༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་དུ་རྒྱ་གར་གྱི་དཔོན་རིགས་ཁག་གཅིག་དང་། བལ་མི། འབྲུག་པ། བོད་མི། གཞན་ཡང་རྒྱ་རིགས་ཁག་གཅིག་བཅས་ལ་མཇལ་ཁ་སྩལ་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་གི་གཟིམ་ཆུང་ནས་མཇལ་འཕྲད་ཁང་དུ་ཆིབས་བསྒྱུར་གྱིས་རིགས་སོ་སོའི་མི་མང་སྐོར་ཁག་བྱས་ཏེ་མཇལ་ཁ་དང་སྐུ་པར་ལྷན་སྒྲོན་མཛད་པ་དང་། སྐོར་ཁག་མཐའ་མའི་རྒྱ་རིགས་མི་མང་ལ་མཇལ་ཁ་སྩལ་རྗེས་སེམས་ཀྱི་བདེ་སྐྱིད་ཀྱི་སྐོར་ལ་བཀའ་སློབ་སྩལ་བ་དང་འབྲེལ། དེང་གི་འཛམ་གླིང་དུ་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོད་པས་དཀའ་ངལ་དེ་སེལ་ཐབས་དགོས་སྐོར་དང་། ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་སྐོར། དབུལ་ཕྱུག་དང་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་མང་པོ་འགྲོ་བཞིན་འདུག་པ་དང་། ཞིས་ཅིན་ཕིན་གྱིས་བློ་ཁོག་ཆེན་པོ་བྱས་ཏེ་ལྐོག་ཟ་རུལ་སུངས་བྱེད་མཁན་ལ་འཐབ་རྩོད་ཤུགས་ཆེན་པོ་བྱས་སོང་། ཞེས་སོགས་བཀའ་སློབ་སྩལ།
གཞན་ཡང་། ལོ་རྒྱུས་ཐོག་ནས་བལྟས་པ་ཡིན་ན་རྒྱ་ནག་ནང་པ་རེད། ད་ལྟའི་དུས་རབས་འདིར་ངོས་ཀྱིས་ཆོས་ལུགས་ཚང་མར་གུས་པ་བྱེད་ཀྱི་ཡོད། ལྟ་གྲུབ་ཀྱི་ཐོག་ནས་བཤད་པ་ཡིན་ན་ང་རང་ཚོའི་སངས་རྒྱས་པའི་ཆོས་འདིའམ་ཐང་ཟིན་བླ་མས་བསླབ་པའི་ནཱ་ལེནྡྲའི་ཆོས་བརྒྱུད་འདི་རིགས་པ་དང་ལྡན་པ། དངོས་གནས་བྱམས་བརྩེ་དང་སྟོང་ཉིད་ཀྱི་ལྟ་བ་རྩལ་དུ་བཏོན་ནས་རིགས་པའི་ལམ་ནས་བཤད་རྒྱུ་ཡོད་པ་ཧ་ཅང་རྩ་ཆེན་པོ་རེད། ང་ཚོའི་བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལ་བརྗོད་བྱའི་ཆ་ནས་སྡེ་ཚན་གསུམ་དུ་ཕྱེས་ནས། ཚན་རིག་གི་སྡེ་ཚན་གཅིག་དང་། ལྟ་གྲུབ་ཀྱི་སྡེ་ཚན་གཅིག ཆོས་ཕྱོགས་ཀྱི་སྡེ་ཚན་གཅིག་བྱས་ཏེ། ཚན་རིག་གི་སྡེ་ཚན་དང་ལྟ་གྲུབ་ཀྱི་སྡེ་ཚན་ནི་ཕྱོགས་སྒྲིག་བྱས་ཟིན་པ་རེད། ཚན་རིག་གི་སྡེ་ཚན་དེ་རྒྱ་ཡིག་ནང་དུའང་ཡོད་པ་རེད། རྒྱ་ནག་གི་གཙུག་ལག་སློབ་ཆེན་ཁ་ཤས་ཀྱིས་དོ་སྣང་བྱུང་འདུག བོད་ཀྱི་ནང་པའི་ཆོས་དེ་ནཱ་ལེནྡྲ་ནས་བརྒྱུད་པའི་ཆོས་བརྒྱུད་གཙང་མ་དང་། ཚན་རིག་དང་མཐུན་པའི་ཆོས་བརྒྱུད་རེད་ཅེས་ཁ་ཤས་ཀྱིས་བཤད་འདུག
ཁ་སང་དེ་རིང་རྒྱ་རིགས་ནང་དུ་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་ལ་འགྲོ་བཞིན་འདུག ཕྱིའི་དངོས་པོ་ཡར་རྒྱས་ཕྱིན་པ་དང་ཆབས་ཅིག ནཱ་ལེནྡྲའི་ཆོས་བརྒྱུད་ནི་ཆོས་གཅིག་པུའི་སྐད་ཆ་མ་ཡིན་པར་སེམས་ཁམས་རིག་པ་དང་། ཚད་མ། ལྟ་གྲུབ་བཅས་ནི་ཤེས་ཡོན་གྱི་སྡེ་ཚན་ནང་ལ་བཞག་ནས་ཡར་རྒྱས་གཏོང་ཐུབ་པ་བྱུང་བ་ཡིན་ན་ཧ་ཅང་ཕན་ཐོགས་ཡོད་པ་རེད།
