༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༧ ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐྱེ་འགྲོ་སྤྱི་དང་བྱེ་བྲག་བོད་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཞིང་། ཐུགས་ཀྱི་བཞེད་དགོངས་ཟབ་མོ་མཐའ་དག་ལྷུན་གྱིས་འགྲུབ་པའི་ཕྱིར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པ་དང་། རྒྱལ་རོང་གཞིས་བྱེས་ཐུན་མོང་། བོད་མིའི་སུད་ཚོང་ཚོགས་པ། དེ་བཞིན་སྨན་པ་སྐལ་བཟང་དོན་ལྡན་བཅས་ནས་སྒྲོལ་དཀར་ཚེ་སྒྲུབ་ཀྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
དེ་ཡང་སྒྲུབ་ཞག་ཉིན་དྲུག་སྔོན་བཏང་གིས་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ནས་ཆུ་ཚོད་ ༧ དང་ ༤༠ བར་སྐུའི་ཚེ་སྒྲུབ་ཆོ་ག་གནང་བ་དང་། ཆུ་ཚོད་ ༨།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་གཟིམ་ཆུང་ནས་ཕེབས་ལམ་གཡས་གཡོན་གཉིས་སུ་སེར་སྦྲེང་དང་། འཐུས་ཚབ་རྣམས་པས་སྤོས་སྣེ། སྤྱན་རྒྱ། སྤོས་འཛིན་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་འདྲེན་ཞུས་པ་དང་། བཞུགས་ཁྲིར་༸ཞབས་སོར་བཀོད་མཚམས་རྡོ་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་མཇལ་དར་རྐྱང་འབུལ་ཞུས། དེ་རྗེས་གསུང་ཆོག་དབུ་འཛུགས་ཀྱིས་རྒྱུན་ཆགས་གསུམ་པ་དང་། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་བཅས་གསུངས་མུར་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་པ་དང་། བརྟན་བཞུགས་དངོས་གཞིར་བླ་མ་ལྷར་བསྐྱེད་ནས་བཟླས་པའི་བར་ཆོག་གཞུང་ལྟར་ཕེབས་རྗེས་ཙ་རུའི་ཚོགས་འཁོར་འབུལ་བཞེས་གནང་། དེ་ནས་དབུ་བཞུགས་རྡོ་རྗེ་སློབ་དཔོན་དང་ཤེས་རིག་ལས་ཁུངས་དང་ཚོགས་སྡེ་ཁག་གི་འཐུས་ཚབ་རྣམས་ནས་མཎྜལ་ཚོམ་བུ་འདེགས་འབུལ་དང་། དབུ་བཞུགས་རྡོ་རྗེ་སློབ་དཔོན་མཆཽག་ནས་ཞལ་འདོན་ཚིག་བསྟུན་གྱིས་སྐུ་གསུང་ཐུགས། བུམ་པ། རིགས་ལྔའི་མཚན་མ། ཚེ་ཆང་། ཚེ་རིལ། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། རྫས་བརྒྱད་བཅས་རིམ་པར་ཕུལ་རྗེས་འཐུས་མི་ཁག་ཅིག་ནས་མཇལ་ཁ་ཞུས་པ་སོགས་བརྟན་བཞུགས་ལེགས་པར་གྲུབ་པ་དང་༸གོང་ས་མཆོག་གིས་ཤེས་རིག་ལས་ཁུངས་དང་ཁྱབ་ཁོངས་སློབ་གྲྭ་ཁག་གི་འགོ་ལས་ཕོ་མོ་ཡོངས་ནས་ཕུལ་བའི་དམ་བཅའ་ལྗགས་ཀློག་གནང་རྗེས་བསྔགས་བརྗོད་དང་འབྲེལ་བཀའ་སློབ་སྩལ་དོན།
