༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་མི་རིགས་འདྲ་མིན་གྱི་མི་མང་སུམ་བརྒྱ་བརྒལ་བར་མཇལ་ཁ་དང་། རྡོར་གདན་མཆོད་རྟེན་ཆེན་མོའི་ར་སྐོར་ནང་དུ་རིས་མེད་བསྟན་པའི་གསལ་བྱེད་༸ཆོས་རྗེ་ཡིན་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་འདས་མཆོད་སྨོན་ལམ་སྐབས་ ༡༥ པར་དབུ་བཞུགས་མཛད་ཡོད་པ་རེད།
དེ་ཡང་ཞོགས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་གི་གཟིམ་ཆུང་མཇལ་འཕྲད་ཁང་དུ་ཝེ་ཏི་ནམ་དང་རྒྱ་ནག སོག་པོ་དང་ར་ཤི་ཡ། འབྲུག་བཅས་ནས་ཕེབས་པའི་དད་ལྡན་མི་མང་སུམ་བརྒྱ་བརྒལ་བ་དང་། དེ་བཞིན་བོད་རིགས་ཁག་ཅིག་བཅས་ལ་མཇལ་ཁ་སྩལ་བ་དང་། སྐབས་དེར་ནང་པའི་ཆོས་ལ་དད་པ་ཙམ་མ་ཡིནཔར་ཤེས་ནས་དད་པ་ཐོབ་དགོས་པ་དང་། ཤེས་ནས་དད་པ་ཐོབ་ཚེ་ནང་ཆོས་དུས་ ༢༡ པ་དང་ ༢༢ པར་མུ་མཐུད་གནས་ཐུབ་པའི་སྐོར་དང་། གཞན་ཡང་། དེང་རབས་ཚན་རིག་དང་མཉམ་དུ་བསྐྱོད་ཐུབ་པ་ནི་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ནང་ཆོས་འདི་ཉིད་ཆགས་ཡོད་སྐོར་སོགས་བཀའ་སློབ་སྩལ།
དེ་རྗེས་ཆུ་ཚོད་ ༩།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་རྡོར་གདན་གྱི་མཆོད་རྟེན་ཆེན་མོའི་ར་སྐོར་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། མཆོད་རྟེན་ཆེན་མོའི་རྒྱབ་ཕྱོགས་ཀྱི་ཕེབས་ལམ་སྒོ་ཆེན་དུ་༸ཞབས་སོར་འཁོད་མཚམས་ཀ་ཐོག་དགེ་རྩེ་རིན་པོ་ཆེ་མཆོག་དང་རྣམ་གྲོལ་གླིང་གི་མཁན་ཆེན་རྣམ་གྲོལ་མཆོག་སོགས་འབྲེལ་ཡོད་མི་སྣས་སྤོས་སྣེ་མདུན་བསུས་ཏེ་ཕེབས་བསུ་དང་བཅས་མཆོད་རྟེན་ཆེན་མོར་བཞུགས་པའི་ཐུབ་པའི་སྐུ་བརྙན་ལ་མཆོད་མཇལ་གནང་བ་དང་། དེ་ནས་བྱང་ཆུབ་ལྗོན་ཤིང་མདུན་དུ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་སྐུ་པར་སྒྲིག་བཤམས་ཀྱི་མདུན་དུ་མཆོད་མེ་ཞལ་འབྱེད་མཛད། བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ཀ་ཐོག་དགེ་རྩེ་རིན་པོ་ཆེ་མཆོག་དང་རྣམ་གྲོལ་གླིང་མཁན་རིན་པོ་ཆེ་སོགས་ཀྱིས་མཎྚལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། དེ་ནས་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་འདས་མཆོད་སྨོན་ལམ་སྐབས་ ༡༥ པར་དབུ་བཞུགས་ཀྱིས་ཆུ་ཚོད་ ༡༠ བ་ཡོལ་ཙམ་ལ་སྨོན་ལམ་ཚོགས་མགོན་གྱི་གནང་སྒོ་ལེགས་པར་གྲུབ་སྟེ་བཞུགས་གནས་དགའ་ལྡན་འཕེལ་རྒྱས་གླིང་དུ་ཆིབས་ཞལ་བསྒྱུར་ཡོད་པ་དང་།
དེ་རྗེས་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། བླ་སྤྲུལ་དགེ་བཤེས་སོགས་ཁྱོན་མི་གྲངས་ ༦༨ ལྷན་དགེ་ལྡན་པའི་ཐོས་བསམ་སློབ་གཉེར་སྐོར་ལ་བཀའ་མོལ་གནང་ཡོད་པ་རེད།
སང་ཉིན་ཚེས་ ༡༤ ནས་ ༡༦ བར་ཉིན་གསུམ་རིང་གནས་མཆོག་རྡོ་རྗེ་གདན་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་དང་། ཚེས་ ༡༦ ཉིན་གྱི་སྔ་དྲོ་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་དང་། དེ་རྗེས་སོག་པོའི་བླ་མའི་དགེ་རྒན་བསྟན་འཛིན་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་རིན་པོ་ཆེ་དང་རྣམ་རྒྱལ་གྲྭ་ཚང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་བཅས།།