༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མངའ་སྡེ་གྷོ་ཝ་ནང་རྟེན་གཞི་བྱས་པའི་གྷོ་ཝ་འཛིན་སྐྱོང་ཚོང་ལས་སློབ་གཉེར་ཁང་ Goa Institute of Management དབུ་བརྙེས་ནས་མི་ལོ་༢༥ འཁོར་བའི་དུས་དྲན་སྲུང་བརྩི་མཛད་སྒོའི་ཐོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་སྐབས་ཚོང་ལས་སློབ་གཉེར་ཁང་གི་ངེས་སྟོན་པ་ཨ་ཇིཏ་པ་རུ་ལེ་ཀར་ Ajit Parulekar ལགས་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཨ་ཞོག་ཅནྡྲ་ Ashok Chandra ལགས་རྣམ་གཉིས་ཀྱིས་གཙོས་དགེ་ལས་སློབ་ཕྲུག་ཡོངས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
དེ་ཡང་གྷོ་ཝ་འཛིན་སྐྱོང་ཚོང་ལས་སློབ་གཉེར་ཁང་ནི་རྒྱ་གར་རྒྱལ་ཡོངས་ནང་ཚོང་ལས་སློབ་གཉེར་ཁང་སྙན་གྲགས་ཆེ་བའི་གྲས་ནས་གཅིག་ཡིན་ཞིང་། ད་ལྟའི་ཆར་ཚོང་ལས་སློབ་གཉེར་ཁང་དུ་སློབ་ཕྲུག་གྲངས་ ༦༧༢ ལྷག་མཆིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་མཛད་རྗེས་དེར་འཁོད་དགེ་ལས་སློབ་ཕྲུག་རྣམ་པ་གཙོས་པའི་མི་མང་གྲངས་ ༨༠༠༠ ལྷག་ལ་བཀའ་སློབ་སྩལ་དོན།
བཀུར་འོས་མཆེད་གྲོགས་ཕོ་མོ་ཡོངས་ཞུ་རྒྱུར། ངོས་རང་འདིར་བཅར་ནས་རྣམ་པ་ཚོར་ཚིག་འགའ་ཤས་ཞུ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཚོང་ལས་སློབ་གཉེར་ཁང་གི་ཚོགས་ཁང་ནང་གི་རྩིག་གྱང་སྟེང་ཨིན་ཡིག་ཐོག་བྲིས་ཡོད་པའི་ ༼ གྷོ་ཝ་འཛིན་སྐྱོང་ཚོང་ལས་སློབ་གཉེར་ཁང་དུ་རིག་པ་བསླབ་པར་མཚམས་འཇོག་ནམ་ཡང་མི་བྱེད།༽ the learning never stops at GIM ། ཅེས་པ་དེ་དངོས་གནས་བདེན་པ་རེད། དེ་ནི་དང་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ཞེས་པའི་བསྟན་བཅོས་ལས། རིག་པ་ནང་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པར་མ་གྱུར་ཀྱང་། ། སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་པ་འདྲ། ། ཞེས་པ་གཅིག་མཚུངས་རེད།
ད་ལྟའི་ཤེས་ཡོན་ལམ་ལུགས་ནང་གཙོ་བོ་ཕྱི་དངོས་པོའི་ཡར་རྒྱས་ཁོ་ནར་དམིགས་ནས་འགྲོ་བ་མ་གཏོགས་ནང་སེམས་ཀྱི་རིན་ཐང་ལ་དོ་སྣང་སྤྲོད་ཀྱི་མེད་སྟབས། ད་ལྟའི་ཤེས་ཡོན་ལམ་ལུགས་འདི་འདང་ངེས་མེད་པ་གསལ་པོ་རེད། རྒྱ་གར་གནའ་རབས་ཀྱི་ལྟ་གྲུབ་ནང་ཞི་གནས་དང་ལྷག་མཐོང་སོགས་བློའི་རྣམ་གཞག་དང་བྱེད་ལས་སོགས་ཀྱི་སྐོར་རྒྱས་པོ་གསུངས་ཡོད། ཅེས་དང་།
