༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༤ ཉིན་གྱི་སྔ་དྲོ་ཨེ་ཤ་ཡའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གིས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨིན་ཌོ་ནེ་ཤི་ཡ་དང་། ཀོ་རི་ཡ། མ་ལེ་ཤི་ཡ། སིངྒ་པོར། ཐའེ་ལན་ཌི། ཝི་དི་ནམ་སོགས་ཨེ་ཤ་ཡའི་ཡུལ་གྲུ་ཁག་གཙོས་རྒྱལ་ཁབ་ཁག་ ༦༩ ནས་ཕེབས་པའི་དགེ་འདུན་པ་དང་བཙུན་མ་བཅས་དད་ལྡན་སེར་སྐྱ་ཆོས་ཞུ་བ་གཙོས་རང་རིགས་སོགས་མི་གྲངས་ ༦༥༠༠ བརྒལ་བར་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་། བྱང་ཕྱོགས་སོ་བདུན། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་བཅས་ཉིན་གསུམ་རིང་གི་གསུང་ཆོས་སྔོན་འགྲོར་སངས་རྒྱས་པའི་ཆོས་ཀྱི་ངོ་སྤྲོད་མཛད་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་ ༨།༣༠ མ་ཟིན་ཙམ་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དད་ལྡན་ཆོས་ཞུ་བ་ཚོས་དམིགས་བརྩེ་མ་འདོན་དབྱངས་སུ་གྱེར་བཞིན་ཨེ་ཤ་ཡའི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་འབྲེལ་ཡོད་ལས་བྱེད་ཚོས་སྤོས་སྣེས་མདུན་བསུ་དང་བཅས་མགོན་པོ་གང་ཉིད་མཆོག་ཆིབས་བསྒྱུར་བསྐྱངས་པ་དང་། བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ཐའེ་ཡི་པ་ལིའི་ཆོས་བརྒྱུད་ཀྱི་དགེ་འདུན་པ་ཁག་ཅིག་གིས་པ་ལིའི་སྐད་ཀྱི་ཐོག་དཀོན་མཆོག་རྗེས་དྲན་གྱི་མདོ་གསུང་འདོན་གནང་བ་དང་། དེ་རྗེས་རྒྱའི་བཙུན་མ་སོགས་སེར་སྐྱ་ཁག་ཅིག་གིས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་གྲུབ་མཚམས། ཆོས་ཞུ་བའི་སྐུ་ཚབ་ཁག་ཅིག་ནས་མཎྚལ་རྟེན་གསུམ་འདེགས་འབུལ་དང་མཇལ་ཁ་ཞུས་རྗེས་བཀའ་སློབ་སྩལ་དོན།
རྡ་རམ་ས་ལར་ང་རང་ཚོ་ཡང་བསྐྱར་འཛོམས་པ་རེད། ཁྱེད་རང་ཚོ་ཆེད་མངགས་ཡོང་བ་ཡིན་པས་དགའ་བསུ་ཡོད། ཚང་མར་འཚམས་འདྲི་ཡོད། འཛམ་གླིང་ཤར་ལྷོའི་ཡུལ་ཁག་ལ་ནང་ཆོས་ཕ་མེས་ནས་དར་ཡོད་པ་ཞིག་རེད། ཁྱེད་རང་ཚོ་དོན་གཉེར་ཆེན་པོ་བྱས་ཏེ་འདིར་ཆོས་འབྲེལ་བྱེད་པ་རེད། དེ་རིང་འདིར་ཐེངས་འདིའི་ཆོས་འབྲེལ་བྱེད་རྒྱུ་དང་། གྲ་སྒྲིག་བྱེད་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་འཚམས་འདྲིའི་བཀའ་སློབ་སྩལ་རྗེས་འཛམ་གླིང་འདིར་ཆོས་ལུགས་མང་པོ་ཡོད་པ་དང་། ཆོས་ལུགས་དེ་དག་གིས་འགྲོ་བ་མི་རྣམས་ཀྱི་ཁམས་དང་མོས་པ་དང་བསྟུན་པར་ཕན་ཐོགས་བྱེད་ཀྱི་ཡོད་པས་བརྩི་བཀུར་བྱེད་དགོས་པ་སོགས་བཀའ་སློབ་སྩལ་དོན།
དེ་ནས་ང་ཚོ་ནང་པ་སངས་རྒྱས་པའི་ཆོས་བྱེད་མཁན་ཡིན་པ་དང་། འཛམ་གླིང་འདིར་ཆོས་ལུགས་མང་པོ་ཡོད་པ་རེད། ཆོས་ལུགས་དེ་དག་ལ་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་། ཆོས་ལུགས་ཚང་མའི་བསླབ་བྱ་གཙོ་བོ་བྱམས་པ་དང་བརྩེ་བ། བཟོད་པ། ཆོག་ཤེས། རང་ཁྲིམས་རང་སྲུང་བཅས་ཆོས་ལུགས་ཚང་མས་བཤད་ཀྱི་འདུག དེ་རེད་ཀྱང་རེད་ལ་ཡིན་ཀྱང་དགོས་པ་རེད། མིར་སྐྱེས་པའི་ཉིན་མོ་ནས་བཟུང་བརྩེ་བ་ནི་ཧ་ཅང་གལ་ཆེན་པོ་རེད། རྫུས་སྐྱེས་ཡོད་ན་དེ་ཚོའི་གྲས་གང་ཤེས། ཐོག་མར་འཛམ་བུ་གླིང་ཆགས་པའི་སྐབས་སུ་ཕལ་ཆེར་རྫུས་སྐྱེས་ལྟ་བུ་ཞིག་རེད། དེ་ཚོ་གང་ཤེས་མ་གཏོགས་གཞན་མངལ་སྐྱེས་དང་སྒོང་སྐྱེས་ལ་མ་དང་བུ་ཕྲུག་གི་བརྩེ་བ་ཚང་མར་འདུག ང་ཚོ་མི་ཡང་མ་ལས་བཙས་པ་རེད། མས་བསྐྱངས་ནས་ང་ཚོ་གསོན་པ་དང་། དེ་ནས་འཚར་ལོངས་ཡོང་གི་ཡོད་པ་རེད། དེར་བརྟེན། མིའི་རང་བཞིན་ལྷན་སྐྱེས་ཀྱི་བརྩེ་བ་ཟེར་བ་འདི་མི་ལ་ཧ་ཅང་འབྲེལ་བ་ཡོད་པ་དང་། མི་འཚོ་བའི་རྩ་བ་ནི་བརྩེ་བར་ཐུག་ཡོད་པ་ལྟ་བུ་ཞིག་འདུག
དེར་བརྟེན། ཆོས་ལུགས་ཁག་དེ་དག་མིའི་ཆོས་ལུགས་རེད། མིའི་ཆོས་ལུགས་ཡིན་སྟབས་མིས་རང་བཞིན་གྱི་བརྩེ་བ་ལ་དགའ་བོ་བྱེད་ཀྱི་ཡོད་པ་རེད། ང་ཚོ་ཐོག་མར་མའི་བརྩེ་བས་འཚོ་བ་ཞིང་། མིའི་སྤྱི་ཚོགས་ནང་བརྩེ་བ་གལ་ཆེན་པོ་ཆགས་ཡོང་བས་ཆོས་ལུགས་ཚང་མ་མིའི་བཀོད་པ་ཟེར་རམ། གང་ལྟར་མིའི་སྤྱི་ཚོགས་ནང་ཆགས་པའི་ལྟ་གྲུབ་ཡིན་སྟབས། བྱམས་བརྩེ་ཟེར་བ་འདི་ཚང་མས་གསུང་བཞིན་འདུག བྱམས་བརྩེ་དགོས་པ་རེད་ཅེས་པའི་སྒྲུབ་བྱེད་ནང་དུ་ལྟ་གྲུབ་མི་འདྲ་བ་ཡོང་བཞིན་ཡོད། ལྟ་གྲུབ་མི་འདྲ་བ་དེ་དག་གི་དམིགས་ཡུལ་ནི་བྱམས་བརྩེ་གོང་འཕེལ་གཏོང་རྒྱུ་གཅིག་གྱུར་རེད་འདུག ངོས་ཀྱིས་ནམ་རྒྱུན་འདི་ལྟར་བཤད་ཀྱི་ཡོད། དཔེར་ན། ང་ཚོས་སྨན་ཞིག་ཡར་བླངས་ནས་སྨན་འདི་ཡག་ཤོས་རེད་ཅེས་བརྗོད་ཐུབ་ཀྱི་མ་རེད། ནད་པའི་གཟུགས་པོའི་བབ་དང་ལོ་སོགས་མང་པོ་ཞིག་ལ་ལྟོས་ནས་ནད་པ་འདི་ལ་སྨན་འདི་ཡག་ཤོས་རེད་ཅེས་བརྗོད་ཐུབ་ཀྱི་རེད་མ་གཏོགས་སྤྱི་ཡོངས་ཀྱི་སྨན་ཞིག་ཡར་སྒྲུག་ནས་འདི་ཡག་ཤོས་རེད་ཅེས་བརྗོད་ཐུབ་ཀྱི་མ་རེད།
