༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་བཞུགས་སྒར་དགའ་ལྡན་འཕེལ་རྒྱས་གླིང་ཚོགས་ཁང་དུ་བོད་རིགས་དང་། སོག་པོ། ར་ཤི་ཡ། ཀོ་རི་ཡ། རྒྱ་གར་བ་སོགས་ཀྱི་མི་གྲགས་བརྒྱ་ཕྲག་གཉིས་བརྒལ་བར་ཕ་མེས་ནས་ནང་པའི་རྗེས་འཇུག་ཡིན་པས་སྐལ་བ་བཟང་པོ་ཡིན་བསམ་དགོས་པའི་སྐོར་དང་། བོད་མི་རིགས་ཀྱི་ཡ་རབས་སྤྱོད་བཟང་རྒྱུན་འཛིན་དགོས་པའི་སྐོར། གཞན་ཡང་། ཆོལ་ཁ་གསུམ་རྡོག་རྩ་གཅིག་སྒྲིལ་གྱི་འདུ་ཤེས་ད་ལྟའི་དུས་སུ་ཧ་ཅང་ཡག་པོ་ཡིན་པའི་སྐོར་སོགས་བཀའ་སློབ་སྩལ་ཡོད་པ་རེད།
དེ་ཡང་༸གོང་ས་མཆོག་གིས། གནས་ཁྱད་པར་ཅན་རྡོ་རྗེ་གདན་དུ་ནང་པའི་ཡུལ་གྲུ་འདྲ་མིན་ནས་གནས་སྐོར་དུ་ཡོང་གི་ཡོད་པ་དང་། དེ་རིང་ང་ཚོ་འདིར་ཐུག་པ་རེད། དེང་སྐབས་འཛམ་གླིང་འདིའི་སྟེང་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ལ་སྔར་ནང་པའི་ཆོས་མ་དར་བའི་ལུང་པ་ཚོའི་ནང་གི་མཁས་དབང་དང་ཚན་རིག་པའི་ནང་དུའང་ནང་ཆོས་ཀྱི་ལྟ་གྲུབ་དང་ནང་ཆོས་ལ་དོ་སྣང་ཡོང་བཞིན་འདུག ང་ཚོས་མི་རབས་མང་པོའི་རིང་ནས་ནང་ཆོས་ཉམས་ལེན་དང་ཐོས་བསམ་སྒོམ་གསུམ་ཐོག་ནས་འགྲོ་བཞིན་ཡོད། དེར་བརྟེན། ང་ཚོ་ཚང་མ་སྐལ་པ་བཟང་པོ་ཡིན་བསམ་དགོས། ཕ་མེས་ནས་ནང་པའི་ཆོས་རྩ་ཆེན་པོ་འདི་འདྲ་ཞིག་ང་ཚོའི་མེས་པོ་ཚོས་ང་ཚོའི་ལུང་པར་སྤེལ་བ་རེད། ཧ་ཅང་བསོད་ནམས་ཆེན་པོ་རེད།
དལ་འབྱོར་གྱི་མི་ལུས་ནི་དལ་བརྒྱད་འབྱོར་བཅུ་ཚང་བ། མི་ཁོམ་པ་བརྒྱད། རང་འབྱོར་ལྔ་དང་གཞན་འབྱོར་ལྔ། དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཅེས་ཟེར་བཞིན་ཡོད། ཁྱེད་རང་ཚོ་སོག་རིགས་དང་། ཀོ་རི་ཡ་ནི་ཕ་མེས་ནས་ནང་པའི་ཆོས་བྱེད་མཁན་ཆགས་ཡོད། དེར་བརྟེན། ང་ཚོ་བསོད་ནམས་ཆེན་པོ་ཡིན་པ་ཙམ་དུ་མ་ཟད། སྐལ་པ་བཟང་པོ་རེད། དེ་ནས་ང་ཚོ་བོད་མིར་ཆ་བཞག་ན། འཛམ་གླིང་ཡུལ་གྲུ་འདྲ་མིན་ལ་གཞིས་ཆགས་ནས་ཡོད། ཨ་རིའི་གྲོང་ཁྱེར་ཆི་ཁ་གོ་(Chicago) རུ་བོད་པའི་གཞིས་ཆགས་ཤིག་ཡོད། དེའི་འགན་འཁུར་མཁན་ཨ་རི་བ་འབྱོར་ལྡན་ཞིག་ཡོད་པ་དེའི་ནང་མིའི་གྲས་སུ་ཨ་ཅག་ལགས་ཤིག་ཡོད། ཁོ་མོས་ངོས་ལ་བརྗོད་དོན་དུ། བོད་མི་ཨ་རིར་སྐྱབས་བཅོལ་བླངས་པ་ནི་བོད་མིར་རོགས་རམ་བྱ་རྒྱུ་ཁོ་ནའི་དོན་དུ་མིན་པར། གཙོ་ཆེར་བོད་མི་ཚོར་ཡ་རབས་ཀྱི་གཤིས་ཀ་ཡོད་སྟབས་ཨ་རིར་འབྱོར་རྗེས་གཤིས་ཀ་དེ་ཨ་རིའི་མི་ལའང་འཇགས་ཐུབ་ན་བསམ་པའི་རེ་བ་ཡིན་སྐོར་བརྗོད་མྱོང་ཡོད།
དེ་བཞིན་རྒྱ་གར་ནང་བོད་མིའི་གཞིས་ཆགས་ཡོད་ས་ཁག་ཁ་ཤས་ནང་ནས་ཨོ་རི་ས་བོད་མིའི་གཞིས་ཆགས་ཐོག་མར་བཙུགས་པའི་དུས་མཚམས་ཤིག་ལ་ངོས་རང་ཨོ་རི་ས་བོད་མིའི་གཞིས་ཆགས་སུ་འབྱོར་བ་རེད། སྐབས་དེར་ས་གནས་ཀྱི་རྒྱ་གར་དཔོན་པོ་ཚོས་བོད་མི་ཚོ་སླེབས་ནས་འཛུགས་སྐྲུན་སོགས་ལ་ཧ་ཅང་འབད་བརྩོན་འདུག ས་གནས་ཀྱི་ཡུལ་མི་དུས་རྒྱུན་ལས་ཀར་ཧུར་བརྩོན་དེ་ཙམ་མེད། བོད་མི་རྣམས་འབྱོར་རྗེས་དེའི་མིག་ལྟོས་ཡུལ་མི་ཚོ་ལའང་འཇགས་ནས་ལུང་པ་འཛུགས་སྐྲུན་བྱ་རྒྱུའི་ཐོག་ལ་ཧུར་བརྩོན་ཆེ་རུ་ཕྱིན་ནས་ཧ་ཅང་ཡག་པོ་བྱུང་། ཞེས་བརྗོད་བྱུང་། བོད་མི་རྣམས་ཡུལ་ལུང་འདྲ་མིན་ནང་སླེབས་ཡོད། ཞབས་འདྲེན་ཞུ་མཁན་ཁ་ཤས་ཡོང་བ་ནི་ཆོས་ཉིད་རེད། སྤྱི་ཡོངས་ཀྱི་ཆ་ནས་བོད་མི་བཙན་བྱོལ་བ་ཚོ་ལ་མཐོང་ཚུལ་ཧ་ཅང་ཡག་པོ་ཡོད། དེར་བརྟེན། ང་ཚོ་བོད་མི་རིགས་ཕ་མེས་ནས་ཡ་རབས་སྤྱོད་བཟང་བྱས་ནས་ཡོད་པའི་གོམས་གཤིས་བཟང་པོ་འདི་འཛམ་གླིང་འདིའི་སྟེང་གོང་འཕེལ་གཏོང་དགོས་ཀྱི་འདུག་ཅེས་ང་ཚོས་བཤད་བཞིན་ཡོད་པ་འདི་དགོས་ཀྱི་ཡོད་པ་རེད། གཅིག་གིས་གཅིག་ལ་གནོད་འཚེ་དང་སེམས་གནག་བྱེད་བཞིན་པའི་འཛམ་གླིང་འདིའི་སྟེང་ང་ཚོ་བོད་པས་ཡ་རབས་དང་སེམས་པ་བཟང་པོ་བྱ་རྒྱུ་ནི་དགོས་མཁོ་ཡོད་པ་ཞིག་ཆགས་འདུག འདིའི་དཔེ་མཚོན་ནི་ང་ཚོ་བོད་མི་རྣམས་རེད། བོད་མི་རྣམས་དངོས་འབྲེལ་ཡ་རབས་དང་སེམས་པ་བཟང་པོ་ཡོད། དེར་བརྟེན། ང་ཚོ་བོད་མི་རྣམས་སེམས་སྐྱིད་པ་ཡོད་པ་རེད། གོང་དུ་ངོས་ཀྱིས་བརྗོད་པ་ནང་བཞིན་རེད། ས་གནས་གང་དུ་ཕྱིན་པ་ཡིན་ནའང་། བོད་པ་ཟེར་དུས་དགའ་པོ་བྱ་རྒྱུ་ལྟ་བུ་ཞིག་འདུག
