༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚེས་ ༥ ཉིན་ནས་ནཱ་ལེནྡྲ་ཤིག་ཤའམ་རྒྱ་གར་གྱི་ནང་ཆོས་དོན་གཉེར་བ་རྣམས་ལ་གནས་མཆོག་རྡོ་རྗེ་གདན་ནས་ཆོས་ཀྱི་འཁོར་ལོའི་མདོ་དང་སཱ་ལུའི་ལྗང་པའི་རྟེན་འབྲེལ་གྱི་མདོའི་བཀའ་ཁྲིད་དབུ་འཛུགས་མཛད་ཡོད་པ་འཕྲོ་སྐྱོང་གིས་འགྲོ་བ་མི་རྣམས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་དང་། མིའི་ལྷན་སྐྱེས་ཀྱི་རང་བཞིན་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་དེ་ཉིད་ཚན་རིག་གི་བརྟག་དཔྱད་ཀྱིས་ཀྱང་ར་འཕྲོད་ཡོད་པས་རང་གིས་བདེ་བ་འདོད་པ་ལྟར་གཞན་ཀྱང་བདེ་སྐྱིད་ལྡན་པ་ཞིག་ཡོང་ཐབས་ལ་བསམ་བློ་གཏོང་དགོས་པ་སོགས་བཀའ་སློབ་སྩལ་ཡོད་པ་རེད།
དེ་ཡང་ཞོགས་པ་ཆུ་ཚོད་༨།༣༠ ཡོལ་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་གི་ཕོ་བྲང་ནས་ཆིབས་ཊོར་བཞུགས་ཏེ་དུས་དབང་གསུང་ཆོས་ར་བར་ཆིབས་བསྒྱུར་བསྐྱངས་སྟེ་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་རྒྱ་གར་ནང་པའི་རྗེས་ཁག་ཅིག་དང་སློབ་ཕྲུག་བུ་མོ་ཁག་ཅིག་གིས་སྔ་རྗེས་སུ་པཱ་ལིའི་སྐད་དང་ལེགས་སྦྱར་གྱི་སྐད་ཐོག་ཤིས་བརྗོད་དང་ཤེས་རབ་སྙིང་པོ་གསུང་འདོན་གནང་བ་དང་། དེ་ནས་གང་གིས་ཐུགས་བརྩེ་ཉེར་བཟུང་ནས།། ལྟ་བ་ཐམས་ཅད་སྤང་བའི་ཕྱིར།། དམ་པའི་ཆོས་ནི་སྟོན་མཛད་པ།། གཽ་ཏམ་དེ་ལ་ཕྱག་འཚལ་ལོ།། ཞེས་སོགས་གསུང་འདོན་རྗེས་བཀའ་སློབ་སྩལ་དོན།
ཁ་སང་ནས་རྒྱ་གར་གྱི་སློབ་ཕྲུག་གཙོ་བོར་གྱུར་བའི་ཆོས་གྲོགས་ཚོ་ལ་གསུང་ཆོས་བྱེད་བཞིན་པ་རེད། ཁ་སང་ཞུས་པ་ལྟར་ང་རང་ཚོ་འདིར་མི་མང་པོ་ཞིག་འདུས་ཡོད། ཁ་ཤས་ཐག་རིང་པོ་ནས་ཡོང་བ་རེད། ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་ཐོག་ནས་ཡོང་བསྡད་པ་ཤ་སྟག་རེད། སྲོག་ཆགས་གྲོག་འབུ་ཚུན་ཆུད་ནས་འགུལ་བསྐྱོད་བརྒྱབ་སྟེ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་ཐོག་འགྲོ་བཞིན་ཡོད། གང་ལྟར་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ལ་རྒྱུ་མཚན་བཀོད་མི་དགོས་པར་མཐོང་ཆོས་སུ་ཡོད་པ་ཞིག་རེད། རྒྱུ་མཚན་གང་ལ་བཀོད་དགོས་པ་རེད་ཅེ་ན། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་ཀྱང་། རང་གཅིག་པུ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