༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་རྒྱུད་སྟོད་ཀྱི་ཆོས་ཐོག་འགྲིམ་པའི་དགེ་བཤེས་རྣམས་ལ་སྩལ་བའི་བཀའ་སློབ།
བཀྲ་ཤིས་བདེ་ལེགས། ཁྱེད་ཚོ་གྲྭ་སར་འགྲིམས་ནས་གཞུང་ཆེན་བཀའ་པོད་ལྔ་སྦྱངས་ནས་རྒྱུད་པ་གྲྭ་ཚང་ལ་ཞུགས་ཏེ། གསང་བ་འདུས་པ་གཙོ་བོར་གྱུར་བའི་གསང་སྔགས་ཀྱི་ཆོས་དེ་དག་སྦྱངས་པས། སོ་སོས་ཉམས་ལེན་ག་ཚོད་ཐུབ་ཀྱི་ཡོད་མེད་ཇི་ལྟར་ཡང་། སློབ་སྦྱོང་གི་ཕྱོགས་ནས་མདོ་སྔགས་ཟུང་འབྲེལ་གྱི་གཞུང་དེ་དག་ཆ་ཚང་རྒྱུས་ཡོད་པ་ཞིག་ཆགས་ཡོད། སོ་སོས་གོ་ཚོད་དང་ཤེས་ཚོད་དེ་དག་ཐོས་དོན་སྒྲུབ་ལ་གཞོལ་ནས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།། ལུང་དང་རྟོགས་པའི་བདག་ཉིད་དོ།། དེ་འཛིན་བྱེད་པ་སྨྲ་བྱེད་པ།། སྒྲུབ་པར་བྱེད་པ་ཁོ་ན་ཡིན།། ཞེས་གསུངས་པ་བཞིན། ཅི་ཞིག་སློབ་སྦྱོང་བྱས་པ་དེ། རྒྱུད་ཐོག་ལ་སྦྱར་ནས་ལག་ལེན་བསྟར་རྒྱུ་དེ་གལ་ཆེན་པོ་རེད། ཅི་ཙམ་གྱིས་སོ་སོའི་ཐོས་དོན་སྒྲུབ་ལ་གཞོལ་ནས། བསླབས་པ་དེ་དག་མྱོང་བ་ལ་སྦྱར་ནས་ཡོད་ན། མི་ལ་བཤད་སྐབས་ཀྱང་དེའི་ཚོད་ཀྱིས་ཕན་ཐོགས་ཆེ་བ་ཡོང་གི་རེད། ཚིག་སྐམ་པོ་རྐྱང་རྐྱང་གིས་སྐོར་བ་བརྒྱབ་ནས་བསྡད་ན་དེ་ཙམ་གྱིས་ཕན་ཐོགས་ཡོད་པ་མ་རེད། ཤེས་སོང་ངམ།
སྔོན་ཝ་རཱ་ཎ་སིར་དམ་བཅའ་ཚོགས་སྐབས། ད་རེས་རྟགས་གསལ་གཏོང་དུས་ལུང་འདྲེན་རྩ་ནས་མེད་པར་རྟགས་གསལ་གཏོང་རྒྱུ་ཡིན་ཞེས་ངས་ཞུས་མྱོང་། དེ་དུས་རྒན་པདྨ་རྒྱལ་མཚན་དང་རྒན་ཉི་མ་ཡང་ཡོད། ད་རེས་རྒྱ་གར་ལྷོ་ཕྱོགས་ལ་སླེབས་དུས་ཀྱང་། མཛོད་འདུལ་གཉིས་གནས་ཚུལ་ཁག་ཁག་རེད་མ་གཏོགས། དབུ་ཕར་རྣམ་འགྲེལ་གསུམ་ལ་ལུང་འདྲེན་རྩ་ནས་མེད་པར་རིགས་པས་སྒྲུབ་དགོས། ལུང་ཞིག་དྲངས་ནས་ཞེས་གསུངས་པའི་ཕྱིར་ལབ་དུས་བཙན་དབང་གི་གཡའ་ཅུང་ཙམ་ཡོད་པས།(བཞད་མོ་བཞད།) ལན་རྒྱག་མཁན་དེས་ཀྱང་ཞྭ་མོ་ཕུད་ནས་འགུལ་བསྐྱོད་རྒྱག་ས་མེད་པ་ཆགས་འགྲོ་བ་དེ་མི་དགོས་པར། རིགས་པ་རང་གིས་སྒྲུབ་དགོས་ཞེས་ལབ་དགོས་དྲན་ཡོད།
གང་ལྟར་སངས་རྒྱས་པའི་ཆོས་འདི་རིགས་པ་དང་ལྡན་པ་ཞིག་ཡིན་པ་ཧ་ཅང་གསལ་བོ་ཡིན། ལྷག་པར་དུ་ཡང་དཔལ་ནཱ་ལེནྡྲའི་ཆོས་རྒྱུད་དེ་རིགས་པ་དང་ལྡན་པ་ཞིག་ཡིན་པས་ཚན་རིག་དང་མཉམ་དུ་འགྲོ་ཐུབ་ཀྱི་ཡོད་ཀྱང་། ཆོས་ལུགས་གཞན་དག་ཚན་རིག་དང་མཉམ་དུ་འགྲོ་ཐབས་རྒྱུ་རྩ་ནས་མེད། དེར་བརྟེན་འགྲེལ་བ་དོན་གསལ་གྱི་ནང་ལ། མངོན་རྟོགས་རྒྱན་གྱི་མཆོད་བརྗོད་ཉན་ཐོས་ཞི་སོགས་ཞེས་འགྲེལ་བཤད་བརྒྱབ་ཡོང་དུས། དབང་རྟུལ་དད་པའི་རྗེས་འབྲངས་དང་། དབང་རྣོན་ཆོས་ཀྱི་རྗེས་འབྲངས་ཞེས་ཡོད་པ་ལྟར། དབང་རྣོན་ཆོས་ཀྱི་རྗེས་འབྲངས་ཀྱི་འགྲོ་སྟངས་ལྟར་བྱས་ནས། གཞི་ལམ་རྣམ་གསུམ་བདེན་མེད་དུ་སྒྲུབ་སྟེ། བདེན་མེད་ཀྱི་གོ་བ་ཆགས་ནས་ཡོང་དུས། ཡུམ་ཤེར་ཕྱིན་ལ་དད་པ་ཡོང་བར་མ་ཟད། དབང་རྣོན་ཆོས་ཀྱི་རྗེས་འབྲངས་ཀྱི་འགྲོ་སྟངས་ལྟར