ངོས་ཀྱིས་འཛམ་གླིང་འདིའི་སྟེང་ཡ་རབས་སྤྱོད་བཟང་འདི་གོང་འཕེལ་གཏོང་དགོས་ཀྱི་འདུག གཞན་ད་ལྟའི་འཛམ་གླིང་གི་གནས་སྟངས་ནི་འཁྲུག་པ་བརྒྱབ། གསོད་རེས་བཏང་། མདོར་ན་ཆོས་ཀྱི་དད་པ་དེ་ཡང་འཐེན་འཁྱེར་བྱ་རྒྱུའི་རྒྱུ་རྐྱེན་སྟེང་ཕྱིན་ནས་གསོད་རེས་གཏང་རྒྱུ། དཔེར་ན། ཁ་ཆེའི་ལུང་པ་ཚོ་སུན་ནི་ Sunnis དང་ཤི་ཡ་ Shias ཕན་ཚུན་གསོད་རེས་གཏོང་གི་འདུག དེ་བཞིན་བྷང་ལ་དེ་ཤི་ Bangladesh ནང་དུ་ནང་པ་དང་ཁ་ཆེ་གསོད་རེས་བཏང་བ་དེ་འདྲ་ཡོང་བཞིན་འདུག ཧ་ཅང་ཐབས་སྡུག་རེད། སྤྱིར་མིའི་ལྷན་སྐྱེས་རང་བཞིན་ནི་བྱམས་བརྩེ་ལྡན་པ་རེད། ཅེསས྄ གང་ཡིན་ཞེ་ན། མི་ནི་སྤྱི་ཚོགས་ལ་བརྟེན་པ་ཞིག་རེད། སྤྱི་ཚོགས་ལ་བརྟེན་པ་ཞིག་ཡིན་སྟབས། སྤྱི་ཚོགས་སེམས་ཅན་(social animal) ཅི་འདྲ་ཞིག་ཡིན་ནའང་སྤྱི་ཚོགས་དེའི་ནང་བརྩེ་བ་ཡོད་པ་རང་བཞིན་གྱིས་ཡོད་པ་རེད། གང་ཡིན་ཞེ་ན་སོ་སོ་འཚོ་བར་སྤྱི་ཚོགས་དེ་ལ་བརྟེན་དགོས། དེར་བརྟེན། སྤྱིར་འགྲོ་བ་མིའི་རིགས་ནི་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཡིན་པར་བརྟེན་ལྷན་སྐྱེས་སུ་བརྩེ་བ་ཡོད་པ་ཞིག་རེད་ཅེས་ཚན་རིག་པས་ཀྱང་ཟེར་གྱི་འདུག ཇི་ཙམ་སེམས་བཟང་པོ་བྱས་ནས་བརྩེ་བ་ཡོད་པ་ཞིག་བྱུང་ན། ལུས་པོ་བདེ་ཐང་ཡོང་གི་རེད། ཁོང་ཁྲོ་དང་ཕྲག་དོག ཞེ་སྣང་བྱས་པ་ཡིན་ན། ལུས་པོའི་ནད་འགོག་བྱེད་ཟུངས་ Immune system ཞན་དུ་འགྲོ་གི་འདུག ཅེས་ཟེར་གྱི་འདུག
གང་ལྟར་ཆོས་ཁས་མ་བླངས་ནའང་ཡ་རབས་དང་སེམས་པ་བཟང་པོ་བྱ་རྒྱུ་ནི་སོ་སོའི་མི་ཚེ་སྐྱིད་པ། སོ་སོའི་ཁྱིམ་ཚང་སྐྱིད་པ། སོ་སོ་ཡོད་སའི་སྤྱི་ཚོགས་དེ་སྐྱིད་པ་ཡོང་རྒྱུ་ཞིག་ཆགས་ཡོད། ང་ཚོ་བོད་གངས་ཅན་ལྗོངས་གཙོ་བོ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་རེད། ང་ཚོ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པ་ལོ་རྒྱུས་ཀྱི་ཐོག་ནས་གནས་ཚུལ་མང་པོ་ཞིག་ཡོང་བཞིན་ཡོད། ལུང་ལ་བརྩིས་པ་ཡིན་ན། བཅོམ་ལྡན་འདས་ཀྱིས་མ་འོངས་པར་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཁ་བ་གངས་ཅན་ཡིན། ཞེས་ལུང་བསྟན་གནང་བ་ཞིག་ཡོད་པ་རེད། དེར་བརྟེན། ང་ཚོ་བོད་པ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་གི་མི་ཡིན་པ་མ་ཟད། རང་བཞིན་གྱི་སེམས་པ་བཟང་པོ་ཡོད་པ་ཞིག་དང་། ཆུང་དུས་སྐབས་ནས་འབུ་གསད་རྒྱུ་མེད་ཅེས་པའི་གོམས་གཤིས་ཡོད་པ་རེད། དེ་ལྟ་བུའི་ཡ་རབས་སྤྱོད་བཟང་བྱ་རྒྱུ་འདི་བོད་མི་རིགས་ཀྱི་ཁྱད་ཆོས་ཡིན་པ་མ་ཟད། འཛམ་གླིང་འདིའི་སྟེང་མིག་དཔེ་སྟོན་ཐུབ་པ་ང་ཚོས་བྱེད་དགོས། ད་བར་ཡག་ཐག་གཅོད་རེད། ད་དུང་ཡིན་ནའང་ཚང་མས་བོད་པའི་རང་བཞིན་གྱི་ཡ་རབས་དང་། དྲང་པོ་དྲང་གཞག སེམས་པ་བཟང་པོ་བྱ་རྒྱུ་འདི་གལ་ཆེན་པོ་ཞིག་ལ་བརྩིས་ནས་ངེས་པར་དུ་བདག་པོ་རྒྱག་དགོས།
བོད་དོན་གྱི་གནས་ཚུལ་ལ་ཆ་བཞག་ནའང་། ང་ཚོས་ལོ་སྟོང་ཕྲག་རིང་གི་ཆོས་དང་རིག་གཞུང་རྣམས་རང་གི་སྐད་ཡིག་ནང་ཆ་ཚང་གཅེས་ཉར་བྱས་ཡོད། བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱ་ལྷག་ཙམ་བོད་ཡིག་ནང་ཡོད་པ་དེ་འདྲའི་མི་རིགས་དང་རིག་གཞུང་ཚད་མཐོ་བོ་ཡོད་པ། ལོ་ངོ་སྟོང་ཕྲག་རིང་རིག་གཞུང་འདི་གོམས་ནས་ཡ་རབས་བཟང་སྤྱོད་ཡོད་པ་ཞིག་ཆགས་སྟབས། དེང་སྐབས་རྒྱ་རིགས་ནང་ནས་བོད་ཀྱི་ནང་ཆོས་ལ་དམིགས་བསལ་དོ་སྣང་དང་སློབ་སྦྱོང་། ཉམས་ལེན་བྱེད་མཁན་མང་དུ་འགྲོ་བཞིན་འདུག གང་ལྟར་བོད་པའི་ཆོས་དང་རིག་གཞུང་བོད་ཡིག་ནང་ཡོད་པ་འདི་མི་རིགས་ཟུར་གསལ་ཡིན་པའི་མཚོན་རྟགས་ལྟ་བུ་ཆགས་བཞིན་ཡོད།
