ལའང་ཕན་ཐོགས་བྱེད་ཐུབ་ཀྱི་རེད། རྒྱ་ནག་སྤྱི་ཚོགས་རིང་ལུགས་(社会主义)ཟེར་གྱི་ཡོད་པ་རེད། ངོས་རང་དེ་ལ་དགའ་བོ་ཡོད། སྤྱི་ཚོགས་རིང་ལུགས་ཡག་པོ་ཞིག་ཡོང་བ་ལ་གཞན་ཕན་གྱི་བློ་དགོས་པ་རེད། གཞན་ཕན་གྱི་བློ་ཡོད་ན་སྤྱི་ཚོགས་རིང་ལུགས་ཡང་དག་ཡོང་གི་རེད། རང་གཅེས་འཛིན་རྐྱང་ལ་བསམ་བློ་བཏང་ནས་བསྡད་ཚེ་སྤྱི་ཚོགས་རིང་ལུགས་ཡོང་ཐབས་ཡོད་པ་མ་རེད། ཅེས་སོགས་བཀའ་སློབ་སྩལ་བ་དང་། མཐར་ཆོས་ཞུ་བའི་དྲི་བ་ཁག་ལ་བཀའ་ལན་སྩལ་རྗེས་ཉིན་དང་པོའི་ཆོས་འབྲེལ་གནང་སྒོ་ལེགས་པར་གྲུབ་ཡོད་པ་རེད།