་འཕྲལ་ཕུགས་ལ་ཕན་གནོད་གང་ཡོད་བསམ་བློ་གཏོང་དགོས། རང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ལྟར་སེམས་ཅན་མཆིས་སོ་ཅོག་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་རེད། གཞན་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པའི་བློ་ཞིག་དང་བདེ་བ་ཐོབ་འདོད་ཀྱི་བློ་བྱུང་བ་ཡིན་ན་འཕྲལ་དང་ཕུགས་ལ་ཁེ་ཕན་ཅི་ཞིག་ཡོད་པ་ལ་མིའི་རྣམ་དཔྱོད་ཀྱི་ཐོག་ནས་བསམ་བློ་བཏང་ནས་ཤེས་དགོས་པ་ཞིག་རེད།
རྩ་བ་མིའི་ལྷན་སྐྱེས་ནི་བྱམས་བརྩེ་རང་བཞིན་ཅན་ཞིག་རེད། དེ་ཚན་རིག་པས་ཀྱང་བཤད་ཀྱི་འདུག དེ་ལ་རྒྱུ་མཚན་མང་པོ་ཡོད་པ་རེད། གང་ལྟར་ལྷན་སྐྱེས་ལ་བྱམས་བརྩེའི་རང་བཞིན་ཡོང་བ་དེ་ནི་ཆོས་དང་འབྲེལ་ནས་བཤད་ཀྱི་ཡོད་པ་མ་རེད། སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཡིན་པས་གཞན་གྱིས་རང་ལ་བྱམས་བརྩེ་བྱས་པ་ཡིན་ན་སེམས་ལ་བདེ་སྐྱིད་ཡོང་གི་ཡོད་པ་དང་། དེ་འདོད་ཀྱི་ཡང་ཡོད་པ་རེད། གཞན་གྱི་བྱམས་བརྩེ་ལ་དགའ་ཚོར་ཡོང་བའི་སེམས་ཅན་ལ་གཞན་ལ་བྱམས་བརྩེ་སྤེལ་བའི་ནུས་པའང་ཡོད་པ་རེད། དེར་བརྟེན་རྒྱུ་མཚན་ལ་བསམ་བློ་བཏང་ནས་རང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ནང་བཞིན་སེམས་ཅན་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་ཡིན་པ་ལ་བློ་སྦྱོང་དགོས་པ་དང་བསམ་བློ་གཏོང་དགོས།
འཛམ་གླིང་གི་ཆོས་ལུགས་ཚང་མས་ཞེ་སྡང་དང་ཕྲག་དོག་གི་དབང་གིས་སྡུག་བསྔལ་ཡོང་གི་ཡོད་པ་ངོས་འཛིན་བྱས་ཏེ་བྱམས་པ་དང་བརྩེ་བ། བཟོད་པ། ཆོག་ཤེས་བཅས་གསུངས་ཡོད། རྒྱ་གར་གྱི་གནའ་རབས་ཆོས་བརྒྱུད་ཀྱི་ནང་དུ་སྡུག་བསྔལ་མྱོང་མཁན་དང་བདེ་བ་མྱོང་མཁན་གྱི་བློ་ལ་ཞིབ་འཇུག་བྱས་ཏེ་སྒོ་ལྔའི་ཤེས་པ་དེ་རྒྱུད་ལམ་ལྟ་བུ་ཞིག་རེད་མ་གཏོགས། བདེ་སྡུག་གི་ཚོར་བ་མྱོང་མཁན་དང་བློ་ལ་འགྱུར་བ་གཏོང་མཁན་ཡིད་བློའི་སྟེང་དུ་ཡོང་གི་ཡོད་པ་ཧ་ཅང་གསལ་པོ་བཟོས་ཡོད། རྒྱ་གར་གྱི་ཆོས་བརྒྱུད་ཚོའི་ནང་དུ་བློ་སྦྱོང་བཤད་ཀྱི་ཡོད་པ་དང་། དེ་སྦྱོང་བརྡར་གྱི་ཆེད་དུ་ཞི་གནས་དང་ལྷག་མཐོང་ཟེར་བ་ཞིག་ཡོད་པ་རེད། དེར་བརྟེན་དེ་རིང་འདིར་ཕྱོགས་གཅིག་ནས་རྒྱ་གར་གྱི་ནང་དང་། གཉིས་ནས་སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་ཁྱད་པར་ཅན་འདི་འདྲ་ཞིག་ལ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པའི་ང་ཚོ་འཛོམས་ནས་གཙོ་བོ་ཡིད་བློའི་སྟེང་གི་བདེ་སྡུག་ངོས་འཛིན་བྱེད་རྒྱུ་གལ་ཆེན་པོ་རེད།
