༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༨ ཉིན་ཞོགས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སན་དྷི་ཡ་གྷོའི་རི་དྭགས་གླིང་གར་ཆིབས་བསྒྱུར་གྱིས་ཐོག་མར་བརྙན་ཐུང་ཞིག་གཟིགས་འབུལ་ཞུས་པ་དང་། དེ་ནས་རི་དྭགས་སེམས་ཅན་ལ་གཟིགས་སྐོར་དང་བདག་ཉར་བྱེད་མཁན་རྣམ་པར་བཀའ་སློབ་སྩལ་རྗེས་བཞུགས་གནས་མགྲོན་ཁང་དུ་ཆིབས་བསྒྱུར་བསྐྱངས་ཏེ་མི་སྣ་ཁག་གཅིག་ལ་མཇལ་འཕྲད་གནང་། དེ་རྗེས་རྒྱ་གར་གྱི་མི་རིགས་རྣམས་ལ་མཇལ་ཁ་སྩལ་བ་དང་། དེ་བཞིན་སན་ཌི་ཡ་གོ་དང་མིན་ནེ་སོ་ཊ། སན་ཕ་རན་སི་སི་ཀོ པོཌ་ལེནྜི་སོགས་ནས་ཕེབས་པའི་བོད་རིགས་རྣམས་ལ་བླང་དོར་བཀའ་སློབ་སྩལ་ཡོད་པ་རེད།
དེ་ཡང་རི་དྭགས་གླིང་གར་གཟིགས་སྐོར་གྲུབ་ནས་བཞུགས་གནས་མགོན་ཁང་དུ་གལ་ཆེའི་མི་སྣ་ཁག་ཅིག་ལ་ཟུར་མཇལ་གནང་བ་དང་། དེ་རྗེས་ཁུལ་དེར་སྡོད་པའི་རྒྱ་གར་གྱི་མི་རིགས་ཡིན་པ་རྣམས་ལ་མཇལ་ཁ་དང་རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་པཎ་གྲུབ་རྣམས་ཀྱི་ཚད་མ་རིག་པ་ལོ་ཉིས་སྟོང་ལྷག་གི་སྔོན་ལ་བྱུང་བ་ཡིན་ཡང་། དེང་དུས་ད་དུང་ཚད་མཐོ་བོ་ཡིན་པ་དང་། དེ་དག་སྲུང་སྐྱོབ་དང་སླར་གསོ་དགོས་པ་སོགས་ཀྱི་སྐོར་ལ་བཀའ་སྩལ་རྗེས་སན་ཌི་ཡ་གོ་དང་མིན་ནེ་སོ་ཊ། སན་ཕ་རན་སི་སི་ཀོ པོཌ་ལེནྜི་སོགས་ནས་ཕེབས་པའི་བོད་རིགས་བདུན་བརྒྱ་བརྒལ་བར་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་གལ་ཆེན་པོ་ཡིན་པ་དང་དེ་དག་སྲུང་སྐྱོབ་རྒྱུན་འཛིན་བྱ་དགོས་པའི་སྐོར་ལ་བླང་དོར་བཀའ་སློབ་སྩལ་ཡོད་པ་རེད།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སན་ཌི་ཡ་གོ་དང་། མིན་ནེ་སོ་ཊ། སན་ཕ་རན་སི་སི་ཀོ །པོཌ་ལེནྜི་སོགས་ནས་ཕེབས་པའི་བོད་རིགས་རྣམས་ལ་སྩལ་བའི་བླང་དོར་ལམ་སྟོན་གྱི་བཀའ་སློབ།
ཀ༽ གཞིས་ལུས་མི་མང་དང་། འགྱུར་མེད་ཀྱི་སྙིང་སྟོབས།