་བྱས་པ་ཡིན་ན། སངས་རྒྱས་ཀྱི་བསྟན་པ་དུས་རབས་བརྒྱ་ཕྲག་ཁ་ཤས་ལ་སྡོད་ཐུབ་ཀྱི་རེད་སྙམ། གང་ལྟར་ཚན་རིག་དང་མཉམ་དུ་འགྲོ་ཐུབ། དབང་རྟུལ་དད་པའི་རྗེས་འབྲངས་ཀྱི་"སྐྱབས་སུ་མཆི་"ཟེར་བ་དེའི་སྒང་ནས་ཕྱིན་པ་ཡིན་ན། ང་ཚོའི་མི་རབས་གཅིག་ཚར་ན་དེ་ནས་ཁག་པོ་ཆགས་ཀྱི་རེད། དེར་བརྟེན་གཞུང་ཆེན་སྦྱོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན།
འཛམ་བུ་གླིང་འདིའི་སྒང་ལ་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་པ་ལྟར། ངས་ཆོས་ལུགས་ཚང་མ་ལ་གུས་པ་བྱེད་ཀྱི་ཡོད། ཆོས་ལུགས་མི་འདྲ་བ་དེ་དག་གིས་ལོ་སྟོང་ཕྲག་ལྷག་གི་རིང་མི་ས་ཡ་མང་པོ་ལ་ཕན་ཡོད་པ་དེ་ཡོངས་སུ་འགྲིག་པ་རེད། སྐབས་རེར་ཆོས་ལུགས་རྒྱུ་མཚན་དུ་བྱས་ཏེ་གསོད་རེས་གཏོང་གི་ཡོད་ཀྱང་། སྤྱིར་བཏང་ལྕི་ཡང་བཀྱགས་པ་ཡིན་ན། ཆོས་ལུགས་ཚང་མས་མི་ལ་བྱམས་བརྩེ་དགོས་རབས་གསུང་གི་ཡོད་པས་ཕན་ཐོགས་ཤུགས་ཆེན་པོ་བྱུང་ཡོད། ཡིན་ན་ཡང་ལྟ་གྲུབ་ཀྱི་ཐོག་ལ་ཕྱིན་པ་ཡིན་ན། ཆོས་ལུགས་གཞན་དེ་དག་དད་པ་རྐྱང་རྐྱང་གི་ཐོག་ནས་འགྲོ་ཡི་ཡོད། ཨོ་རང་གྷ་བྷ་ཐི་(Aurangabad-རྒྱ་གར་གྱི་ཞིང་ཆེན་ཞིག་ཡིན།)ལ་ཤྲཱི་ལངྒའི་གནས་བརྟན་མང་པོ་ཕེབས་འདུག དེ་དག་གིས་འདུལ་བའི་ཉམས་ལེན་ཡག་པོ་གནང་བ་བསམ་གྱིས་མི་ཁྱབ་ན་ཡང་། སངས་རྒྱས་པའི་ཆོས་དེ་རིགས་པའི་ལམ་ནས་གཏན་ལ་ཕབ་ཡོད། བྷན་ཀོག་(Bangkok)ལ་ནང་པའི་སློབ་གྲྭ་ཆེན་མོ་ཞིག་ཡོད། སྔ་མོ་ང་དེར་འགྲོ་མྱོང་། ལོ་མང་གོང་ལ་ཐའེ་ལན་གྱི་སློབ་གྲྭ་དེའི་མཁས་དབང་མང་པོ་ཞིག་དྷི་ལི་(Delhi)ལ་ཕེབས་ནས། ང་ཚོས་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་། བྱང་ཕྱོགས་སོ་བདུན་སོགས་ཐུན་མོང་བ་དེ་དག་ལ་བགྲོ་གླེང་བྱས་རྗེས། ངས་"ཁྱེད་ཚོས་བདེན་བཞི་མི་རྟག་སོགས་བཅུ་དྲུག་གསུང་སྐབས་ལུང་ཙམ་ལ་བརྟེན་གྱི་ཡོད་དམ། རིགས་པས་སྒྲུབ་ཀྱི་ཡོད་"ཅེས་བཀའ་འདྲི་ཞུས་པར་ལུང་ཙམ་ལ་བརྟེན་གྱི་ཡོད་ཟེར། དེ་མ་ཐག་ངའི་སེམས་ནང་ལ་དཔལ་ལྡན་ཆོས་ཀྱི་གྲགས་པ་དང་ཕྱོགས་ཀྱི་གླང་པོ་དྲན་སོང་། ཚད་མར་གྱུར་པ་འགྲོ་བ་ཕན་བཞེད་པ།། སྟོན་པ་བདེ་གཤེགས་སྐྱོབ་་་།། ཅེས་པའི་མཆོད་བརྗོད་ཀྱི་དོན་དཔལ་ལྡན་ཆོས་གྲགས་ཀྱིས་རྣམ་འགྲེལ་ལེའུ་གཉིས་པའི་ནང་ལ་རིགས་པས་སྒྲུབ་ནས་གསུངས་ཡོད་པ་དང་། བོད་པས་དཔལ་ནཱ་ལེནྜའི་མཁས་པའི་དབང་པོ་དེ་དག་གི་གཞུང་ལྟ་ཡི་ཡོད།
སྔར་བོད་ལ་རྒྱན་དྲུག་མཆོག་གཉིས་ཡོད་པ་དེ་ངས་པཎ་གྲུབ་བཅུ་བདུན་བཟོས་པ་འགྲིག་པ་རེད་དམ་མ་འགྲིག་པ་རེད།(འགྲིག་པ་རེད་ཞུས།) རྒྱན་དྲུག་མཆོག་གཉིས་ཀྱི་ནང་ལ་ཞི་བ་འཚོ་དང་ཟླ་བ་གྲགས་པ། ཞི་བ་ལྷ། འགྲེལ་བ་དོན་གསལ་མཛད་མཁན་གྱི་སློབ་དཔོན་སེངྒེ་བཟང་པོ་ཡང་མེད་པར་བརྟེན། ངས་པཎ་གྲུབ་བཅུ་བདུན་བཟོས་པར་མ་ཟད། བཀའ་འགྱུར་དང་བསྟན་འགྱུར་གྱི་གཞུང་དོན་ལ་བསམ་བློ་བཏང་ན་སྡེ་ཚན་གསུམ་དུ་ཕྱེ་ཐུབ་སྟེ། སེམས་ཁམས་རིག་པ་གཙོ་བོར་གྱུར་པའི་ཚན་རིག་གི་སྡེ་ཚན་གཅིག