ང་ཚོའི་ཆོས་ལ་ཆ་བཞག་ནའང་མིའི་ཁམས་དང་མོས་པ། སངས་རྒྱས་པའི་ཆོས་ནས་བཤད་པ་ཡིན་ན་ཚེ་སྔོན་མའི་བག་ཆགས། དེ་ལྟ་བུའི་རྐྱེན་མང་པོའི་ཐོག་ནས་ཁམས་དང་མོས་པ་བག་ལ་ཉལ་མི་འདྲ་བ་ཡོད་པས་ལྟ་གྲུབ་མི་འདྲ་བ་འདི་ཡོད་དགོས་པ་རེད་འདུག དཔེར་ན། བཅོམ་ལྡན་འདས་ཀྱི་རྗེས་འབྲང་གཅིག་མཚུངས་ཡིན་ནའང་ལྟ་གྲུབ་མི་འདྲ་བ་ཡོང་བཞིན་ཡོད། དེ་ཡང་བཅོམ་ལྡན་འདས་རང་ཉིད་ཀྱིས་གསུངས་པ་རེད། གང་ཡིན་ཞེ་ན། གདུལ་བྱའི་ཁམས་དང་མོས་པ་མི་འདྲ་བ་ཡོད་པས་ལྟ་གྲུབ་གཅིག་ཁོ་ན་རན་པོ་ཞིག་ཡོང་གི་མེད། དེར་བརྟེན། འཛམ་གླིང་འདིའི་སྟེང་གི་ཆོས་བརྒྱུད་དེ་དག་བྱམས་བརྩེ་འདོད་མཁན་གྱི་ལྟ་གྲུབ་གཅིག་པ་ཆགས་ཡོད།
འོན་ཀྱང་། བྱམས་བརྩེ་སྒྲུབ་སྟངས་སྐོར་ལ་གཙོ་ཆེ་བར་ཆ་བཞག་ན། འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་བརྒྱུད་ཡོད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ནང་དུའང་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ཟེར་བའི་ངོ་བོ་འཇོག་སྟངས་སོགས་མི་འདྲ་བ་ཡོད་པ་རེད་འདུག སྤྱིར་བཏང་ཁ་ཆེ་དང་། ཡི་ཤུ། འཇིའུ་ལ་སོགས་པའི་ཆོས་ལུགས་མང་པོ་ཞིག་གིས་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་ཡོད། ལོ་སྟོང་ཕྲག་རིང་ལ་འཇིའུ། ཡི་ཤུ། ཁ་ཆེ་ཆོས་ལུགས་རྣམས་ཀྱིས་མི་ལ་ཕན་ཐོགས་ངེས་ཅན་བྱུང་འདུག ཆོས་ལུགས་ཀྱི་རྐྱེན་པས་འགྲོ་བ་མི་ཕན་ཚུན་དབར་འཁྲུག་པ་རྒྱག་རྒྱུ་མང་པོ་བྱུང་བ་རེད། དེང་སང་ཡང་ཆོས་ལུགས་མ་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་འཁྲུག་པ་མང་པོ་རྒྱག་བཞིན་འདུག དེ་འདྲ་མཐོང་ཡོང་དུས་ཆོས་ལུགས་མེད་ན་བཟང་བ་མིན་ནམ་ཞེས་དྲན་གྱི་འདུག སྤྱིར་ངོས་ཀྱིས་ངོ་ཤེས་པ་ཡེ་ཤུའི་ཆོས་པ་མང་པོ་ཡོད། ཡི་ཤུའི་ཆོས་པའི་ནང་སྤྱི་ཚོགས་ཀྱི་ཞབས་འདེགས་སྒྲུབ་རྒྱུ་དང་། མང་ཚོགས་ལ་ཕན་ཐོགས། མི་ཉམ་ཐག་ལ་རོགས་བྱེད་རྒྱུ་བཅས་ཧ་ཅང་ཡག་པོ་ཡོད་པ་རེད། དེ་བཞིན་ཁ་ཆེ། འཇིའུ་ལ་སོགས་པས་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོའི་ནང་དུ་ད་ལྟ་བཤད་མ་ཐག་པ་ནང་བཞིན་བྱམས་བརྩེ་ལག་ལེན་ལ་བསྟར་མཁན་ཡོད།