་ས་གནས་འདིར་ཁྱུག་ཙམ་སླེབས་ན་སྙམ་བྱུང་། ང་རང་ཚོ་ཚེ་རབས་མང་པོ་ནས་ལས་དང་སྨོན་ལམ་གྱི་འབྲེལ་བ་ཐུན་མོང་མ་ཡིན་པ་ཡོད་པ་ཞིག་ཆགས་ཡོད། དེ་རིང་ང་ཚོ་མཉམ་དུ་ཐུག་འཕྲད་བྱུང་བར་ངོས་རང་དགའ་པོ་བྱུང་། ཁྱེད་རང་ཚོ་བོད་རིགས་གཙོ་ཆེ་བོད་ནང་ཡོད་པའི་གཞིས་ལུས་རྒྱ་ཆེ་མི་མང་དང་། དེ་བཞིན་བཙན་བྱོལ་དུ་ཡོད་པའི་བོད་རིགས་ས་ཁུལ་འདྲ་མིན་ལ་ཡོད་པ་ཚང་མ་ལྷག་བསམ་ལར་ཞེན་གཡོ་བ་མེད་པ་ཞིག་རེད་འདུག ངོས་རང་དེ་རིང་འདིར་ཁྱུག་ཙམ་ཐུག་སྐབས་ཁྱེད་རང་ཚོ་མང་པོ་ཞིག་འདིར་འདུས་པར་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན།
ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ངོ་ ༥༨ ཕྱིན་ཡོད། མི་ཚེ་ཞིག་ལ་ལོ་ ༥༨ ཟེར་བ་དེ་གང་འཚམ་རིང་པོ་རེད། གཙོ་ཆེ་ཤོས་ལོ་ཡུན་དེའི་རིང་བོད་ནང་དགོན་པ་དང་། ལྷ་ཁང་དེ་རིགས་གཏོར་བཤིག་བཏང་བ་དང་། དེ་བཞིན་མི་མང་པོ་ཞིག་འདས་གྲོངས་སུ་ཕྱིན་པ། ཕལ་ཆེར་ཁྲིམས་ཀྱི་ཐོག་ནས་དམར་གསོད་བཏང་བ་དེ་འདྲ་མང་པོ་ཞིག་བྱུང་ཡོད། གཞན་ཡང་སློབ་གསོའི་ཐོག་ནས་མདོར་ན་བོད་ཡིག་སློབ་མི་ཆོག་པ་དང་། བོད་པ་དང་མཉམ་དུ་འབྲེལ་བ་དེ་འཚམ་བྱེད་མི་ཆོག་པ་ལྟ་བུའི་དམ་བསྒྲགས་མང་པོ་ཞིག་ཡོང་བཞིན་ཡོད་ཀྱང་། དེ་ལྟའི་གནས་སྟངས་ཀྱི་འོག་ནས་གཞིས་ལུས་རྒྱ་ཆེའི་མི་མང་དེ་དག་གི་སེམས་ཤུགས་དང་། ཞེན་ཁོག་ཕལ་ཆེར་འགྱུར་བ་མེད་པ་ཧ་ཅང་བརྟན་པོ་རེད་འདུག ང་རང་ཚོ་དུས་ཚོད་ཁག་པོའི་སྐབས་སུ་གནས་ཡོད། འོན་ཀྱང་གཞིས་ལུས་རྒྱ་ཆེའི་མི་མང་གཙོ་བོར་གྱུར་པའི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ཀྱིས་སོ་སོའི་མི་རིགས་ཀྱི་ཞེན་ཁོག་དང་། སོ་སོའི་ཆོས་དང་རིག་གཞུང་ལ་དགའ་ཞེན་གྱི་ཐོག་ནས་སྲུང་སྐྱོབ་བྱེད་བཞིན་ཡོད། དེར་བརྟེན་གཙོ་ཆེ་གཞིས་ལུས་རྒྱ་ཆེའི་མི་མང་དེ་དག་དཀའ་ངལ་དེ་ལྟ་བུའི་འོག་ཏུ་ཚང་མས་སེམས་ཤུགས་སེམས་ཀྱི་གཏིང་ལ་འགྱུར་བ་མེད་པར་གནས་བཞིན་པར་ཐུགས་རྗེ་ཆེ་ཞེས་བརྗོད་རྒྱུ་ཡིན་ལ་དངོས་གནས་བསྔགས་བརྗོད་ཡོད།