དངོས་པོ་ཡར་རྒྱས་སོང་ཡོད་པའི་ལུང་པ་དག་ཏུ་གཙོ་བོ་སྒོ་ལྔའི་ཤེས་པ་ལ་འཕྲལ་དུ་ཚིམ་པ་ཞིག་བྱུང་ན་དེ་ཙམ་ལ་བསམ་བློ་བཏང་ཡོད། དངོས་ཡོད་གནས་ཚུལ་ལ་ཧ་ཅང་གསལ་པོ་རེད། སེམས་མ་སྐྱིད་པ་ཡོད་ཚེ་འདོད་ཡོན་ཕུན་ཚོགས་ཆ་ཚང་ཡོད་ནའང་མི་དེ་སྐྱིད་པོ་ཅང་ཡོད་པ་མ་རེད། སེམས་ཀྱི་ཞི་བདེ་ཡོད་པ་ཞིག་དང་། ཡིད་བློའི་སྒང་ནས་ཞི་ལྷོད་ཡོད་པ་ཡིན་ན་སྒོ་ལྔའི་ཤེས་པའི་ཡུལ་དུ་ཡིད་དུ་མི་འོངས་པ་ཡོད་ནའང་དེས་སེམས་དཀྲུགས་པ་ཡོང་གི་ཡོད་པ་མ་རེད། དེར་བརྟེན་དབང་པོའི་ཤེས་པ་དང་ཡིད་བློའི་དབྱེ་བ་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། སེམས་ཁམས་རིག་པ་བས་(psychologist) སེམས་ཀྱི་སྐོར་བཤད་པའི་སྐབས་སུ་གཙོ་བོ་སྒོ་ལྔའི་ཤེས་པ་རྐྱང་བཤད་པ་ལས་ཡིད་བློའི་སྟེང་ལ་དོ་སྣང་བྱས་མེད། ད་ལྟ་གཞི་ནས་དོ་སྣང་བྱེད་ཀྱི་འདུག རྒྱ་གར་ལ་སྔ་མོ་ནས་ཡིད་བློ་གལ་ཆེན་པོར་བརྩིས་ནས་དེ་ལ་བློ་སྦྱོང་སྟངས་ཀྱི་ཞི་གནས་དང་ལྷག་མཐོང་ཐོན་ཡོང་གི་ཡོད་པ་རེད།
རྒྱ་གར་གྱི་གནའ་རབས་ནས་གཙོ་བོ་ཡིད་བློའི་སྟེང་ནས་སྡུག་བསྔལ་ཡོང་གི་ཡོད་པ་ཡིན་པས་བདེ་སྐྱིད་དེའང་གཙོ་བོ་ཡིད་བློའི་སྟེང་ནས་སྒྲུབ་པ་ཞིག་ལས་ལུས་ཚོར་གྱི་བདེ་སྡུག་གལ་ཆེན་པོར་མ་བརྩིས་པར་འགྲོ་བཞིན་ཡོད་པ་རེད། ཅེས་རང་རྒྱུད་ལྡན་གྱི་གང་ཟག་མ་སྐྱིད་པར་བྱེད་མཁན་ནམ་སྡུག་བསྔལ་བར་བྱེད་མཁན་ནི་ཉོན་མོངས་རེད་ཅེས་སོགས་བཀའ་སློབ་སྩལ་རྗེས་སཱ་ལུའི་ལྗང་པའི་མདོ་ཡི་བཀའ་ཁྲིད་འཕྲོ་སྐྱོང་གིས་ཆུ་ཚོད་ ༡༡།༣༠ ཙམ་ལ་ཉིན་གཉིས་པའི་བཀའ་ཁྲིད་མཇུག་བསྡུ་དང་འབྲེལ་སང་གནངས་ཐོན་འགྲོ་མཁན་ཡོད་པས་སང་ཉིན་ཡར་འཚོག་པ་དང་སེམས་བསྐྱེད་དང་གཟུངས་སྔགས་ཀྱི་ཟློས་ལུང་སཱ་ལུའི་ལྗང་པའི་མདོ་ཡི་མཇུག་སྐྱོང་གནང་རྒྱུ་ཡིན་པ་དང་། གཞན་ཡང་། སང་ཉིན་མངའ་སྡེའི་བློན་ཆེན་ (chief minister) མཆོག་ཕེབས་ཀྱི་ཡོད་པ་དང་། དེ་དང་འབྲེལ་ནས་མཛད་སྒོ་སྟབས་བདེ་ཞིག་འཚོག་རྒྱུ་ཡོད། བཀྲ་ཤིས་བདེ་ལེགས་ཞེས་ཉིན་གཉིས་པའི་ཆོས་འབྲེལ་གནང་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་བཅས།།