ཆབ་སྲིད་ཐོག་ནས་བཤད་པ་ཡིན་ནའང་། ཇི་ཙམ་བོད་པའི་ཆོས་དང་རིག་གཞུང་དམིགས་བསལ་བྱས་ནས་ཡོད་པ་འདི་བདག་པོ་ཡག་པོ་རྒྱག་ཐུབ་པ་དེའི་ཚོད་ཀྱིས་མི་རིགས་ཀྱི་རྣམ་དཔྱོད་འདོན་པ་དང་། དེ་དང་འབྲེལ་ནས་མི་རིགས་ཀྱི་ཐོབ་ཐང་གི་སྐད་ཆ་ཡོང་གི་རེད། ང་ཚོས་རང་བཙན་ཞེས་བརྗོད་ན་ཤིང་སྟག་སིམ་ལའི་ཆིངས་ཡིག་ནང་བོད་ཕྱི་ནང་གཉིས་ཞེས། བོད་ཕྱི་མ་ཟེར་དུས་རང་སྐྱོང་ལྗོངས་ཁུལ་དེ་དག་རེད། དགའ་ལྡན་ཕོ་བྲང་ཁྱབ་ཁོངས་དེ་རེད། བོད་ནང་མ་ཟེར་དུས་མདོ་སྟོད་སྨད་གཉིས་པོ་དེ་རེད། བོད་ཕྱི་མ་ཟེར་བ་འདི་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་འདི་ཆགས་པ་རེད། དེར་མི་གྲངས་ས་ཡ་གཉིས་མ་ཟིན་ཙམ་མ་གཏོགས་མེད། ང་ཚོས་རྒྱ་ནག་རང་གི་རྩ་ཁྲིམས་ནང་བོད་རིགས་ས་ཁུལ་ཡིན་པར་ངོས་འཛིན་ཡོད་པའི་ས་ཆ་དེ་དག་ལ་རང་སྐྱོང་ལྗོངས་དང་། རང་སྐྱོང་ཁུལ་ཟེར་བ་བོད་རིགས་ཡིན་པའི་ངོས་འཛིན་ཡོད་པ་ཞིག་རྒྱ་ནག་རྩ་ཁྲིམས་ནང་གསལ་ཡོད་པ་དེ་དག་ཚང་མར་ཐོབ་ཐང་གཅིག་པ་དགོས་ཀྱི་ཡོད། སོ་སོ་བོད་པའི་སྐད་ཡིག་བདག་པོ་རྒྱག་རྒྱུ་དང་། དེ་དང་འབྲེལ་བའི་བོད་པའི་ཆོས་དང་རིག་གཞུང་དེ་དག་ལ་ཐོབ་ཐང་གཅིག་པ་དགོས་ཀྱི་ཡོད། ཅེས་ང་ཚོས་འདི་བཤད་ཀྱི་ཡོད་པ་རེད། འདི་འདྲ་བརྗོད་སྐབས་མིའི་གྲངས་ཀ་དེའང་ཕལ་ཆེར་ས་ཡ་དྲུག་ནས་བདུན་བར་སླེབ་ཀྱི་ཡོད། ང་ཚོས་བོད་ཕྱི་མ་ཁོ་ན་རང་བཙན་ཞེས་བཤད་པ་ཡིན་ན། རྒྱ་ཆུང་ངུ་ཆགས་པ་རེད། བོད་རིགས་ཡོངས་རྫོགས་ཀྱི་སྐད་ཆ་བཤད་ན། བོད་ནང་མ་མདོ་སྟོད་སྨད་ས་ཁུལ་ཚང་མ་གཅིག་གྱུར་བྱས་ནས་རེད། ད་ལྟ་བོད་པའི་བསམ་བློའི་ནང་ཆོལ་ཁ་གསུམ་གྱི་བོད་རིགས་ཡོངས་རྫོགས་གཅིག་གྱུར་གྱི་འདུ་ཤེས་ཧ་ཅང་ཡག་པོ་འདུག
གང་ལྟར་ང་ཚོ་ཀྲུན་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་ནང་སྡོད་ཀྱི་ཡིན། རྒྱ་ནག་གི་རྩ་ཁྲིམས་ནང་བོད་རིགས་ཀྱི་ས་ཁུལ་ཡིན་པར་ངོས་འཛིན་ཡོད་པ་དེ་དག་ཚང་མར་ཐོབ་ཐང་གཅིག་པ་དགོས་ཀྱི་འདུག དེང་སྐབས་རྒྱ་རིགས་ནང་བོད་ཀྱི་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག ལོ་ཤས་སྔོན་པེ་ཅིང་མཐོ་སློབ་ཀྱིས་རྒྱ་ནག་ནང་དུ་ནང་པ་ཇི་ཙམ་ཡོད་མེད་ཞིབ་འཇུག་བྱས་འདུག