ཁ༽ སྐད་ཡིག་ལ་སློབ་སྦྱོང་དང་། རིན་བྲལ་གྱི་ལྟ་གྲུབ།
དེ་བཞིན་ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོ་ཡིན་ནའང་། དེ་བཞིན་མི་རབས་བརྗེ་བཞིན་ཡོད། མི་རབས་གསར་པ་སླེབ་ཀྱི་ཡོད་ཀྱང་། ང་ཚོ་བོད་པ་ཡིན་བསམས་པའི་འདུ་ཤེས་དེར་འགྱུར་བ་མེད་པར་བརྟན་པོར་གནས་པ་ཧ་ཅང་ཡག་པོ་རེད་འདུག ད་དུང་ཡང་ང་ཚོ་མི་རབས་གསར་པ་ཡར་ཡོང་མཁན་ཚོས་བོད་ཡིག་ཤེས་པ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད་འདུག ང་རང་ཚོའི་བོད་ཡིག་འདི་སོ་སོ་མི་རིགས་ཀྱི་སྐད་ཡིག་ཡིན། ཞེས་དེ་ལྟ་བུའི་ཞེན་ཁོག་གི་ཐོག་ནས་སོ་སོའི་ཡི་གེར་རྩ་ཆེན་པོ་བརྩི་བ་ཙམ་མིན། དེང་སྐབས་འཛམ་གླིང་འདིའི་སྟེང་ནང་པ་སངས་རྒྱས་པའི་ལྟ་གྲུབ་འགྲེལ་བཤད་མཐིལ་ཕྱིན་པ་ཞིག་དང་། དོན་ལ་འཁྲུལ་པ་མེད་པའི་འགྲེལ་བཤད་རྒྱག་ཐུབ་མཁན་ནི་བོད་པ་ཁོ་ན་རེད་འདུག ཨིན་ཡིག་ནང་གཞི་ནས་མིང་ཚིག་གསར་པ་བཟོ་ན་མ་གཏོགས་ཡོང་ཐབས་མེད། སྔ་མོ་ཡིན་ན་ལེགས་སྦྱར་ནང་ཡོད་ཀྱང་ལེགས་སྦྱར་ནི་མཁས་དབང་རེ་བཟུང་གིས་བཤད་རྒྱུ་ལས་ལྷག་མེད། ད་ལྟ་སྐད་ཡིག་བེད་སྤྱོད་ཡོད་བཞིན་པའི་ཁྲོད་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་འགྲེལ་བཤད་ཆ་ཚང་བ་རྒྱག་ཐུབ་པ་ནི་བོད་ཡིག་དང་བོད་སྐད་གཅིག་པུ་རེད་འདུག
ལྟ་གྲུབ་ལ་ཚ་མཚོན་ན། སེམས་ཁམས་རིག་པ་དང་། ཚད་མ་རིག་པ། ལྟ་བའི་སྐོར་དེ་དག་དེང་སྐབས་འཛམ་གླིང་འདིའི་སྟེང་ནང་པ་མིན་པའི་མིའི་ནང་ནས་དོ་སྣང་གསར་པ་ཞིག་སླེབས་བཞིན་འདུག དཔེར་ན། ངོས་ལ་ཆ་བཞག་ན། ཚན་རིག་པ་དང་མཉམ་དུ་འབྲེལ་བ་བྱ་རྒྱུ་དང་། མཁས་དབང་ཁག་དང་མཉམ་དུ་གོ་བསྡུར་བྱ་རྒྱུའི་རིགས་འདས་པའི་ལོ་ངོ་ ༣༠ ལྷག་ཙམ་རིང་ལ་ཧ་ཅང་མང་པོ་བྱུང་ཡོད། དེ་ལྟར་ཉམས་མྱོང་ཕྱོགས་བསྡོམས་བྱེད་སྐབས་ང་ཚོས་སློབ་སྦྱོང་བྱས་པའི་སེམས་ཁམས་རིག་པ་དང་། ལྟ་གྲུབ་སྐོར་དེ་དག་གཞི་ནས་འཛམ་གླིང་འདིའི་སྟེང་གི་མཁས་དབང་དང་། སེམས་ཁམས་རིག་པར་དོ་སྣང་ཡོད་མཁན་དེ་རིགས་ཀྱིས་དམིགས་བསལ་དོ་སྣང་ཡོང་བཞིན་འདུག