འགྲེལ་བ་དོན་གསལ་གྱི་དབུ་རུ་དབང་རྟུལ་དད་པའི་རྗེས་འབྲང་། དབང་རྣོན་ཆོས་ཀྱི་རྗེས་འབྲང་ཞེས་གསུངས་ཡོད། ངོས་ཀྱིས་ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་བྱེད་དགོས་པ་རེད་ཅེས་བཤད་བཞིན་ཡོད། དུས་རབས་ཉེར་གཅིག་པའི་ནང་པ་ནི་ཇི་ལྟ་བུ་ཞིག་རེད་ཅེ་ན། དད་པ་གཅིག་པུ་མ་ཡིན་པར་སློབ་སྦྱོང་བྱེད་དགོས། ནང་ཆོས་དང་ཚན་རིག ལྟ་གྲུབ་སོགས་ལ་སློབ་སྦྱོང་བྱས་ཏེ་རྒྱུ་མཚན་གྱི་ཐོག་ནས་དད་པ་ཐོབ་པ་ཡིན་ན་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཞིག་ཆགས་པ་རེད། ཆོས་ཀྱི་དད་པ་དེ་དམིགས་བསལ་རྒྱུ་མཚན་མེད་པར། སྐྱབས་སུ་མཆི་ཞེས་པའི་གསོལ་འདེབས་གཅིག་པུས་འགྲིག་གི་མ་རེད་ཅེས་ངོས་ཀྱིས་རྒྱ་མི་ཆོས་གྲོགས་ཚོར་བཤད་ཀྱི་ཡོད། དད་པ་ཡག་པོ་ཡིན་ཀྱང་དེ་གཅིག་པུས་འགྲིག་གི་ཡོད་པ་མ་རེད། བོད་ཡིག་ལ་ཆ་བཞག་ན་པོ་ཏི་སུམ་བརྒྱ་ལྷག་ཡོད་པ་དེ་ལ་ང་ཚོས་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད།
ཆོས་ལུགས་ཚང་མས་བྱམས་བརྩེ་གསུང་གི་ཡོད། ནང་པའི་ཐུན་མོང་མ་ཡིན་པའི་ཁྱད་པར་ནི་ཆོས་ལེགས་པར་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས་ཀླད་པ་བེད་སྤྱོད་བྱས་ཏེ་རྒྱུ་མཚན་གྱི་ཐོག་ནས་བྱམས་བརྩེ་ལ་འཇུག་གི་ཡོད། ནང་པའི་ཆོས་ནས་བདག་མེད་པ་ཅེས་པ་དེ་ནི་ཚད་རྡུལ་དངོས་ཁམས་རིག་པ་དང་ཧ་ཅང་མཐུན་པོར་འགྲོ་བཞིན་འདུག ངོས་རང་ཚན་རིག་པ་ཚོའི་མཉམ་དུ་སྐད་ཆ་མང་པོ་བཤད་ཀྱི་ཡོད་པ་དང་། ངོས་རང་ཚན་རིག་པར་བརྩི་བཞིན་ཡོད་པ་རེད། ཅེས་དང་།
ངོས་ཀྱིས་ཆོས་ལུགས་ཚང་མར་གུས་པ་བྱེད་ཀྱི་ཡོད། དེས་ཕན་གྱི་ཡོད་པས་ཧ་ཅང་ཡག་པོ་རེད། ཡིན་ནའང་། ཚན་རིག་དང་མཉམ་དུ་འགྲོ་ཐུབ་མཁན་ནི་ནཱ་ལེནྡྲའི་ཆོས་བརྒྱུད་གཅིག་པུ་རེད། ཁྱོད་རང་ཚོ་ལོ་རྒྱུས་ཐོག་ནས་ནང་པ་རེད། མགོན་པོ་ཀླུ་སྒྲུབ་ཀྱི་བསྟན་པར་མཇལ་ཡོད་པས་སྐལ་བ་བཟང་པོ་ཡིན་བསམ་ཤོག
ཆབ་སྲིད་ཀྱི་འགྱུར་བ་ག་ལེར་འགྲོ་བཞིན་པ་ཡོད་པ་འདྲ། ལོ་ཤས་ནང་ངོས་རང་རི་བོ་རྩེ་ལྔར་སླེབས་ཐུབ་པའི་རེ་བ་ཡོད། ངོས་ཀྱི་དམིགས་ཡུལ་གཙོ་བོ་ནི་གནས་སྐོར་བྱ་རྒྱུ་རེད། འོན་ཀྱང་། གཙོ་བོའི་གཙོ་བོ་ནི་རྒྱ་རིགས་ནང་པ་ཚོར་ཐུག་རྒྱུ་དང་། རྒྱ་གར་དུའང་ཚན་རིག་པ་ཚོའི་མཉམ་དུ་ཐུག་བཞིན་པ་ལྟར། དེ་ལྟ་བུ་བྱུང་ན་ཡག་པོ་རེད། ཅེས་སོགས་བཀའ་སློབ་སྩལ་ཡོད་པ་རེད།