སྔོན་མ་ལོ་མང་པོའི་གོང་ཕལ་ཆེར་ཕྱི་ལོ་ ༡༩༦༧ ལོར་ངོས་རང་ཐེངས་དང་པོར་ཐའེ་ལན་ལ་སླེབས་པ་རེད། དེ་དུས་ངོས་རང་ཐའེ་ལན་གྱི་སངྒ་རཱ་ཇ་(Sangharaja) འམ་ཐའེ་ཡི་བླ་ཆེན་ Ariyavangsagatayana (Chuan Utthayi) ལགས་ལ་མཇལ་བ་རེད། དེ་དུས་ཁོང་ལ་ཞུ་རྒྱུ་བྱུང་། ཡི་ཤུའི་ཆོས་པ་ཚོས་སྤྱི་ཚོགས་ནང་ལ་ཞབས་འདེགས་སྒྲུབ་པ་དང་། སློབ་སྦྱོང་གི་ཐོག་ལ་ཞབས་འདེགས་སྒྲུབ་པ་དང་། དེ་བཞིན་འཕྲོད་བསྟེན་གྱི་ཐོག་ལ་ཞབས་འདེགས་སྒྲུབ་པ་ཧ་ཅང་མང་པོ་འདུག ང་ཚོ་ནང་པའི་དགེ་སློང་དགོན་པའི་ནང་དུ་བཞུགས་པ་མ་གཏོགས་སྤྱི་ཚོགས་ནང་དུ་ཤེས་ཡོན་དང་འཕྲོད་བསྟེན་སོགས་ཀྱི་ཐོག་ཉུང་དྲག་གི་མི་འདུག་གམ་ཞེས་ཞུས་མྱོང་། ཁོང་གིས་ང་ཚོ་དགོན་པ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་གང་ལྟར་དགོན་པ་ཞེས་པའི་མིང་ནི་གྲོང་ནས་ཕར་ཐག་བསྲིངས་ནས་ཡོད་པ་ཞིག་གསུངས་ཀྱི་ཡོད་པས་ང་ཚོ་དགེ་འདུན་པ་ཚོ་གྲོང་ལས་ཐག་བསྲིངས་ནས་སོ་སོའི་བསླབ་གསུམ་གྱི་ཉམས་ལེན་བྱེད་དགོས་པ་རེད་ཅེས་གསུང་གི་འདུག དེ་ཡང་བདེན་པ་རེད། ཡི་ཤུ་ཆོས་ལུགས་སོགས་ཀྱིས་སྤྱི་ཚོགས་ལ་ཞབས་འདེགས་ཧ་ཅང་ཡག་པོ་སྒྲུབ་ཀྱི་འདུག ཉེ་ཆར་ངོས་རང་མེང་ལོར་ལ་ཡི་ཤུ་ཆོས་སློབ་གྲྭ་ཁག་གི་དགེ་རྒན་མང་པོ་འདུས་འདུག དེར་ཡང་ངོས་ཀྱིས་བཤད་རྒྱུ་བྱུང་། འཛམ་གླིང་ཤར་ནུབ་བྱང་མ་ལྷོ་མ་གང་ལྟར་འཛམ་གླིང་འདིར་ཤེས་ཡོན་སྟེང་ལ་ཞབས་འདེགས་ཤུགས་ཆེ་ཤོས་ཞུ་མཁན་དེ་ཡི་ཤུ་ཆོས་པ་ཆགས་འདུག སློབ་སྦྱོང་ཐོག་ལ་རོགས་བྱེད་པ་དང་ཆབས་ཅིག་ཆོས་ལུགས་སྤེལ་བའང་ཏོག་ཙམ་ཡོང་གི་ཡོད་པ་རེད། ཅེས་བཞད་མོ་དང་འབྲེལ་བཀའ་སློབ་སྩལ་བ་དང་།
མུ་མཐུད་བཀའ་སློབ་སྩལ་དོན། སྔོན་མ་ངོས་ཀྱིས་བཤད་རྒྱུ་བྱུང་། ཁྱོད་རང་ཚོས་ཤེས་ཡོན་ཐོག་ལ་ཞབས་འདེགས་སྒྲུབ་པ་ནི་ཧ་ཅང་ཡག་པོ་རེད། ཡིན་ནའང་། ཆོས་ལུགས་སྤེལ་བ་བྱེད་ཀྱི་འདུག ཆོས་ལུགས་རྒྱ་ཆེ་གཏིང་ཟབ་མེད་ས་ཞིག་ལ་ཡིན་ན་ཡི་ཤུ་ཆོས་ལ་ལྟ་གྲུབ་ཡོད་པ་རེད། ས་ཁུལ་ཁུག་ཀྱོག་ཏུ་ལྷ་གསོལ་ཀླུ་གསོལ་ཙམ་བྱེད་ནས་སྡོད་པ་ལས་ཡི་ཤུ་ཆོས་ཟབ་པ་ཡོད་པས་སྤེལ་ན་ཡག་པོ་རེད། ཡུལ་གང་ལ་ལྟ་གྲུབ་ཀྱི་རྣམ་གཞག་ཡོད་པའི་ཆོས་བརྒྱུད་ཡོད་སར་ཆོས་ལུགས་སྤེལ་བ་ཡིན་ན་འདི་ཕྱོགས་ནས་སྤེལ་ཕར་ཕྱོགས་ནས་གདོང་ལེན་བྱས་པ་ཡིན་ན་རྗེས་ལ་