ལོ་སྟོང་ཕྲག་ལྷག་གི་རིང་ལ་བོད་མིའི་སེམས་ཤུགས་དང་སྙིང་སྟོབས་ལ་ཕལ་ཆེར་ངོ་མཚར་སྐྱེས་པ་ཞིག་རེད། དཀའ་ངལ་གང་ལ་འཕྲད་པ་ཡིན་ནའང་གདོང་ལེན་བྱེད་ཐུབ་པ་ཞིག་རེད། དེ་ཡོང་ས་གཙོ་བོ་ནི་ཕལ་ཆེར་སངས་རྒྱས་པའི་ཆོས་དང་འབྲེལ་བའི་རིག་གཞུང་ཞིག་ཡོད་པ་འདི་རེད། དེ་བཞིན་ཁ་སྔོན་ཡང་བཤད་རྒྱུ་བྱུང་། ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐབས་སུ་བོད་གཅིག་སྦྲེལ་གྱི་ནུས་པ་ཧ་ཅང་ཤུགས་ཆེན་པོ་ཡོད་པ་རེད། དེ་ནས་མངའ་བདག་ཁྲི་རལ་བཀྲོངས་རྗེས་བོད་སིལ་བུར་ཕྱིན་པ་དང་། དེ་ལྟ་བུའི་ཐོག་ནས་ཆབ་སྲིད་ཀྱི་ཐད་ནས་ཧ་ཅང་ཐབས་སྐྱོ་བོ་ཆགས་པ་རེད། ཅེས་དང་། དེ་ནས་རྒྱལ་རོང་གཞིས་བྱེས་ནས་ཕུལ་བའི་སྙན་ཞུ་ལྗགས་ཀློག་དང་འབྲེལ། འདིའི་མགོར་ཧ་ཅང་དཀའ་ངལ་ཆེན་པོ་འཕྲད་པའི་སྐོར་བཤད་འདུག བོད་སིལ་བུ་ལ་ཕྱིན་པའི་རྗེས་སུ་བོད་པ་ཚོར་ཧ་ཅང་དཀའ་ངལ་འཕྲད་བསྡད་པ་ཞིག་རེད། དཔེར་ན། ངོས་རང་སྐྱེས་སའི་མདོ་སྨད་ཙོང་ཁའི་ཡུལ་ལ་ཆ་བཞག་ན་བོད་དབུས་དང་ཆོས་ཕྱོགས་ཀྱི་ཐོག་ནས་འབྲེལ་བ་ཤུགས་ཆེ་ཙམ་ཡོད་པ་མ་གཏོགས། ངོས་ཀྱི་ཁྱིམ་ཚང་ལ་མཚོན་ན་ཕ་ལགས་དང་ཨ་མ་ལགས་ཀྱིས་ང་ཚོའི་དཔོན་པོ་ཟི་ལིང་ཀྲུའུ་ཞི་ཡིན་བསམ་པ་མ་གཏོགས་དགའ་ལྡན་ཕོ་བྲང་ལ་བསམ་བློ་འཁོར་ཡོད་པ་མ་རེད་ལ་རྒྱུས་ཡང་ཡོད་པ་མ་རེད། ཆབ་སྲིད་ཀྱི་ཐོག་ནས་སིལ་བུ་ཆགས་ནས་ཕྱིན་པ་རེད། དེའི་ཕྱིས་སུ་ཁམས་ཁུལ་རྒྱ་སྡེ་བོད་སྡེ་གཉིས་སུ་བྱས་ནས་ཆབ་སྲིད་ཀྱི་ཐོག་ནས་ཐབས་སྐྱོ་བོ་བྱུང་ཡོད་པ་རེད། ཡིན་ནའང་། ཆོལ་ཁ་གསུམ་གྱི་བོད་མི་ཡོངས་རྫོགས་གོང་བུ་གཅིག་གྱུར་བྱས་ནས་སྡོད་ཐུབ་པ་དེ་ནི་གཙོ་བོ་བོད་ཀྱི་ཆོས་དང་རིག་གཞུང་གི་ཐོག་ནས་བྱུང་འདུག བཀའ་འགྱུར་བསྟན་འགྱུར་གྱི་ཡི་གེ་དེ་དབུས་སྐད་ཟེར་ནའང་རེད། ཁམས་སྐད་ཟེར་ནའང་རེད། ཨ་མདོའི་སྐད་ཟེར་ནའང་རེད། སྟོད་པའི་སྐད་ཟེར་ནའང་རེད། སྒྲ་གདངས་ཕྲན་བུ་མི་འདྲ་བ་ཡོང་གི་ཡོད་པ་རེད་མ་གཏོགས་ཡི་གེ་བོད་ཡོངས་རྫོགས་ལ་གཅིག་གྱུར་རེད། བོད་ཙམ་དུ་མ་ཟད་ནུབ་ལ་དྭགས་ནས་ཤར་མོན་བར་དུ་བཀའ་བསྟན་གྱི་ཡི་གེ་གཅིག་གྱུར་བྱས་ནས་བསྡད་ཡོད་པ་རེད།
ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་ནས་བོད་ཡིག་གསར་གཏོད་མཛད་པ་ཡིན་ནའང་འདྲ། ཡར་རྒྱས་བཏང་བ་ཡིན་ནའང་འདྲ། གང་ལྟར་བོད་ཀྱི་ཡི་གེར་དབྱངས་དང་གསལ་བྱེད་ཡོད་པ་རྒྱ་ཡིག་དང་ཡང་མི་འདྲ། དཔེ་ལྟ་ས་རྒྱ་གར་གྱི་ཡི་གེ་དབྱངས་དང་གསལ་བྱེད་ལྟར་ཡོད་པ་རེད་དེ། ང་རང་ཚོའི་ཡིག་གཟུགས་ཟུར་དུ་བྱས་ནས་སྐད་ཡིག་གི་ཐོག་ནས་བོད་ཁེ་གཙང་ཞིག་ཆགས་འདུག སོ་སོ་སྐད་ཡིག་ཟུར་དུ་ཡོད་པ་ཙམ་དུ་མ་ཟད། སྐད་ཡིག་དེའི་ནང་དུ་བཀའ་འགྱུར་དང་བསྟན་འགྱུར་གྱི་བརྗོད་བྱ་སྟོན་པ་མྱ་ངན་ལས་འདས་ཟིན་པའི་རྗེས་ལ་དཔལ་ནཱ་ལེནྡྲར་སྐབས་དེའི་རྒྱ་གར་གྱི་སེམས་ཁམས་རིག་པ་དང་ཚད་མ་རིག་པ། ལྟ་གྲུབ་སོགས་མང་པོ་ཡོད་པ་དེ་དག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཤུགས་ཆེན་པོ་ཞིག་བྱུང་ཡོད་འདུག ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་རིག་གནས་ཀྱི་ཁུངས་གཏུགས་ས་གཙོ་བོ་གཅིག་ནཱ་ལེནྡྲ་རེད་དགོངས་ནས་མཁན་ཆེན་ཞི་བ་འཚོ་བོད་ལ་གདན་ཞུ་གནང་། མཁན་ཆེན་ཞི་བ་འཚོ་དགུང་ལོ་བགྲེས་པོ་རེད། རྒྱ་གར་གྱི་ལོ་རྒྱུས་སྨྲ་བ་ཚོས་བཤད་ན་དགུང་ལོ་བདུན་ཅུ་དོན་གྲངས་ཤིག་རེད་གསུངས་ཀྱི་འདུག དེ་དངོས་ཡོད་གནས་ཚུལ་མིན་འགྲོ། ཁོང་གདན་ཞུ་གནང་ནས་ནཱ་ལེནྡྲའི་ཤེས་ཡོན་གྱི་ལྟེ་གནས་དེའི་ནང་ནས་སློབ་སྦྱོང་ཇི་ལྟར་བྱེད་བཞིན་པ་སོགས་ང་ཚོ་བོད་པ་ལ་ངོ་སྤྲོད་གནང་ནས་མཁན་ཆེན་ཞི་བ་འཚོ་རང་ཉིད་ཀྱིས་ཁྱེད་རང་ཚོར་ཡི་གེ་ཟུར་དུ་ཡོད་པ་ཡིན་པས་ལེགས་སྦྱར་གྱི་ཡི་གེ་ལ་བརྟེན་མི་དགོས་པར་བོད་ཡིག་རང་གི་ཐོག་ནས་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ཚད་མ་ལ་སོགས་པ་སློབ་ཁྲིད་བྱེད་ཐུབ་པ་ཞིག་བྱུང་ན་ཡག་པོ་རེད། ཅེས་ལམ་སྟོན་གནང་ནས་བཀའ་བསྟན་བོད་ཡིག་ནང་དུ་ཆ་ཚང་བསྒྱུར་བ་རེད། དེར་བརྟེན། ང་ཚོ་བོད་ཀྱི་ཡི་གེ་ལེགས་སྦྱར་དང་དོ་མཉམ་པོར་འགྲོ་ཐུབ་པའི་ཧ་ཅང་ཕྱུགས་པོ་ཆགས། ང་ཚོར་ཆོས་རྒྱལ་སྲོང་བཙན་སྐབས་ནས་ཡི་གེ་ཡོད་པ་རེད་དེ་མཁན་ཆེན་ཞི་བ་འཚོ་བོད་ལ་ཆིབས་