གཞན་ཡང་མགོན་པོ་གང་ཉིད་མཆོག་གིས། ཚན་རིག་པས་བརྟག་དཔྱད་བྱས་པ་བརྒྱུད་འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་ནི་བྱམས་བརྩེའི་བདག་ཉིད་ཅན་རེད། ཅེས་བརྗོད་ཀྱི་འདུག བྱིས་པའི་གནས་སྐབས་ཨ་མའི་བྱམས་བརྩེ་ནི་ཧ་ཅང་གལ་ཆེན་པོ་ཡིན་པས། གལ་ཏེ་ཨ་མའི་བྱམས་བརྩེ་མེད་ན་ང་ཚོ་འཚོ་མི་ཐུབ། ཚན་རིག་པས་བརྟག་དཔྱད་བྱས་པ་ལྟར་ན། ང་ཚོ་རྒྱུན་དུ་ཁོང་ཁྲོ་དང་། འཇིགས་སྣང་། དོགས་པ་ངང་བསྡད་པ་ཡིན་ན། དེས་ང་ཚོའི་ལུས་ཟུངས་ལ་གནོད་ཀྱི་ཡོད་པ་བརྗོད་འདུག
ང་ཚོ་གཅིག་ལ་གཅིག་བརྟེན་གྱི་སྲོག་ཆགས་རེད། གཞན་ཕན་གྱི་བསམ་བློ་ཡོད་ན། གྲོགས་པོ་གྲོགས་མོ་སོགས་རང་ལ་ངང་གིས་འཁོར་ཡོང་གི་རེད། དེ་ལས་ལྡོག་སྟེ་རྟག་ཏུ་ཁོང་ཁྲོ་ལངས་ནས་བསྡད་ན་རང་ལ་གྲོགས་ཀྱང་མི་འཁོར།
རྒྱ་གར་ནང་གནའ་བོའི་ལེགས་བཤད་སེམས་ཁམས་རིག་པ་དང་དེང་དུས་ཤེས་ཡོན་ཟུང་འབྲེལ་ཐོག་ཤེས་ཡོན་སློབ་གསོ་ཞིག་སྐྲུན་ཐུབ་པའི་ངོས་ལ་ཡིད་ཆེས་ཡོད།དཔལ་ནཱ་ལེནྜའི་ལེགས་བཤད་དེ་དག་རྒྱ་གར་ནང་ཉམས་རྒུད་དུ་ཕྱིན་ཡོད་ནའང་། བོད་པ་ཚོས་དཔལ་ནཱ་ལེནྜའི་ལེགས་བཤད་དེ་དག་བདག་པོ་བརྒྱབ་ནས་སྡོད་ཡོད། རྒྱ་གར་ལྷོ་ཕྱོགས་ཁུལ་དུ་དགེ་འདུན་པ་དང་བཙུན་མ་གྲངས་ ༡༠༠༠༠ ཙམ་ཡོད་པས་རྒྱ་གར་གྱི་གནའ་རབས་ཀྱི་ལེགས་བཤད་དེ་དག་རྒྱ་གར་ནང་སླར་གསོ་བྱེད་ཐུབ།
རྒྱ་གར་ནི་འཛམ་གླིང་ནང་མང་གཙོ་ལུང་པ་ཆེ་ཤོས་དེ་ཡིན་པས་འཛམ་གླིང་ནང་ཆོས་ལུགས་མཐུན་སྒྲིལ་ཡོང་བར་འབད་བརྩོན་བྱེད་དགོས། ཕྱི་སྡོད་རྒྱ་གར་བ་ཚོས་འཛམ་གླིང་གི་མི་རིགས་གཞན་པ་ཚོ་དང་ལྷན་རྒྱ་གར་གྱི་གནའ་བོའི་འཚེ་མེད་ཞི་བའི་ལྟ་གྲུབ་སྲོལ་རྒྱུན་བཟང་པོ་དེ་དག་གི་སྐོར་བགྲོ་གླེང་སོགས་གནང་དགོས།
དུས་རབས་ ༢༡ འདི་བཞིན་ཞི་བདེ་དང་བྱམས་བརྩེ་ལྡན་པའི་དུས་རབས་ཤིག་བསྐྲུན་པར། འཛམ་གླིང་གི་དཀའ་རྙོག་ཚང་མ་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་ལས་དྲག་པོའི་ཐབས་ལམ་བེད་སྦྱོད་བྱེད་མི་རུང་། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་བཅར་བ་ཁག་གཅིག་གི་དྲི་བར་བཀའ་ལན་སྩལ་བ་དང་འབྲེལ་དེར་འཁོད་ཚོགས་བཅར་བ་ཡོངས་ནས་ཐལ་མོ་བརྡབས་ཏེ་དགའ་བསུ་གནང་། མཐར་ཚོང་ལས་སློབ་གཉེར་ཁང་གི་ངེས་སྟོན་པས་ཚོགས་བཅར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་སྦྲགས་མཛད་སྒོ་བདེ་ལེགས་ངང་གྲོལ་ཡོད་པ་བཅས།།