སེམས་ཁམས་རིག་པ་ཚན་རིག་ནང་ལ་འཇོག་ཐུབ་ཅིང་། དེང་སང་ཚན་རིག་པ་ཚོས་ང་ཚོའི་གཞུང་ནས་བཤད་པའི་སེམས་ཁམས་རིག་པ་དེ་ཧ་ཅང་དགོས་མཁོ་ཆེ་བ་མཐོང་གི་འདུག ནུབ་ཕྱོགས་པའི་ཆོས་རྒྱུད་ཀྱིས་དད་པ་བྱ་རྒྱུ་མ་གཏོགས། བསམ་བློ་བཏང་ནས་འགྲོ་སྟངས་ཅི་ཡང་བཤད་ཀྱི་མེད་པར་བརྟེན། སྤྱིར་སངས་རྒྱས་པའི་ཆོས་དང་དེའི་ནང་ཚན་ནས་ཀྱང་ནཱ་ལེནྡྲའི་ཆོས་རྒྱུད་ཀྱི་ནང་ལ་སེམས་ཁམས་རིག་པ་ཧ་ལས་པའི་ཞིབ་ཚགས་པོ་ཡོད། ཐོག་མར་བློ་རིགས་ལྟ་བའི་སྐབས་ནས། དཔེར་ན། ཀུན་འགྲོ་ལྔ་དང་ཡུལ་ངེས་ལྔ། དགེ་བ་བཅུ་གཅིག རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ གཞན་འགྱུར་བཞི་བཅས་སེམས་བྱུང་ལྔ་བཅུ་རྩ་གཅིག་ཏུ་ཕྱེ། དེ་དག་སྐྱེ་ཡོང་དུས་ཀྱང་སེམས་རེ་རེར་དམིགས་རྐྱེན། བདག་རྐྱེན། དེ་མ་ཐག་རྐྱེན་སོགས་ཧ་ཅང་མང་པོ་ཞིག་ཞིབ་ཚགས་པོས་བཤད་ཀྱི་ཡོད་པས། སེམས་ཁམས་རིག་པ་ཧ་ཅང་སྤུས་དག་པོ་ཞིག་ཡིན། དེ་དག་ཀྱང་རིགས་པའི་ལམ་ནས་སྒྲུབ་ཀྱི་ཡོད་པར་བརྟེན། ང་ཚོ་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་པཎ་གྲུབ་བཅུ་བདུན་གྱི་གཞུང་དེ་དག་དངོས་གནས་དྲང་གནས་བློ་གྲོས་ཀྱི་མིག་འབྱེད་བྱེད་ཧ་ལས་པ་ཞིག་རེད།
དགེ་བཤེས་ཚོས་དེ་དག་བསླབས་ཡོད། གོང་དུ་བཤད་པ་ལྟར་འཛམ་བུ་གླིང་འདིའི་སྒང་ལ་བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཅིག་ཡོད་པ་དེ་དག་ལ་དབྱེ་བ་ཕྱེ་ན། སེམས་ཁམས་རིག་པ་གཙོ་བོར་གྱུར་བའི་ཚན་རིག་གི་སྡེ་ཚན་གཅིག ལྟ་གྲུབ་ཀྱི་སྐོར་སྡེ་ཚན་གཅིག ཆོས་ཀྱི་སྐོར་སྡེ་ཚན་གཅིག་བཅས་སྡེ་ཚན་གསུམ་ཡོད་ཀྱང་། ཆོས་ཀྱི་སྡེ་ཚན་དེ་ནང་པ་ལ་མ་གཏོགས་འབྲེལ་བ་མེད། སེམས་ཁམས་རིག་པ་གཙོ་བོར་གྱུར་བའི་ཚན་རིག་གི་སྡེ་ཚན་དང་། རྟེན་འབྱུང་གི་དེ་ཁོ་ན་ཉིད་ཀྱི་ལྟ་གྲུབ་ལ་ཚན་རིག་པ་ཚོས་ཀྱང་ཧ་ཅང་དགའ་བོ་བྱེད་པས། དེ་ཤེས་ཡོན་གྱི་སྡེ་ཚན་ནང་ལ་བཞག་ནས་དབྱེ་བ་དེ་ལྟར་ཕྱེ་ཡོད། བཀའ་འགྱུར་བསྟན་འགྱུར་གྱི་བརྗོད་བྱ་དེ། ཆོས་ཕྱོགས་དང་འབྲེལ་བའི་རིགས་གཅིག་ཡོད་པ་དེ་ནང་པའི་གཞུང་ཡིན་ན་ཡང་། བརྗོད་བྱ་དེ་དག་ཤེས་ཡོན་གྱི་སྡེ་ཚན་ནང་ལ་བཞག་ནས་སློབ་ཐུབ་པ་ཞིག་དང་། ཤེས་ཡོན་གྱི་སྡེ་ཚན་ནང་ལ་བཞག་ནས་ཆོས་དད་མེད་མཁན་ཚོར་ཡང་སློབ་ཁྲིད་བྱས་ཏེ་ཤེས་དགོས། དཔེར་ན། རྒྱ་མི་གུང་ཁྲན་ཏང་ཆོས་ལ་ངོ་རྒོལ་བྱེད་མཁན་དེ་དག་གིས་ཀྱང་སེམས་ཁམས་རིག་པ་ཤེས་པ་ཡིན་ན། དེ་ལ་དགག་པ་རྒྱག་མི་ཐུབ། ཆོས་དད་ཡོད་པའི་ཆོས་ལུགས་མི་འདྲ་བ་དེ་དག་ཚང་མ་ལ་སེམས་ཁམས་རིག་པས་ཕན་ཐོགས་ཡོད་པར་བརྟེན། ང་ཚོས་བཀའ་འགྱུར་བསྟན་འགྱུར་ལ་སྡེ་ཚན་གསུམ་དུ་ཕྱེ་ནས། སེམས་ཁམས་རིག་པ་གཙོ་བོར་གྱུར་བའི་ཚན་རིག་གི་སྡེ་ཚན་དེ་ཕྱོགས་སྒྲིག་བྱས་ནས་<<ནང་པའི་ཚན་རིག་བཏུས་>>ཀྱི་དེབ་(ཤོག་ངོས་ལྔ་བརྒྱ་ལྷག་ཡོད་པའི་གླེགས་བམ་སྟོད་ཆ་དང་སྨད་ཆ་གཉིས་ཡོད།)གཅིག་ཐོན་ཚར་ཡོད་ཅིང་། <<ལྟ་གྲུབ་ཀུན་བཏུས་>>མགྱོགས་པོར་ཐོན་གྲབས་ཡོད། དེར་བརྟེན་ཆོས་ཀྱི་སྡེ་ཚན་རྐྱང་རྐྱང་གི་སྒང་ལ་མི་འཇོག་པར། མི་མང་པོ་ཞིག་ལ་ཕན་ཐོགས་ཡོང་བ་ལ་སེམས་ཁམས་རིག་པ་དང་། སེམས་ཁམས་རིག་པ་དང་འབྲེལ་ནས་སྤྱོད་འཇུག་ནང་ལ་གསུངས་པའི་རང་གཅེས་དང་། དབུ་མའི་གཞུང་ནས་གསུངས་པའི་བདེན་འཛིན་གྱིས་ཉོན་མོངས་ཀྱི་རྩ་བ་བྱེད་ཅིང་། ཉོན་མོངས་པས་སེམས་མི་སྐྱིད་པར་བྱེད་ཀྱི་ཡོད་པ་དེ་དག དམིགས་བསལ་ཆོས་དང་མ་འབྲེལ་བར་སེམས་ཁམས་རིག་པ་གཙོ་བོ་བྱས་ནས་སེམས་ལ་ཞི་བདེ་ཡོང་ཐབས། སེམས་ཀྱི་ཞི་བདེ་དཀྲུག་མཁན་དེ་ཆགས་སྡང་སོགས་ཡིན་པ། དེའི་གཉེན་པོ་ང་ཚོའི་གཞུང་ན་མ་གཏོགས། ཡི་ཤུའི་ཆོས་དང་ཁ་ཆེའི་ཆོས། ཆོས་ལུགས་གཞན་དག་མང་པོ་ཞིག་གི་ནང་ལ་ཁྱོན་ནས་ཡོད་པ་མ་རེད། ཆོས་ལུགས་དེ་དག་དཀོན་མཆོག་ལ་གསོལ་བ་གདབ་རྒྱུ་མ་གཏོགས་ཅི་ཡང་མེད་ཀྱང་། ནང་པའི་གཞུང་སྤྱི་དང་ལྷག་པར་ནཱ་ལེནྡྲའི་སེམས་ཁམས་རིག་པ་དང་འབྲེལ་ནས་གསུངས་པ་དེ་དག་དངོས་གནས་དྲང་གནས་ཧ་ལས་པ་རེད། ང་ཚོས་དེ་ཆོས་ཀྱི་སྡེ་ཚན་ལ་བཞག་ན་ནང་པ་ལ་མ་གཏོགས་འབྲེལ་བ་མེད་པས། སྡེ་ཚན་ཟུར་དུ་ཕྱེ་ནས་སེམས་ཁམས་རིག་པ་དང་། གཙུག་ལག་སློབ་གྲྭའི་(Academy)ཤེས་ཡོན་གྱི་སྡེ་ཚན་ནང་ལ་བཞག་ནས་སློབ་ཁྲིད་བྱ་དགོས།
ཁྱེད་ཚོ་རྒྱུད་སྟོད་ཀྱི་ཆོས་ཐོག་སྐོར་ཚར་ནས་བོད་ལ་འགྲོ་བའི་རེ་བ་རྒྱག་མཁན་ཡོད་དམ།(རྒྱ་གཞུང་གིས་ཡིག་ཆ་སྤྲོད་ཀྱི་མི་འདུག་ཞུས་པར།) ད་ལྟ་རྒྱ་མིས་ཡིག་ཆ་སྤྲོད་ཀྱི་ཡོད་དམ་མེད། གང་ལྟར་བོད་ནང་ལ་ཆག་བཞག་ན་ཡང་། ཆོས་དད་རྐྱང་རྐྱང་གི་སྐད་ཆ་མིན་པར་ཤེས་ཡོན་གྱི་སྡེ་ཚན་ནང་ལ་ངོ་སྤྲོད་བྱས་ནས། ཆོས་ལ་དད་པ་མེད་པར་ཤེས་ཡོན་གྱི་འདུ་ཤེས་འཛིན་མཁན་ཚོ་ལ་ཡང་སློབ་ཁྲིད་བྱེད་རྒྱུ་ཡོད་པ་ཞིག་བཟོ་དགོས། དེ་ལྟར་བྱས་ན་ཁྱབ་ཆེན་པོ་ཞིག་ཡོང་ཐུབ། གང་ལྟར་འཛམ་བུ་གླིང་འདིའི་སྒང་ལ་ཆོས་དད་མེད་མཁན་གྱི་མི་དུང་ཕྱུར་བཅུ་ལྷག་ཙམ་ཡོད་པར་བཤད་པ་དང་། ཁ་ཞེ་གཉིས་མེད་ཀྱིས་རྒྱ་མི་གུང་ཁྲན་ཡིན་པ་དེ་དག་ལ་ཆོས་དད་མེད་ཀྱང་། དེང་སང་ཁ་ནས་གུང་ཁྲན་ཏང་ཡོན་ཡིན་པ་དང་། སེམས་ཀྱི་ནང་ནས་ཆོས་དད་ཡོད་མཁན་ཡོང་གི་འདུག ཆོས་ལ་དད་པ་མེད་པའི་གུང་ཁྲན་ཏང་ཡོན་དང་། མི་སུ་ཡིན་ན་ཡང་བྱམས་བརྩེ་དང་སེམས་ཁམས་རིག་པ་ལ་དགའ་བོ་བྱེད་པ་ལས། གུང་ཁྲན་ཏང་ཡོན་ཞིག་ཡིན་ན་ཡང་ཁོང་ཁྲོ་ལ་དགའ་བོ་བྱེད་ཀྱི་མ་རེད། དེར་བརྟེན་སེམས་ཀྱི་ཞི་བདེ་དང་། སེམས་ཀྱི་བདེ་སྐྱིད་ཀྱི་ཐོག་ནས་བཤད་ན། ང་ཚོས་བསླབས་པ་དེ་དག་ཡག་ཤོས་ཆགས་ཡོད་སྟབས། དེ་འཆད་སྐབས་ཀྱང་ཆོས་བཤད་ཀྱི་ཡོད་བསམ་པ་མི་བྱེད་པར། སྤྱིར་བཏང་གི་ཤེས་ཡོན་གྱི་སྡེ་ཚན་ནང་ལ་བཞག་ནས་བཤད་ཐུབ་ན་ཡག་པོ་ཡོང་གི་རེད། དེ་བཤད་སྙིང་འདོད་བྱུང་།