སྐབས་དེར་རྒྱ་ནག་ནང་དུ་ནང་པ་ས་ཡ་སུམ་བརྒྱ་ལྷག་ཙམ་ཡོད་པ་བརྗོད་འདུག དེང་སྐབས་རྒྱ་ནག་ནང་དུ་ནང་པ་ས་ཡ་བཞི་བརྒྱ་མ་ཟིན་ཙམ་ཡོད་པའི་བཟོ་འདྲ་ཞིག་འདུག ལོ་རེ་བཞིན་ནང་པ་མང་དུ་འགྲོ་བཞིན་འདུག རྒྱ་རིགས་ནང་པ་དེ་ཚོས་བོད་ཀྱི་ནང་པའི་ཆོས་ལ་ཧ་ཅང་དགའ་མོས་བྱེད་ཀྱི་འདུག དེར་བརྟེན། ང་ཚོར་ཁ་བྲལ་གྱི་སྐད་ཆ་མེད་པར་ཀྲུན་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་བསྡད་ནས་མི་རིགས་ཀྱི་ཆོས་དང་རིག་གཞུང་གཏིང་ཟབ་ཡོད་པ་འདི་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་བྱ་རྒྱུ་བཤད་བཞིན་ཡོད་པ་རེད། བོད་པས་ཆོས་དང་རིག་གཞུང་གཏིང་ཟབ་བདག་པོ་བརྒྱབ་པ་འདིས་ཧི་མཱ་ལ་ཡ་རི་རྒྱུད་དེ་དག་ལ་དེ་སྔ་ནས་འབྲེལ་བ་ཡོད་པ་དང་། བར་སྐབས་ནས་ཧི་མཱ་ལ་ཡི་རི་རྒྱུད་ནས་མི་མང་པོ་ཞིག་ང་ཚོའི་ཆོས་སྒར་ཁག་ལ་འཛུལ་ཞུགས་བྱས་ནས་སློབ་སྦྱོང་བྱེད་མཁན་དཔེར་ན། གདན་ས་གསུམ་གྱི་ནང་ཆ་བཞག་ན་ཕལ་ཆེར་ཧི་མཱ་ལ་ཡ་རི་རྒྱུད་ནས་རྒྱ་གར་མི་རིགས་ཧ་ལམ་སྟོང་ཕྲག་བཞི་ལྔ་ཙམ་གདན་ས་ཁག་གི་ནང་སློབ་སྦྱོང་བྱེད་བཞིན་ཡོད། བོད་ཀྱི་ཆོས་དང་རིག་གཞུང་གཅིག་གྱུར་བྱས་ནས་ཐོས་བསམ་སྒོམ་གསུམ་བྱེད་མཁན་ནུབ་ལ་དྭགས་ནས་ཤར་མོན་བར་བོད་པ་དང་འབྲེལ་བ་ཤུགས་ཆེན་པོ་ཡོད། དེ་དག་གིས་ཆོས་ལ་ཤེས་ནས་དད་པ་འཐོབ་རྒྱུ་དེ་ཧ་ཅང་ཡར་རྒྱས་འགྲོ་བཞིན་འདུག
ཕྱོགས་གཅིག་ནས་ང་ཚོ་བཙན་བྱོལ་བ་ཆགས་པ་རེད། སེམས་སྐྱོ་བོ་ལྟ་བུ་ཞིག་རེད། ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན་ང་ཚོ་བོད་ལ་ཆོས་དང་རིག་གཞུང་གཏིང་ཟབ་ཡོད་པ་འདི་བོད་པ་ཁོ་ནས་བདག་པོ་བརྒྱབ་པ་མིན་པར་སྔོན་ལ་ཧི་མཱ་ལ་ཡི་རི་རྒྱུད་དང་། རྒྱ་གར་ནང་གང་ཙམ་ཡོད་པ་རེད། དེ་བཞིན་ནང་པའི་ཡུལ་གྲུ་ཁག་མང་པོ་ཞིག་ལ་ང་ཚོས་འབྲེལ་བ་བྱེད་ཀྱི་ཡོད་པ་རེད། ལོ་ལྟར་ཀོ་རི་ཡའི་ནང་པའི་ཆོས་གྲོགས་ཚོ་རྡ་སར་ཡོང་ནས་ངོས་ཀྱིས་ཆོས་འབྲེལ་བྱེད་ཀྱི་ཡོད་པ་རེད། གཞན་ཡང་། ཝེ་ཏི་ནམ་དང་རྒྱ་རིགས། ཉི་ཧོང་བཅས་མང་པོ་ཞིག་དེ་ལྟར་ཡོང་བཞིན་འདུག