འགལ་ཟླ་ཆགས་པའི་ཉེན་ཁ་ཡོད་པ་རེད་ཅེས་བཤད་མྱོང་། གང་ལྟར་ཡི་ཤུ་ཆོས་པ་ཚོས་སྤྱི་ཚོགས་ཀྱི་ཞབས་འདེགས་སྒྲུབ་པ་དང་། ཤེས་ཡོན་དང་འཕྲོད་བསྟེན་ཐོག་ཞབས་འདེགས་སྒྲུབ་པ་ཧ་ཅང་ཡག་པོ་རེད། དེ་བཞིན་འཇིའུ་དང་ཁ་ཆེ་ཡང་ཧ་ཅང་ཡག་པོ་རེད། ཅེས་སོགས་འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་མི་འདོད་མཁན་གྱི་ཆོས་བརྒྱུད་ཁག་ཅིག་ངོ་སྤྲོད་མཛད་པ་དང་།
གཞན་ཡང་། ནང་པའི་ཆོས་ཀྱི་ངོ་སྤྲོད་ཟབ་རྒྱས་སྩལ་རྗེས། བོད་ཀྱི་ཆོས་དང་རིག་གཞུང་གིས་ནང་པ་སྤྱི་དང་ཨེ་ཤ་ཡ། ཆེ་ས་ནས་འཛམ་གླིང་ཡོངས་ལ་ཕན་ཐོགས་པ་ཞིག་ཡིན་པས་མགོན་པོ་གང་ཉིད་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་བཅས་སྲུང་སྐྱོབ་གནང་བའི་ཐུགས་འགན་བཞེས་ཡོད་པ་དང་། ཆོས་ཞུ་བ་ཚང་མས་དེ་ལ་གྲོགས་པོའི་འབོད་སྐུལ་ཡིད་འཇོག་བྱེད་དགོས་པའི་སྐོར་སོགས་བཀའ་གནང་སྟེ། ཆུ་ཚོད་༡༠།༢༠ཙམ་ལ་འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་།། ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ།། དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར།། དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།། དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས།། བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས།། བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་།། བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི།། ཞེས་བསྔོ་བ་གནང་རྗེས། འདི་སངས་རྒྱས་པའི་ཆོས་ངོ་སྤྲོད་ཡིན། སང་ཉིན་གནངས་ཉིན་ཀླུ་སྒྲུབ་ཀྱི་གཞུང་རོབ་ཙམ་བཤད་ཀྱི་ཡིན། བཀྲ་ཤིས་བདེ་ལེགས། ཞེས་བཀའ་གནང་རྗེས་ཉིན་དང་པོའི་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་སྟེ་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཉིན་གསུམ་རིང་གི་གསུང་ཆོས་རྒྱ་སྐད་དང་ཧིན་རྡིའི་སྐད། ཝི་དི་ནམ་གྱི་སྐད། ཉི་ཧོང་སྐད། ཀོ་རུ་ཡའི་སྐད། སི་པཱན་ནི་ཤཱི་སྐད། འཇར་མན་སྐད། ཨི་ཊ་ལིའི་སྐད། ར་ཤཱི་ཡའི་སྐད་བཅས་སུ་གསུང་བསྒྱུར་ཞུས་ཡོད་པ་མ་ཟད་འབྲེལ་ཡོད་དྲ་ལམ་སོ་སོ་ནས་ཐད་གཏོང་ལ་གསན་གཟིགས་ཀྱི་མཐུན་འགྱུར་ཞུས་ཡོད་པ་བཅས།