དོ་སྣང་བྱེད་མཁན་མང་པོ་ཞིག་ནང་པའི་ཆོས་བྱེད་ཀྱི་མེད་ལ། དེ་བཞིན་མང་པོ་ཞིག་ཆོས་དད་ཀྱང་མེད། གང་ལྟར་དེ་སྔ་ཡིན་ན། སྤྱིར་ཆོས་ཞེས་བརྗོད་སྐབས་དད་པ་བྱས་ནས་འགྲོ་རྒྱུ་ལྟ་བུ་ཞིག་མཐོང་གི་ཡོད། སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་དཔལ་ནཱ་ལེནྡྲ་ནས་བྱུང་བའི་ཆོས་འདི་ཤེས་ཡོན་དང་ལྟ་གྲུབ་ཀྱི་ཐོག་ནས་བསམ་བློ་ཧ་ཅང་མང་པོ་གཏོང་རྒྱུ་ཡོད་པ་ཞིག་ཆགས་ཡོད་སྟབས། སྤྱིར་ཚན་རིག་པའི་ནང་ནས་དོ་སྣང་སླེབས་ཀྱི་ཡོད།
ག༽ རིགས་ལམ་གྱི་དགེ་མཚན་དང་། སློབ་ཁྲིད་ཀྱི་ལམ་ཐབས།
ང་ཚོ་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱས་པའི་སྐབས་ཤིག་ལ་ཚན་རིག་པ་འགའ་ཤས་ཀྱིས་ཁྱེད་རང་ཚོས་རིགས་ལམ་གྱི་ཐོག་ནས་རྣམ་གཞག་གཏན་ལ་དབབ་རྒྱུ་ཧ་ཅང་ཡག་པོ་འདུག དེ་ལྟ་བུའི་རིགས་ལམ་གྱི་འགྲོ་སྟངས་དེ་སློབ་ཚན་གཞན་གྱི་ནང་འཁྱེར་མི་ཐུབ་བམ། ཞེས་ངོས་ལ་བརྗོད་མཁན་བྱུང་། ངོས་ཀྱིས་འདི་ངེས་པར་དུ་ཡོང་གི་རེད། ཅེས་དེ་འདྲའི་སྐད་ཆ་བྱུང་། རྒྱ་གར་ནང་གི་སློབ་གྲྭ་ཁ་ཤས་ལ་རིགས་ལམ་བསླབས་ནས་རྒྱ་གར་མི་རིགས་ལ་མཇལ་ཁ་སྩལ་བ། སློབ་ཚན་དེ་ཚན་རིག་དང་། དེང་དུས་སློབ་ཚན་ཁག་འགྲེལ་བཤད་བརྒྱབ་ནས་ཐག་གཅོད་པའི་སྐབས་སུ་རྟགས་གསལ་བཏང་ནས་འགྲོ་རྒྱུའི་སྲོལ་གཏོད་ཡོང་གི་ཡོད།
ང་ཚོ་མེས་པོ་ཚོས་མི་རབས་མང་པོའི་རིང་ཉར་ཚགས་བྱས་པའི་བོད་པའི་ཤེས་ཡོན་འདི་དེང་སང་འཛམ་གླིང་འདིའི་སྟེང་ཕན་ཐོགས་ཡོད་པ་ཞིག་དང་། མིའི་རྣམ་དཔྱོད་གོང་ནས་གོང་དུ་སྤེལ་ནས་བརྟག་དཔྱད་བྱ་རྒྱུར་ཏན་ཏན་ཕན་ཐོགས་ཡོད་པ་ལྟ་བུ་ཞིག་འདུག དེར་བརྟེན་ཆོས་དད་ཡོད་མེད་དང་། དེ་བཞིན་སངས་རྒྱས་པའི་ཆོས་པ་ཡིན་མིན་ལ་མ་ལྟོས་པར་རིགས་ལམ་གྱི་འགྲོ་སྟངས་དང་། སེམས་ཁམས་རིག་པ་དེ་དག་ནི། འཛམ་གླིང་སྤྱི་ལ་ང་ཚོས་ཕན་ཐོགས་བྱེད་ཐུབ་པའི་དུས་ཚོད་ཅིག་ཏན་ཏན་སླེབས་ཀྱི་ཡོད་པ་ལྟ་བུ་ཞིག་མཐོང་བཞིན་འདུག