ང་ཚོས་བསླབས་པ་དེ་དག རང་གཞན་དོན་ནི་རབ་སྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།། བྱང་ཆུབ་མཆོག་གི་སེམས་ནི་སྐྱེ་བགྱིས་ནས།། སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར།། ཞེས་གསུངས་པའི་སེམས་ཅན་ཐམས་ཅད་ལས་དུད་འགྲོ་རྣམས་ལ་སྐད་ཆ་བཤད་རྒྱུ་མེད་ཀྱང་། འགྲོ་བ་མི་རྣམས་ཀྱིས་ཕན་ཚུན་སྐད་ཆ་བཤད་ནས་གོ་རྒྱུ་ཚོར་རྒྱུ་ཡོད་པས། ང་ཚོས་གང་བསླབས་པ་དེ་དག་ཆོས་དང་མ་འབྲེལ་བར་ཤེས་ཡོན་གྱི་སྡེ་ཚན་ནང་ལ་བཞག་སྟེ་ཅི་ཐུབ་ཐུབ་ཀྱིས་གཞན་ལ་ངོ་སྤྲོད་བྱེད་ཐུབ་པ་དང་། འཛམ་བུ་གླིང་སྤྱི་དང་ལྷག་པར་ཆོས་ཀྱི་སྐད་ཆ་མིན་པར་རྒྱ་གར་གྱི་གནའ་རབས་ཀྱི་འཚེ་བ་མེད་པ་དང་བྱམས་བརྩེའི་རིག་གནས་ཀྱི་སློབ་སྦྱོང་སྤྲད། ནང་པ་མ་བྱུང་གོང་ནས་ཡོད་པའི་གནའ་རབས་རྒྱ་གར་གྱི་ལོ་སྟོང་ཕྲག་གསུམ་གྱི་གོང་ནས་དར་བའི་བྱམས་བརྩེ་དང་འཚེ་བ་མེད་པའི་རིག་གནས་དེ། དུས་རབས་གསར་པའི་རྒྱ་གར་གྱི་སྤྱི་ཚོགས་ནང་ལ་དེ་དག་བསྐྱར་གསོ་བྱས་ནས། དེང་དུས་ཀྱི་ཤེས་ཡོན་དང་གནའ་རབས་ཀྱི་ཤེས་ཡོན་ཟུང་དུ་སྦྲེལ་ནས་སློབ་ཐུབ་དགོས་ཞེས་ངས་རྟག་པར་འབོད་སྐུལ་བྱེད་ཀྱི་ཡོད་ལ། རྒྱ་གར་བ་མང་པོས་དོ་སྣང་ཤུགས་ཆེན་པོ་བྱས་ཡོང་གི་འདུག གནས་ཚུལ་དེ་ལྟ་བུའི་ཐོག་ལ་དགེ་བཤེས་རྣམ་པ་ཚོས་སློབ་སྦྱོང་བྱས་ཡོད་པས་ཞབས་འདེགས་སྒྲུབ་པའི་ཆ་རྐྱེན་མང་བ་ཡོད། དེང་དུས་ཀྱི་སློབ་དཔོན་ཆེན་མོ་ཡིན་ཞེས་མིང་ཧ་ཅང་ཆེན་པོ་ཡོད་ན་ཡང་། སེམས་ཁམས་རིག་པ་སོགས་ལ་ཆེད་དུ་གཉེར་ནས་སློབ་སྦྱོང་ཤུགས་ཆེན་པོ་བྱས་མེད་སྟབས་ཁག་པོ་རེད། ང་ཚོས་གཞུང་ཆེན་བཀའ་པོད་ལྔ་དང་། དེའི་ནང་ནས་ཀྱང་དབུ་ཕར་རྣམ་འགྲེལ་གསུམ་ལ་སྦྱངས་པ་དེ། དམིགས་བསལ་ཆོས་ཀྱི་སྐད་ཆ་མིན་པར། ཤེས་ཡོན་གྱི་སྡེ་ཚན་ནང་ནས་མི་སྤྱི་ལ་ཕན་འདོགས་ཐུབ་པ་དང་། ལྷག་པར་དུ་རྒྱ་གར་གྱི་ནང་ལ་རྒྱ་གར་གྱི་རིག་གནས་བསྐྱར་གསོ་བྱེད་པར་ང་ཚོས་ཕན་འདོགས་ཐུབ་པ་ཞིག་མཐོང་གི་འདུག དེ་ཧ་ཅང་གལ་ཆེན་པོ་འདུག
ཁྱེད་ཚོར་བོད་ལ་འགྲོ་རྒྱུའི་གོ་སྐབས་བྱུང་ན། བོད་ནང་ལ་ཡོད་པའི་རྒྱ་ཆེ་མི་དམངས་རྣམས་དེ་བས་ཀྱང་ཆོས་ལ་དད་པ་ཡོད་པས། དད་པ་བྱ་སའི་ཆོས་དེ་ཅི་འདྲ་ཞིག་ཡིན་པའི་འགྲེལ་བཤད་ཡག་པོ་རྒྱོབས། ནམ་རྒྱུན་ལམ་རིམ་རྣམས་ཀྱི་ནང་ལ་ཡོངས་གྲགས་བྱས་ནས། དང་པོ་བཤེས་གཉེན་བསྟེན་ཚུལ། དེ་ནས་དལ་འབྱོར་དོན་ཆེན་བསམ་པ། དེ་ནས་འཆི་བ་མི་རྟག་པ་བསམ་པ་སོགས་བང་སྒྲིག་ནས་གསུངས་ཡོད་ཀྱང་། ངས་མངོན་རྟོགས་རྒྱན་གྱི་ནང་ལ། སྒྲུབ་དང་བདེན་པ་རྣམས་དང་ནི།། སངས་རྒྱས་ལ་སོགས་དཀོན་མཆོག་གསུམ།། ཞེས་གསུངས་པ་གཞིར་བཞག་ནས། སྒྲུབ་དང་ཞེས་པས་སྒྲུབ་པ་རང་གི་ངོ་བོ་བདེན་པ་གཉིས་ལ་འདོམས་པའི་གདམས་ངག་ཅེས་པ་ལྟར་སྔོན་ལ་བདེན་གཉིས་བཤད། བདེན་གཉིས་ཀྱི་གོ་བ་ཡག་པོ་ཞིག་ཆགས་པ་ན། འགོག་བདེན་ཞེས་པ་ཞིག་ཡོང་སྲིད་པ་དང་། ཉོན་མོངས་ཀྱི་རིགས་དེ་དག་བདེན་