༄༅། །ཕྱི་ལོ་༢༠༡༩ ཟླ་ ༡༢ ཚེས་ ༡༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་ཡི་མཛད་རིམ་ཁག་རེ་ཞིག་ལེགས་པར་གྲུབ་ནས་རྗེ་ཙོང་ཁ་པའི་རྗེས་དྲན་དུ་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཆེན་མོར་དབུ་བཞུགས་མཛད་རྒྱུ་དང་། རྗེ་ཙོང་ཁ་པ་ཆེན་པོ་སྐུ་ཞི་བར་གཤེགས་ནས་ལོ་ངོ་ ༦༠༠ འཁོར་བའི་རྗེས་དྲན་མཛད་སྒོར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་རྒྱུ། དེ་བཞིན་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་འབྲས་སྤུངས། དགའ་ལྡན་དགོན་པ་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་སོགས་ཀྱི་མཛད་རིམ་ཆེད་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།
དེ་ཡང་གྱི་སྔ་དྲོ་ཆུ་ཚོད་༡༠།༤༥སྟེང་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་གི་ཆོས་རྗེ་རྣམ་གཉིས་གཙོས་གྲྭ་ཚང་ཁག་གི་མཁན་ལས་ཟུར་རྣམས་ཀྱིས་ཕེབས་བསུ་དང་། གཞན་ཡང་། དད་ལྡན་སེར་སྐྱ་ཕོ་མོ་ཚོས་ཕེབས་ལམ་གཡས་གཡོན་དུ་སེར་སྦྲེང་དང་། མེ་ཏོག་གི་མཆོད་རྫས་བཏེགས་ཤིང་ཆོས་ཀྱི་སྒྲ་དབྱངས་སྙན་མོ་དང་བཅས་ཆིབས་འཁོར་ལས་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་པའི་གླིང་གི་བླ་སྤྱིའི་འདུ་ཁང་ཆེན་མོར་གདན་ཞུ་དང་འབྲེལ་གདོང་ལྔའི་བཏེགས་པའི་བཞུགས་ཁྲིར་༸ཞབས་སོར་བཀོད།
དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕེབས་སྟོན་གྱི་མཛད་སྒོར་ཕེབས་པའི་མཁན་ལས་ཟུར་འདུས་མང་དང་དད་ལྡན་སྤྱིན་བདག་སོགས་ལ་འཚམས་འདྲིའི་བཀའ་སློབ་སྩལ་དོན། དེ་རིང་སྔོན་ལ་དགའ་ལྡན་ཚོགས་ཆེན་ལ་ཁྱུག་ཙམ་བཅར་ནས་ཁྱོད་རང་ཚོ་བླ་སྤྲུལ་དགེ་བཤེས་གང་འཚམ་ཞིག་ཕེབས་འདུག་པར་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན། འདི་རི་བོ་དགེ་ལུགས་པའི་མ་དགོན་ཆགས་སྡད་ཡོད། རྗེ་རིན་པོ་ཆེ་རང་ཉིད་ཀྱིས་ཕྱག་བཏབས་པའི་དགའ་ལྡན་དགོན་པར་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་འཁོར་བའི་དུས་ཚིགས་དང་བསྟུན་ནས་དགའ་ལྡན་ལྔ་མཆོད་འཚོག་རྒྱུ་བྱས་པ་རེད། དུས་ཚོད་ཡང་དམིགས་གསལ་ཞིག་ཆགས་ཡོད་པ་རེད།
གཙོ་ཆེ་ཤོས་ང་ཚོ་བཙན་བྱོལ་པ་ཆགས་ནས་སྐྱབས་མེད་མགོན་མེད་ལྟ་བུ་ཡིན་ཀྱང་། རྒྱ་གར་རང་དབང་ལུང་པ་ཐོག་མའི་ཆོས་ཀྱི་འབྱུང་ཁུངས་རེད། འདིར་ང་ཚོའི་གདན་ས་ཁག་དང་། རྒྱུད་གྲྭ་སྟོད་སྨད་དང་བཅས་པ། བཀྲ་ཤིས་ལྷུན་པོ་ལ་སོགས་གཞི་མེད་སར་གཞི་གསར་པ་བཙུགས་པ་རེད། དགོས་དོན་གཙོ་བོ་ཆོས་སྤྱོད་སློབ་གཉེར་བྱས་ནས་ཡག་ཐག་ཆོད་རེད། དངོས་གནས་དྲང་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་སྒོས་འཇམ་མགོན་བླ་མའི་ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱས་པ་ཧ་ཅང་ཡག་པོ་རེད། དེར་བརྟེན། ང་ཚོ་ཕྱོགས་གཅིག་ནས་བཙན་བྱོལ་པ་ཆགས་ཡོད་ཀྱང་། དོན་དངོས་མའི་ཆ་ནས་དུས་རབས་འདིའི་ནང་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་སྒོས་འཇམ་མགོན་བླ་མའི་བསྟན་པ་འཛམ་བུ་གླིང་འདིར་སྟོན་རྒྱུ་ཡོད་པ་དང་། ངོམ་ཆོག་པ་ཞིག་ཆགས་པ་དེ་ལྟར་རེད། ཁྱེད་རང་ཚོ་ཚང་མ་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་ཟབ་མོ་ལེགས་པར་སྩལ་གྲུ་རྗེས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་འདུ་ཁང་དུ་ཕེབས་སྟོན་མཛད་སྒོར་ཆིབས་བསྒྱུར་བསྐྱངས།
སྔར་ལྟར་ཕེབས་བསུ་དང་འབྲེལ་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་འདུ་ཁང་དུ་ཆིབས་བསྒྱུར་བསྐྱངས་ཏེ་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། ཐེངས་འདིར་ཆུ་ཚོད་ཐུང་ཐུང་ཞིག་གི་ནང་འབྲས་སྤུངས་སྒོ་བློ་གཉིས་དང་གཞན་ཁག་ཅིག་ལ་བསྐོར་བ་བརྒྱབ་པ་ཡིན། སེར་ར་དང་རྒྱུད་སྨད་ཕྱོགས་ལ་ཕྱི་ཟླ་གསུམ་པ་བཞི་བ་ཙམ་ལ་འགྲོ་རྒྱུ་ཡིན། ཞེས་སོགས་རྒྱ་གར་གྱི་ས་གནས་ཁག་ཅིག་ལ་ཕེབས་འཆར་ཡོད་པ་བཀའ་ཕེབས་པ་དང་། གཞན་ཤར་རྩེ་གྲྭ་ཚང་གི་དད་ལྡན་སྦྱིན་བདག་རྣམ་པར་ཁྱོད་རང་ཚོས་བོད་པ་ལ་ཤ་ཚ་དང་བརྒྱབ་སྐྱོར་བྱས་ཡོད་པ་དང་། གདན་ས་འདི་དག་ལ་མཚོན་ན་ལོ་སྟོང་ཕྲག་རིང་གི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཉར་ཚགས་དང་། དེ་ཉིད་འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ། འཛིན་སྐྱོང་སྤེལ་གསུམ་གནང་མཁན་དེ་བོད་གཅིག་པུ་ཡིན་པའི་སྐོར་དང་། རྒྱ་ནག་གིས་མཚོན་པའི་རྒྱལ་ཁབ་གཞན་ན་མེད་པ་དང་། ང་ཚོ་བོད་ལ་ཡོད་པ་དེ་རྣམས་རྗེ་རིན་པོ་ཆེ་ནས་མིག་དཔེ་དང་ལམ་སྟོན་མཛད་ཡོད་པ་དང་། ཆོས་ལ་དད་པ་མེད་མཁན་དང་ཚན་རིག་པ་རྣམས་ལ་ཡང་ཕན་ཐོགས་ཡོད་པས་འདིར་ཕེབས་པའི་རྒྱ་རིགས་ཁྱེད་རང་ཚོས་ཀྱང་གཙོ་བོ་དེ་ལ་སློབ་སྦྱོང་བྱེད་དགོས་པ་གལ་ཆེན་པོ་ཡིན་པ་སོགས་བཀའ་སྩལ་བ་དང་། གཞན་ཡང་། དགེ་འདུན་པ་རྣམས་ལ་ཆ་བཞག་ན་བསླབ་པ་སློབ་གཉེར་ཡག་ཐག་ཆོད་རེད། མུ་འཐུད་ནས་སངས་རྒྱས་ཀྱི་བསྟན་པ་འདི་མི་རབས་ནས་མི་རབས་བར་ཡོང་དགོས་པ་ཞིག་ཡིན་པ་དང་ཚན་རིག་དང་མཉམ་དུ་འགྲོ་ཐུབ་དགོས་པ་སོགས་ཀྱི་བཀའ་སློབ་སྩལ་རྗེས་རྒྱལ་བའི་གཟིམ་ཆུང་དུ་ཆིབས་བསྒྱུར་བསྐྱངས་ཡོད།