བསྒྱུར་གནང་ནས་ཡི་གེ་བསྒྱུར་རྒྱུ་མགོ་མ་ཚུགས་གོང་ཟ་སྐད་འཐུང་སྐད་ལྟ་བུ་སྤྱིར་བཏང་ཞིག་མ་གཏོགས་ཡར་རྒྱས་ཆེན་པོ་ཞིག་མེད་པ་འདྲ། མཁན་ཆེན་ཞི་བ་འཚོའི་ལམ་སྟོན་དང་འབྲེལ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་ལ་གཞི་ནས་ལེགས་སྦྱར་དུ་ཡོད་པ་དག་བོད་ཡིག་ཏུ་བསྒྱུར་རྒྱུ་མགོ་ཚུགས་ནས་ནཱ་ལེནྡྲའི་རིག་གནས་དག་བོད་ཡིག་ནང་མིག་ཚིག་གསར་བ་བཟོ་བཞིན་ཡར་རྒྱས་བྱུང་བ་རེད། ཅེས་བཙན་བྱོལ་ནང་ཡིག་རྨོངས་པ་མེད་པ་དང་། སྦག་ས་ཆོས་སྒར་ནས་གདན་ས་ཁག་གཞིས་ཆགས་ཁག་དུ་གནས་སྤོར་གནང་བ། དེ་བཞིན་མགོན་པོ་གང་ཉིད་མཆོག་གི་མཚན་ཞབས་རྒྱལ་རོང་བ་དང་འབྲེལ་བའི་སྐོར་སོགས་བཀའ་སློབ་སྩལ་བ་དང་།
གཞན་ཡང་བཀའ་སློབ་སྩལ་དོན། ལ་དྭགས་སུ་ཡོད་པའི་སྐབས་སུ་ངོས་ཀྱིས་བརྗོད་རྒྱུ་བྱུང་། ངོས་ཀྱི་ངོ་ཤེས་པ་དང་ཆོས་གྲོགས་མང་པོ་ཞིག་གིས་ལུང་པ་ཅིག་དང་ཅིག་ལ་ཡོང་རོགས་ཞེས་མང་པོ་བཤད་ཀྱི་འདུག དེ་ལ་ངོས་ཀྱིས་༸རྒྱལ་བ་རིན་པོ་ཆེ་བྲེལ་བ་ཆེན་པོ་མེད་པར་ཚེ་རིང་པོར་སྡོད་རྒྱུ་དགའ་བ་འདུག་གམ། ཚེ་རིང་པོ་མེད་པར་བྲེལ་བའི་ངང་ཕར་ཕྱིན་ཚུར་ཕྱིན་བྱེད་པའི་ཚེ་ཐུང་ཐུང་ཞིག་དགའ་བ་འདུག་ཅེས་བཤད་པ་ཡིན། མཁྱེན་སོང་ངམ། ད་ནི་དགེ་འདུན་གྲུབ་པའི་དགུང་ལོའི་མཚམས་ལ་སླེབས་བསྡད་ཡོད་པ་རེད། ངོས་རང་ལྷོད་ལྷོད་བྱས་ནས་སྡོད་རྒྱུ་མ་གཏོགས་ཕར་ཤོག་ཚུར་ཤོག འདི་ཁྲིད་རོགས་སོགས་ཕལ་ཆེར་ཉུང་དུ་བཏང་ནས་བག་སྤྲོ་བོ་བྱས་ཏེ། ཁ་སང་བཤད་པ་བཞིན་འཕགས་པའི་གནས་བརྟན་བཅུ་དྲུག་བྱིན་རླབས་ཆེན་པོ་བྱས་ནས་བསྟན་པ་ལ་ཕན་གྱི་ཡོད་པ་རེད། ངོས་ཀྱིས་ཀྱང་དེ་ནང་བཞིན་རྫིག་པོ་བྱས་ཏེ་འདི་ལྟར་བསྡད་ན་ཅེས་སོགས་བཤད་ཤོབ་དང་སྦྲགས་ངོས་ལ་ལྷོད་ལྷོད་དགོས་པ་གལ་ཆེན་པོ་རེད། ཅེས་བརྟན་བཞུགས་ཕུལ་མཁན་རྣམས་དམ་པ་དམ་ཚིག་གཡོ་བ་མེད་པ་ཡིན་པས་བླ་མའི་ཚེ་བརྟན་པ་ལ་འབྲེལ་བ་ཏན་ཏན་ཡོད་པ་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་བདེན་ཚིག་སྨོན་ལམ་སོགས་གསུངས་འདོན་གནང་སྟེ་བརྟན་བཞུགས་ལེགས་པར་གྲུབ་པ་དང་། འཐུས་མི་རྣམས་ཀྱིས་སྤོས་སྣེ་མདུན་བསུ་དང་བཅས་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་བཅས།