འཛིན་གྱིས་སྐྱེ་ཡི་ཡོད་པ། བདེན་འཛིན་ཞེས་པ་ལོག་ཤེས་ཡིན་པ་སོགས་ཡག་པོ་ཞིག་སྒྲུབ་ཐུབ་ན། འགོག་བདེན་ནི་དྲི་མ་གློ་བུར་བ་ཞེས་པ་ལྟར་ཡིན། ཉོན་མོངས་དེ་དག་གི་རྩ་བ་བདེན་འཛིན་ལ་ཐུག་ཡོད་པ་དང་། བདེན་འཛིན་དེ་ལོག་རྟོག་ཡིན་པ། ལོག་ཤེས་ག་ཚོད་ཀྱིས་ཤུགས་ཆེན་པོ་ཡོད་ན་ཡང་དེ་ལ་རྒྱབ་རྟེན་ཚད་མ་མེད་པར་བརྟེན། སྒྲུབ་དང་ཞེས་པའི་སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པའི་གདམས་ངག་གིས་ནང་པའི་ཆོས་ཀྱི་གཞི་བཏིང་། དེ་ནས་དམིགས་པ་བདེན་པ་བཞི་ལ་འདོམས་པའི་གདམས་ངག་གིས། གཞིའི་གནས་ཚུལ་སྣང་གནས་མི་མཐུན་པ་ཞིག་ཡོད་པ་དེའི་ཐོག་ནས། ང་ཚོར་སྣང་ཚུལ་དེ་དོན་གྱི་ངོས་ནས་ཡོད་པ་ཞིག ཆོས་ཀྱི་བདག་མེད་གསུང་མཁན་དབུ་སེམས་ཀྱི་གཞུང་གཉིས་རེད།
རྗེ་རིན་པོ་ཆེས། གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་།། སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད།། རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན།། མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ།། ཞེས་གསུངས་པ་ལྟར། དགག་བྱ་བདེན་གྲུབ་དབང་ཤེས་ལ་སྣང་བ་དེ་དེའི་ཐོག་ནས་བཤད་ཐུབ། རང་རྒྱུད་པས་དགག་བྱ་བདེན་གྲུབ་དབང་ཤེས་ལ་མི་སྣང་བར་རིག་ངོའི་དགག་བྱར་བཤད་ན། སྣང་བས་ཡོད་མཐའ་སེལ་བ་དེ་ཡོང་མི་ཐུབ། དེ་དག་ལ་བསམ་བློ་ཡག་པོ་ཞིག་བཏང་ན། དངོས་གནས་དྲང་གནས་ཆོས་ཀྱི་བདག་མེད་བཞེད་མཁན་གྱི་གྲུབ་མཐའི་ནང་ཚན་ནས་དབུ་མ་པ་དང་། དབུ་མ་པའི་ནང་ནས་ཀྱང་ཐ་སྙད་དུ་རང་མཚན་མི་བཞེད་པའི་དབུ་མ་ཐལ་འགྱུར་བའི་ལྟ་བ་དེ་ཧ་ལས་པའི་ཤུགས་ཆེན་པོ་རེད། ངས་དེ་ལ་བསམ་བློ་དགའ་རབས་བཏང་བ་ཡིན་ལ། ད་དུང་ཡང་ཉིན་རྟག་བསམ་བློ་གཏོང་གི་ཡོད། སྔོན་མ་མཚན་ཞབས་སེར་བྱེས་དགེ་བཤེས་རྒན་དངོས་གྲུབ་ཚོགས་གཉིས་དབུ་མ་ལ་ཧ་ལས་པའི་ཐུགས་སྣང་ཡོད་པ་དེས་ང་ལ་ཡང་ཤུགས་རྐྱེན་ཧ་ལས་པ་ཞིག་ཐེབས་འདུག དེ་སྔ་བོད་ལ་ཡོད་དུས་ནས་དེ་ལྟར་བྱས་ཏེ་དབུ་མའི་ལྟ་བ་ལ་ དོ་སྣང་དགའ་རབས་བྱས་པ་ཡིན། ཧ་ལས་པའི་ཕན་ཐོགས་ཆེན་པོ་འདུག དེ་དང་འབྲེལ་ནས་དྲི་མ་གློ་བུར་བ་ཡིན་པ། ཉོན་མོངས་པའི་རྩ་བ་བདེན་འཛིན་དེ་ལོག་ཤེས་ཡིན་པ། དེ་ལ་གཉེན་པོ་སྟོབས་ལྡན་ཡོད་པ་སོགས་མཐོང་ན། བྱང་ཆུབ་དོན་གཉེན་གྱི་བློ་ཡང་སླེབས་ཡོང་གི་འདུག སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་། ཤེས་རབ་ཀྱིས་བྱང་ཆུབ་ལ་དམིགས་པ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅེས་པའི་བྱང་ཆུབ་ཀྱི་སེམས་དང་། བྱང་ཆུབ་དེ་ངོ་ཡག་པོ་ཞིག་མ་འཕྲོད་ན། སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ལབ་པ་དེ་ཚིག་ཙམ་ཞིག་རེད།