བོད་ཀྱི་ནང་པའི་ཆོས་དཔལ་ནཱ་ལེནྜ་ནས་བརྒྱུད་པ་ང་ཚོས་བདག་པོ་བརྒྱབ་པ་འདིས་འཛམ་གླིང་སྤྱིའི་སྟེང་སྒོ་ཕྱེ་རྒྱུ་ཡོད་པ་དེ་འདྲའི་དུས་ཚོད་ཅིག་སྒང་ལ་སླེབ་ཡོད། ངོས་ཀྱིས་ནམ་རྒྱུན་རྟག་པར་འདི་ལྟར་བརྗོད་ཀྱི་ཡོད། ང་ཚོ་བོད་པ་ཚོ་སོ་སོའི་ལུང་པ་དང་བྲལ་ནས་བཙན་བྱོལ་བ་ཆགས་པ་འདི་ཧ་ཅང་ཐབས་སྐྱོ་བོ་རེད། འོན་ཀྱང་རྐྱེན་ངན་གྲོགས་ལ་ཤར་བ་ལྟ་བུ་རྐྱེན་ངན་བྱུང་བ་འདིས་བོད་མི་ཤེས་ཡོན་ཅན་མང་པོ་ཞིག་འཛམ་གླིང་རང་དབང་ལུང་པར་སླེབས་ནས་འཛམ་གླིང་ཤར་ནུབ་གང་སར་འབྲེལ་བ་ཆགས་ཡོང་སྐབས། བོད་པའི་ཆོས་དང་རིག་གཞུང་དེ་སྔ་མི་ཤེས་མཁན་དེ་ཚོའི་གྲས་ཀྱིས་གཞི་ནས་བོད་པའི་ཆོས་དང་རིག་གཞུང་གཏིང་ཟབ་འདུག ཅེས་དགའ་མོས་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་འདུག འདི་རྐྱེན་ངན་གྲོགས་ལ་ཤར་བའི་བཟོ་འདྲ་ཞིག་རེད།
ད་དུང་ཡིན་ནའང་བོད་རིགས་ཡིན་ནོ་ཅོག་དང་། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་ཉམས་ལེན་བྱེད་མཁན། སོག་རིགས་ཚོར་ཆ་བཞག་ནའང་བོད་ཀྱི་ཆོས་དང་རིག་གཞུང་ཉམས་ལེན་བྱེད་མཁན་ང་ཚོ་གཅིག་གྱུར་རེད། ཀོ་རི་ཡར་མཚོན་ནའང་སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་ནཱ་ལེནྜའི་ཆོས་བརྒྱུད་ཉམས་ལེན་བྱེད་མཁན་གཅིག་པ་རེད། ཤེས་རབ་སྙིང་པོ་འདོན་མཁན་གཅིག་པ་རེད། དེར་བརྟེན། འཛམ་གླིང་འདིའི་སྟེང་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་གྱི་ཆོས་པ་ཚོ་སེམས་པ་བཟང་པོ་དང་གཞན་ཕན་བསྒྲུབ་རྒྱུའི་ཐད་སེམས་ཤུགས་མི་འདྲ་བ་ཞིག་འདུག ཅེས་འཛམ་གླིང་འདིའི་སྟེང་ད་ཆ་དོ་སྣང་ཡོང་གི་ཡོད་པ་མ་ཟད། ད་དུང་ཡིན་ནའང་དོ་སྣང་ཤུགས་ཆེ་རུ་འགྲོ་རྒྱུར་ཚང་མས་འབད་བརྩོན་གནང་ཤོག བོད་དོན་ལའང་དེས་ཕན་རྒྱུ་རེད། འཛམ་གླིང་ཞི་བདེ་ལའང་ཕན་གྱི་ཡོད། ཅེས་བཀའ་སློབ་སྩལ་ཡོད་པ་རེད།