༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྡི་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་བྱང་ཕྱོགས་ལ་དྭགས་རྒྱལ་ས་སླེའི་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམ་པ་དང་། ལ་དྭགས་ནང་པའི་ཚོགས་པ་ དང་། ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས། དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་དང་། སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག ཁྲིག་རྩེ་རིན་པོ་ཆེ་མཆོག་སོགས་ཀྱིས་དབུས་བླ་སྤྲུལ་དགེ་བཤེས་རྣམ་པ། ལ་དྭགས་ཨ་མ་ཚོགས་པ། དགོན་པའི་ཚོགས་པ། ས་གནས་རྫོང་དཔོན་དང་ཉེན་རྟོག་འགོ་དཔོན། ལ་དྭགས་ཁ་ཆེ་ཚོགས་པ། ལ་སྤྱིས་གཙོས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་འཐུས་མི་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད།
དེ་ཡང་གནམ་ཐང་ནས་གླེ་ཞི་བའི་ཚལ་དུ་ཆིབས་བསྒྱུར་བསྐྱངས་སྐབས་ཕེབས་ལམ་དུ་དད་ལྡན་སེར་སྐྱ་ཕོ་མོ་རྒན་གཞོན་སྟོང་ཕྲག་མང་པོས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས། མེ་ཏོག་སོགས་ཐོགས་ནས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་དང་འབྲེལ་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་ཞི་བའི་ཚལ་ཕོ་བྲང་དུ་༸ཞབས་སོར་བར་འཁོད་པ་དང་། རི་རྫོང་རིན་པོ་ཆེ་མཆོག་གིས་མཎྡལ་རྟེན་གསུམ་འདེགས་འབུལ་དང་གསོལ་ཇ་འབྲས་བསིལ་འདེགས་འབུལ་ཞུས། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་མོ་ལ་དྭགས་ཁུལ་དང་དགོན་པ་གྲྭ་ཚང་ཡར་རྒྱས་དེ་ཙམ་མེད་ནའང་། ད་ཆ་ཕྱི་དངོས་པོ་ཙམ་མ་ཟད་བསླབ་པ་སློབ་གཉེར་ཀྱང་ཡར་རྒྱས་ཕྱིན་ཡོད་པ་དང་། ལ་དྭགས་ཡུལ་མའི་འཚོ་བའི་གནས་སྟངས་ཀྱང་སྔར་ལས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པའི་ཐོག ལ་དྭགས་ས་གནས་སེར་སྐྱ་མང་ཚོགས་ལ་མཚོན་ན་དད་པ་དམ་ཚིག་གཡོ་བ་མེད་པ་ཡིན་སྟབས། ཐེངས་འདིར་སླར་ཡང་ལ་དྭགས་སུ་༸ཞབས་སོར་འཁོད་ཐུབ་པར་ཐུགས་དགྱེས་ཚོར་བྱུང་བའི་སྐོར་དང་། ལ་དྭགས་ཁུལ་དུ་ས་སྐམ་པོ་ཡིན་སྟབས། གྲུམ་བུའི་ནད་རིགས་ལ་སྐམ་སར་ཕྲན་བུའི་ཁྱད་པར་ཡོད་པར་བརྟེན་ལ་དྭགས་སུ་འཁྱུག་ཙམ་བཞུགས་འདུན་ཡོད་པའི་སྐོར་བཀའ་སློབ་སྩལ་འབྲེལ་ཤར་མོན་ཡུལ་ནས་ནུབ་ལ་དྭགས་བར་གྱི་དགོན་པ་ཡོངས་རྫོགས་ཤེས་ཡོན་གྱི་བསྟི་གནང་ཁང་དུ་བཟོ་རྒྱུ་ཡིན་པའི་སྐོར་ལ་བསྔགས་བརྗོད་གནང་བ་དང་།
གཞན་ཡང་། སྟོན་པ་བཅོམ་ལྡན་འདས་ཀྱི་བསྟན་པ་འདི་ཉིད་དར་ནས་ལོ་ངོ་ ༢༦༠༠ ལྷག་ཕྱིན་ཡོད་སྟབས་དུས་རབས་ ༢༡ པའི་ནང་ཆོས་ལུགས་སྤྱི་དང་ལྷག་པར་ནང་པ་སངས་རྒྱས་པའི་ཆོས་འདི་དགོས་མཁོ་འདུག་གམ་མི་འདུག གལ་ཏེ་དུས་རབས་ ༢༡ པར་ནང་ཆོས་འདི་དུས་ཚོད་ཡོལ་ཟིན་པ་ཞིག་ལ་མཐོང་བཞིན་འདུག་ན་ཡལ་བར་དོར་རྒྱུ་ཡིན་པ་དང་། དེ་ལྟར་མིན་པར་གལ་ཏེ་དུས་རབས་ ༢༡ ནང་དུ་ནང་ཆོས་འདི་འབྲེལ་བ་ཡོད་པ་ཞིག་མཐོང་བཞིན་འདུག་ན་ཆོ་ག་ཕྱག་ལན་ལྟ་བུ་ཙམ་ཞིག་ཐོག་ནས་མིན་པར་ནང་དོན་རིག་པའི་གཞུང་ལ་སློབ་གཉེར་ཚུལ་བཞིན་བྱེད་དགོས་པ་སོགས་བཀའ་སློབ་སྩལ་ཡོད་པ་བཅས།།