བྱང་ཆུབ་ངོ་འཕྲོད་པ་ལ་ཤེས་རབ་ཀྱིས་བྱང་ཆུབ་ལ་དམིགས་པ་དེ། སྟོང་ཉིད་ཀྱི་ལྟ་བ་དང་འབྲེལ་ནས་གསུངས་དགོས་པས་གཞི་བདེན་པ་གཉིས་དང་། བདེན་བཞིའི་ནང་གི་འགོག་བདེན་དེ་སྒྲུབ། དེ་ལྟ་བུའི་འགོག་ལམ་གྱི་ཆོས་དཀོན་མཆོག་རང་དབང་གི་ཐོག་ནས་འདོམས་པར་མཛད་མཁན་གྱི་སངས་རྒྱས་དཀོན་མཆོག འགོག་ལམ་གྱིས་བསྡུས་པའི་ཆོས་དཀོན་མཆོག་དེ་ཚུལ་བཞིན་དུ་སྒྲུབ་ནས། ལམ་བདེན་གྱི་རྟོགས་པ་ཐོག་མར་སྐྱེ་མཁན་དེ་ལ་འཕགས་དགེ་འདུན་ཞེས། མངོན་རྟོགས་རྒྱན་ནས་གསུངས་པ་ལྟར་སྐྱབས་གསུམ་ངོ་སྤྲོད་རྒྱུ་དེ་ཧ་ཅང་ཡག་པོ་འདུག སྐབས་རེར་ང་ཁ་རྒྱགས་དྲགས་པ་མིན་ནམ་དྲན་གྱི་འདུག ནམ་རྒྱུན་གྱི་ལམ་རིམ་གྱི་ཁྲིད་ཡིག་དེ་དག་གིས་ཅི་ཡང་མ་བཤད་གོང་ནས། བླ་མ་སངས་རྒྱས་སུ་ལྟ་དགོས་པ། ལྟ་ནུས་པ། ཚུལ་ཇི་ལྟར་ལྟ་བ་བཅས་བཤེས་གཉེན་བསྟེན་ཚུལ་ཧ་ལས་པ་ཞིག་གསུངས་ཀྱང་། ལམ་མ་ཞུགས་ཀྱི་བླ་མ་ཡང་ཡོད་དགོས་པས། བླ་མ་ཡིན་ན་སངས་རྒྱས་ཡིན་པས་ཁྱབ་ཀྱང་ཟེར་མི་ཐུབ།(བཞད་མོ་བཞད།) བླ་མ་ཡིན་ན་སངས་རྒྱས་ཡིན་པས་ཁྱབ་ན། སངས་མ་རྒྱས་བར་དུ་ང་ཚོར་ཆོས་བཤད་རྒྱུ་ཡོད་པ་མ་རེད། དེ་ལ་ཆོ་འདུག་གམ།(བཞད་མོ་བཞད།) དེར་བརྟེན་གང་ལྟར་ལམ་རིམ་དེ་དག་ཡག་པོ་ཡོད་ཀྱང་། དེ་ཙམ་གྱི་ཟབ་པོ་ཞིག་མ་རེད། གང་ལྟར་མངོན་རྟོགས་རྒྱན་ནས་གསུངས་པའི་བདེན་གཉིས། བདེན་བཞི། དེ་ནས་སྐྱབས་གསུམ་བཅས་བཤད་པ་དེ་ཧ་ཅང་གི་གུང་འགྲིག་པ་དང་། རྗེ་རིན་པོ་ཆེའི་ལམ་རིམ་ཆེན་མོ་དེ་ང་ཚོའི་བཅའ་ཡིག་ལྟ་བུ་ཡིན་པས། ལམ་རིམ་ཆེན་མོའི་ནང་ལ་རྗེ་རིན་པོ་ཆེས་བཤེས་གཉེན་བསྟེན་ཚུལ་གསུངས་སྐབས། "རང་རྒྱུད་མ་དུལ་བར་གཞན་འདུལ་བའི་གནས་མེད་པས། གཞན་རྒྱུད་དུལ་བར་འདོད་པ་དེས་ཐོག་མར་རང་གི་རྒྱུད་དུལ་བ་ཞིག་དགོས་སོ།། རང་གི་རྒྱུད་འདུལ་ལུགས་དེ་ཡང་གང་བྱུང་བྱུང་གི་སྒྲུབ་པ་བྱས་ནས་རྟོགས་པའི་ཡོན་ཏན་དུ་མིང་དུ་བཏགས་པ་རེ་ཡོད་པས་མི་ཕན། བསྟན་པ་སྤྱི་དང་མཐུན་པའི་རྒྱུད་འདུལ་ལུགས་ཤིག་དགོས་སོ།། དེ་ནི་བསླབ་པ་རིན་པོ་ཆེ་གསུམ་དུ་ངེས་པས་དུལ་བ་ལ་སོགས་པ་གསུམ་གསུངས་སོ་"ཞེས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ།། ཞེས་པའི་སྔ་འགྲེལ་ལ་དེ་ལྟར་གསུངས་འདུག
དེ་ནས་སྐྱེས་བུ་འབྲིང་གི་སྐབས་སུ་ཡང་། དེ་ལྟར་ན་བདེན་པ་བཞིའི་རྣམ་གཞག་དེ་བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེ་ཆུང་གི་གཞུང་ཚང་མའི་ནང་ལ་ཆོས་ཀྱི་སྒྲོམ་གཞི་བྱས་ནས་གསུངས་ཡོད་པས། "སློབ་མ་དཀྲི་བའི་རིམ་པ་ཡང་ཚུལ་དེ་ལྟར་དུ་བྱ་ལ་"ཞེས་རྗེ་རིན་པོ་ཆེས་གསུངས་འདུག རྗེ་རིན་པོ་ཆེའི་ལམ་རིམ་ཆེ་ཆུང་དེ་དག་བཀའ་གདམས་གོང་མའི་ལམ་རིམ་རྣམས་གཞིར་བཞག་བྱས་ནས་གསུངས་པ་ཡིན་པས། བཤེས་གཉེན་བསྟེན་ཚུལ། དལ་འབྱོར་དོན་ཆེན་སོགས་སྔོན་ལ་གསུངས་ན་ཡང་། རྗེ་རིན་པོ་ཆེའི་རང་ལུགས་ནི་བདེན་བཞི་ནས་ཁྲིད་རྒྱུ་དེ་ཡིན་བཟོ་འདུག