༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་ལེ་ཤི་ཡའི་བོད་ཀྱི་རིག་གཞུང་བསྟི་གནས་ཁང་དང་མ་ལེ་ཤི་ཡ་ཁ་ཆེ་གཞོན་སྐྱེས་ལས་འགུལ་ཚོགས་པ་ཟུང་གིས་གསོལ་འདེབས་གོ་སྒྲིག་ཞུདས་པ་ལྟར་ཁ་ཆེ་དང་ནང་པའི་གླེང་སྟེགས་ཞེས་པའི་ཆ་ཤས་སུ་མ་ལེ་ཤི་ཡའི་རྒྱལ་སྤྱིའི་ཁ་ཆེའི་ལྟ་གྲུབ་དང་དཔལ་ཡོན་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དྷ་ཊུག་གྲོག་ཊར་ཨོས་མན་བྷ་ཀར་(Datuk Dr. Osman Bakar )མཆོག་དང་ལྷན་དུ་བཞུགས་སྒར་ནས་དྲ་ལམ་བརྒྱུད་བགྲོ་གླེང་མཛད་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༠༠ ཙམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་ཆིབས་བསྒྱུར་གྱིས་བགྲོ་གླེང་གནང་ཡུལ་དུ་༸ཞབས་སོར་འཁོད་མཚམས་བགྲོ་གླེང་གོ་སྒྲིག་གནང་མཁན་གྱི་འཐུས་མིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཁ་ཆེའི་སློབ་དཔོན་ཆེན་མོ་དྷ་ཊུག་གྲོག་ཊར་ཨོ་སི་མན་བྷ་ཀར་མཆོག་རྣམ་གཉིས་ལ་འཚམས་འདྲི་དང་བགྲོ་གླེང་དངོས་སུ་དབུ་འཛུགས་ཀྱིས་བགྲོ་གླེང་ལ་གསན་གཟིགས་གནང་མཁན་ཚོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཁ་ཆེའི་སློབ་དཔོན་ཆེན་མོ་དྷ་ཊུག་གྲོག་ཊར་ཨོས་མན་བྷ་ཀར་མཆོག་རྣམ་གཉིས་ངོ་སྤྲོད་དང་། དེ་རྗེས་སློབ་དཔོན་ཆེན་མོ་དྷ་ཊུག་གྲོག་ཊར་ཨོས་མན་བྷ་ཀར་མཆོག་གིས་༸གོང་ས་མཆོག་ལ་ཁ་ཆེའི་ལུགས་ཀྱི་ཨ་སི་མ་ལམ་ཞེས་འཚམ་འདྲི་དང་འབྲེལ་གསུང་བཤད་གནང་དོན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་བརྗོད་གཞི་གལ་ཆེན་པོ་ཞིག་གི་ཐོག་བཀའ་མོལ་གནང་རྒྱུ་བྱུང་བ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ཆོས་ལུགས་ཕན་ཚུན་དབར་བཀའ་མོལ་གནང་རྒྱུ་ནི་དེང་གི་དུས་སུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཤིན་ཏུ་གལ་ཆེ་བའི་བྱམས་སྙིང་རྗེ་དང་སྙིང་རྗེའི་ཀུན་ནས་བསླངས་པའི་བཟོད་པའི་སྐོར་ལ་ནང་པ་དང་ཁ་ཆེ་གཉིས་ཀྱི་ལྟ་གྲུབ་ཐོག་བཀའ་མོལ་གནང་རྒྱུ་བྱུང་བ་དེ་གལ་ཆེན་པོ་རེད། མ་ལེ་ཤི་ཡའི་ནང་དང་ལྷག་པར་དུ་ཨེ་ཤ་ཡའི་ཤར་ལྷོའི་ཁུལ་ལ་བགྲོ་གླེང་འདི་ལྟ་བུ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངའི་སེམས་སུ་ཆོས་ལུགས་ཕན་ཚུན་དབར་བགྲོ་གླེང་གནང་བའི་དགོས་དམིགས་གཙོ་དེ་ནི་ཕྱོགས་གཉིས་ཀྱི་མཐུན་པའི་ཕྱོགས་ངོས་འཛིན་དང་། མི་མཐུན་པའི་ཕྱོགས་རྒྱ་ཆུང་དུ་གཏོང་བ་དང་། མི་མཐུན་པའི་ཕྱོགས་རྒྱ་ཆུང་དུ་གཏོང་རྒྱུ་མེད་པ་ཡིན་ན་ཕན་ཚུན་འཚེ་བ་དང་འཁོན་འཛིན་ཆུང་དུ་གཏོང་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཁ་ཆེའི་ཀོ་རིན་ལས་བྱུང་བའི་བྱམས་པ་དང་སྙིང་རྗེའི་སྐོར་ངོ་སྤྲོད་གསུང་བཤད་གནང་།
དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། མ་ལེ་ཤི་ཡའི་ཁ་ཆེ་ཚོ་དང་མཉམ་བགྲོ་གླེང་འཚོགས་རྒྱུ་བྱུང་བས་ངོས་རང་ཧ་ཅང་དགའ་པོ་བྱུང་། ངོས་རང་བྱིས་པ་ཡིན་པའི་སྐབས་ནས་ངོས་རང་སྐྱེས་སའི་གྲོང་གསེབ་སྟག་འཚེར་དུ་ཁ་ཆེའི་ཁྱིམ་ཚང་ཁ་ཤས་ཡོད། ང་ཚོ་ཕན་ཚུན་དབར་སེམས་ཐག་ཉེ་པོ་ཡོད།
ངོས་རང་ལྷ་སར་འབྱོར་རྗེས་བོད་གཞུང་གི་གཞུང་འབྲེལ་མཛད་སྒོ་དེ་འདྲ་འཚོགས་པའི་སྐབས་ས་གནས་ཁ་ཆེ་ཚོའི་སྐུ་ཚབ་མཉམ་ཞུགས་གནང་གི་ཡོད། ཁ་ཆེ་ལ་དྭགས་ནས་ལྷ་སར་ཡོང་བའི་ལོ་རྒྱུས་བཤད་སྲོལ་ཡོད་པ་མ་ཟད། ༸གོང་ས་ལྔ་པ་ཆེན་པོས་ཁ་ཆེ་ཚོར་ཁ་ཆེའི་ལྷ་ཁང་འཛུགས་སྐྲུན་ཆེད་དུ་ས་ཆ་གནང་ཡོད། ངོས་རང་ཆུང་ཆུང་ཡིན་པའི་སྐབས་ནས་ལྷ་སའི་ཁ་ཆེའི་སྐུ་ཚབ་ཚོ་དང་ལྷན་ཕན་ཚུན་རྒྱུས་མངའ་ཡོད། སྐབས་རེར་ངོས་ཀྱིས་ཕྱོགས་གཅིག་རྩེད་མོ་དང་ཕྱོགས་གཅིག་དངོས་ཡོད་གནས་ཚུལ་ཡིན་ཞིག་བཤད་ཀྱི་ཡོད། བོད་གཞུང་གི་སྐུ་ཚབ་སྐུ་འབུམ་ཁུལ་དུ་༸རྒྱལ་མཆོག་སྐུ་ཕྲེང་ ༡༣ པའི་ཡང་སྲིད་འཚོལ་དུ་ཕེབས་པ་རེད། ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་སྐུ་འབུམ་ཁུལ་དུ་འབྱོར་སྐབས་འོས་སྤྲུལ་ཕྲུ་གུ་གསུམ་ཡོད་པའི་ཁྲོད་ནས་གཅིག་འདས་གྲོངས་སུ་གྱུར་ཡོད།
སྐབས་དེ་དུས་མཚོ་སྔོན་གྱི་སྤྱི་ཁྱབ་པ་རྒྱ་ཁ་ཆེ་རྨ་སྤུ་ཧྥང་ཞེས་པ་དེ་ཡིན། ཁོང་གིས་ངོས་རང་དང་ཕྲུ་གུ་གཞན་གཉིས་ལ་མངར་ཆ་སྡེར་མ་གཅིག་སྤྲད་པ་དང་། ཕྲུ་གུ་གཞན་དེས་སྐྲག་སྣང་དང་ལྟོགས་རྔམས་བྱས་ཏེ་སྦར་བ་གང་བླངས་ཡོད། ངོས་རང་གིས་སྐྲག་སྣང་གང་ཡང་མེད་པར་བྱི་རིལ་གཅིག་བླངས་ཏེ་ཨ་མ་ལགས་ལ་སྤྲད་པ་དང་། བྱི་རིལ་གཅིག་ངོས་རང་གིས་སྤམ་པོ་བྱས་ནས་ཟོས་སོང་ཞེས་ཨ་མ་ལགས་ཀྱིས་བཤད་མྱོང་ཡོད། དེ་རྗེས་རྨ་ཀྲུའུ་ཞིས་ཏཱ་ལའི་བླ་མའི་ཡང་སྲིད་འདི་ཡིད་པ་འདྲ་ཞེས་ངོས་རང་༸རྒྱལ་དབང་སྐུ་ཕྲེང་ ༡༣ པའི་ཡང་སྲིད་ཡིན་པ་བཤད་པའི་ལོ་རྒྱུས་ཡོད་པ་རེད། ཅེས་ཐག་གཅོད་བྱས་འདུག
དེར་བརྟེན། ངོས་རང་༸རྒྱལ་དབང་སྐུ་ཕྲེང་ ༡༣ པའི་ཡང་སྲིད་ཡིན་པ་གདེང་ཚོད་བྱུང་མཁན་དང་པོ་དེ་ཁ་ཆེ་རེད། དེ་ནས་བཟུང་རྨ་ཀྲུའུ་ཞིས་ངོས་རང་གི་ནང་མི་ཚོར་དམིགས་བསལ་གྱིས་ལྟ་རྟོག་གནང་འདུག ཁ་ཆེ་དང་ང་ཚོའི་དབར་དམིགས་བསལ་གྱི་འབྲེལ་བ་བྱུང་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་དྲིས་ལན་གནང་ཡོད་པ་བཅས།