དེར་བརྟེན་ཁྱེད་ཚོས་གཞུང་དེ་དག་གུང་སྒྲིག་ནས། གཙོ་བོ་རྗེ་རིན་པོ་ཆེས། དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ།། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་འཆར།། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ།། ཚུལ་འདི་བསམ་ཞིང་འདུན་མ་ལེགས་ནས་འདའ།། བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར།། ཞེས་རྗེ་རིན་པོ་ཆེས་དང་པོ་ཐོས་པ་རྒྱ་ཆེན་བཙལ། དེ་ནས་ཐོས་དོན་སྒྲུབ་ལ་གཞོལ་ནས་བྱ་བྲལ་ལ་ཕེབས་ཏེ། བསགས་སྦྱང་ཧ་ལས་པ་གནང་ནས་ཐུགས་རྒྱུད་ལ་རྟོགས་པའི་ཡོན་ཏན་འཁྲུངས། དེ་ནས་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བ་དེ། ང་ཚོའི་དགེ་རྒན་ཆེན་མོ་དེའི་གནང་སྟངས་རེད། རྗེ་རིན་པོ་ཆེ་ཕ་ཡུལ་ནས་ལྷ་སར་ཕེབས། དམ་བཅའ་བཞག བླ་བྲང་ཞིག་བཙུགས་ནས། རྗེ་རིན་པོ་ཆེའི་ཕྱག་མཛོད་དང་། རྗེ་རིན་པོ་ཆེའི་གཉེར་བ་ཟེར་བའི་སྐད་ཆ་མེད་པར་གྲྭ་པ་གྲྭ་རྐྱང་བྱས་ནས་བཞུགས་པ་དང་། རྗེ་རིན་པོ་ཆེའི་གསུང་འབུམ་པོ་ཏི་བཅོ་བརྒྱད་དེ་ཧ་ལས་པ་འདུག སྔ་མོ་ཏྲེ་ཧོར་སྐྱོར་དཔོན་ལ་རྩ་ཤེ་ཊཱིཀ་ཆེན་དང་དགོངས་པ་རབ་གསལ། ལྷག་མཐོང་ཆེ་ཆུང་གཉིས། དྲང་ངེས་ལེགས་བཤད་སྙིང་པོ་བཅས་གཞུང་ཚན་ལྔ་བོ་དེ་ལ་སྦྱང་ན་དབུ་མའི་ལྟ་བ་ལ་ཉམ་ང་མི་དགོས་པ་ཞིག་ཡོང་གི་རེད་ཅེས་གསུང་རྒྱུན་ཡོད་པ་ལྟར། ང་རང་སྒེར་ལ་ཆག་བཞག་ན་ཡང་ཉམས་མྱོང་དེ་ག་རང་བྱུང་། རྗེ་རིན་པོ་ཆེའི་གཞུང་དེ་དག་སྦྲེལ་ནས་བསམ་བློ་བཏང་ན་ཧ་ལས་པ་རེད།
ད་རེས་མ་གིར་(རྒྱ་གར་ལྷོ་ཕྱོགས།)ལྔ་མཆོད་(ཕྱི་ཟླ་ ༡༢ ཚེས་ ༢༡ ཡིན་དགའ་ལྡན་བླ་སྤྱིར་རྗེ་རིན་པོ་ཆེ་མྱ་ངན་ལས་འདས་ནས་ལོ་ ༦༠༠ འཁོར་བའི་རྗེས་དྲན་མཛད་སྒོར་ཆིབས་སྒྱུར་གནང་སྐབས།)ཉིན་རྗེ་རིན་པོ་ཆེའི་ཆེ་བ་ཞིག་བཤད་དགོས་པ་མ་རེད་དམ། རྗེ་རིན་པོ་ཆེའི་ཆེ་བ་དང་པོ་དེ། ཨ་མདོ་བ་ཡིན་པའི་ཕྱིར་ཟེར་རྒྱུ་ཡིན། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་གཞན་དང་མི་འདྲ་བ་ཡིན་ཏེ། ཨ་མདོ་བ་ཡིན་པའི་ཕྱིར།(བཞད་མོ་བཞད།) ཨ་མདོའི་ནང་ནས་ཀྱང་ང་དང་ཕ་ཡུལ་གཅིག་པ་རེད། ང་རང་སྐྱེ་ས་ཟི་ལིང་ཧུ་ནན་(Hóng yá cun)དང་། རྗེ་རིན་པོ་ཆེ་སྐུ་འབུམ་ལ་འཁྲུངས་པ་རེད། རྟ་ཞོན་ནས་ཉིན་ལམ་གཅིག་ཡིན་པས་ཐག་ཧ་ཅང་ཉེ།* ངས་དུས་རྒྱུན་རྩེད་མོ་རྩེས་ནས་ང་རྗེ་རིན་པོ་ཆེ་དང་ཕ་ཡུལ་གཅིག་པ་ཡིན་པས། ཕ་ཡུལ་གཅིག་པའི་ཞེན་ཁོག་ཡོད་ཅེས་བཤད་ཀྱི་ཡོད།(བཞད་མོ་བཞད།)
བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ།
སྟག་འཚེར་ཉེ་ཁོར་གྱི་ས་གནས་གལ་ཆེན་ཁག་ཅིག
*སྟག་འཚེར་ནས་སྐུ་འབུམ་བར་སྤྱི་ལེ་ ༤༧.༡ ཡོད་པས་རླངས་འཁོར་ནས་ཆུ་ཚོད་ ༡ སྐར་མ་ ༩ ། རྐང་ཐང་ལ་ཆུ་ཚོད་ ༡༠ འགོར།
སྟག་འཚེར་ནས་བ་ཡན་མཁར་(Ping'ng)བར་སྤྱི་ལེ་ ༢༦ །
སྟག་འཚེར་ནས་ཤྭ་རྫོང་རི་ཁྲོད་བར་སྤྱི་ལེ་ ༧ །
སྟག་འཚེར་ནས་ཤར་ཕྱོགས་ཀྱི་དགོན་པའི་བར་སྤྱི་ལེ་ ༢༧ །
ཡིག་ཕབ་པ། འཇམ་དབྱངས་དཀར་པོ།