དེར་བརྟེན་ང་ཚོ་བོད་རིགས་ཚོས་ཆོས་ལ་དད་པ་ཡོད་མེད་ཇི་ལྟར་ཡང་། ནང་ཆོས་ནས་གསུངས་པའི་ལྟ་གྲུབ་ཀྱི་རྣམ་གཞག་དང་། རིགས་ལམ་ལམ་ཚད་མ་རིག་པ་དེ་རིགས་ཁྱེད་རང་ཚོས་ཤེས་པ་བྱེད་དགོས་པ་གལ་ཆེན་པོ་རེད་འདུག
རིགས་ལམ་དེ་ཚོའི་གྲས་ང་ཚོས་ངེས་པར་དུ་ཤེས་པར་བྱེད་དགོས། དེ་སྔ་ང་ཚོས་དཔེ་ཆ་སློབ་སྦྱོང་བྱ་རྒྱུ་དེ་རིགས་ཕྱོགས་གཅིག་ནས་དགེ་འདུན་པ་དགོན་པར་ཡོད་མཁན་ཚོ་དང་། དེའི་ནང་ནས་བཤད་གྲྭ་འགྲིམས་མཁན་དག་གིས་མ་གཏོགས་སྤྱི་ཡོངས་ནས་དེ་ལྟ་བུའི་སློབ་སྦྱོང་བྱེད་མི་དགོས་པ་ལྟ་བུ་ཞིག་དང་། དེ་ལྟ་བུའི་སློབ་སྦྱོང་བྱ་རྒྱུར་དོ་སྣང་དང་མིག་ལྟོས་མེད་པ་ལྟ་བུ་ཞིག་རེད། འདི་དག་ང་ཚོས་བསྒྱུར་བ་གཏོང་དགོས།
ང༽ བསྟན་པ་འཛིན་སྐྱོང་དང་། མང་ཚོགས་ཀྱི་ལས་འགན།
ངོས་ཀྱིས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གདན་ས་ཚོར་ཆོས་འབྲེལ་སོགས་བྱེད་པའི་སྐབས་སུ་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མང་ཚོགས་ཀྱིས་བྱེད་དགོས། དགོན་པའི་དགེ་འདུན་པ་ཁོ་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་འདི་ཡུན་རིང་གནས་རྒྱུ་ཁག་པོ་རེད། མང་ཚོགས་ཀྱིས་སངས་རྒྱས་པའི་ཆོས་སློབ་སྦྱོང་བྱས་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་སྤྱི་ཚོགས་དང་མང་ཚོགས་ནང་ནས་བྱུང་ན། བསྟན་པ་ཡུན་རིང་གནས་པ་ཞིག་དང་། ད་བར་མང་ཚོགས་ཀྱིས་ཆོས་ལ་དད་པ་ཡོད་ཀྱང་རྒྱུ་མཚན་དེ་ཙམ་ཤེས་ཀྱི་མེད།
དེར་བརྟེན་ང་ཚོའི་དཔེ་ཆ་དཔེར་ན། ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་པ་དོན་གསལ་གྱི་དབུར་དབང་རྟུལ་དད་པའི་རྗེས་འབྲང་དང་། དབང་རྣོན་ཆོས་ཀྱི་རྗེས་འབྲང་ཞེས་དབྱེ་བ་ཕྱེ་ཡོད། དབང་རྟུལ་དད་པའི་རྗེས་འབྲང་ཞེས་པ་ནི་འདི་རྩ་ཆེན་པོ་རེད། ཅེས་དེ་ལྟར་དད་པ་བྱེད་པ་ཞིག་དང་། དབང་རྣོན་ཆོས་ཀྱི་རྗེས་འབྲང་གིས་སངས་རྒྱས་པའི་ཆོས་ཀྱི་ནང་གསུངས་པ་དེ་དག་རྒྱུ་མཚན་གང་ཡིན་མིན་དང་། འདིའི་གནད་འགག་གང་ཞིག་ཡོད་མེད་སོགས་ལ་ཞིབ་འཇུག་བྱས་པའི་ཐོག་ནས་དོ་སྣང་དང་དད་པ་སླེབས་པ་དེ་ལ་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཞེས་བརྗོད་ཀྱི་ཡོད།
ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་བརྟག་དཔྱད་བྱས་ནས་ཆོས་ལ་དོ་སྣང་སླེབས་པ་དེ་ལ་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཟེར། དབང་རྟུལ་དད་པའི་རྗེས་འབྲང་གིས་དད་པ་ཁོ་ནས་སྐྱབས་སུ་མཆི་ཞེས་བརྗོད་པ་ཙམ་ལས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་བརྟག་དཔྱད་བྱ་རྒྱུ་དེ་ཙམ་མེད། དེར་བརྟེན་དབང་རྟུལ་དད་པའི་རྗེས་འབྲང་གི་ཐོག་ནས་སངས་རྒྱས་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ཁག་པོ་རེད། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་འགྲོ་སྟངས་བྱས་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱས་ན། སངས་རྒྱས་པའི་བསྟན་པ་ལོ་བརྒྱ་ཕྲག་ཁ་ཤས་ཏན་ཏན་བསྡད་ཀྱི་རེད། ཅེས་ངོས་ཀྱིས་འདི་ལྟར་བརྗོད་ཀྱི་ཡོད། ཕྱོགས་གཅིག་ནས་བསྟན་པ་མང་ཚོགས་ཀྱིས་འཛིན་དགོས་པ་དང་། བསྟན་པ་འཛིན་སྟངས་དེ་ཡང་སློབ་སྦྱོང་བྱས་ནས་སློབ་སྦྱོང་གི་ཐོག་ནས་སངས་རྒྱས་པའི་ཆོས་ཀྱི་གནད་འགག་ཤེས་པར་བྱེད་དགོས། ཆོས་ཀྱི་གནད་འགག་ཤེས་པ་ཞེས་པ་འདི་ཡང་གཙོ་བོ་ལྟ་གྲུབ་སྐོར་ཡིན་ལ། ལྟ་གྲུབ་ཀྱི་སྐོར་དེ་དག་ཧ་ཅང་གལ་ཆེན་པོ་རེད།
ཅ༽ བོད་ཀྱི་སྐད་ཡིག་དང་། མི་རིགས་ཀྱི་སྤོབས་པ།
བོད་རིགས་ལ་མཇལ་ཁ་དང་བླང་དོར་བཀའ་སློབ་སྩལ་བ། ང་ཚོ་ནི་སྟོན་པ་བཅོམ་ལྡན་འདས་དང་། ཀླུ་སྒྲུབ་ཡབ་སྲས་ལ་སོགས་པའི་རྗེས་འབྲང་པ་ཡིན་སྟབས་བསམ་བློ་གཏོང་སྟངས་རྒྱ་ཆེན་པོ་དང་། གུ་ཡངས་པོ། དངོས་ཡོད་གནས་ཚུལ་དང་མཐུན་པ། རིགས་པའི་ལམ་ནས་བརྟག་དཔྱད་བྱས་ནས་འགྲོ་ཐུབ་པ་སོགས་མང་ཚོགས་ནས་ཤེས་དགོས་པ་ཧ་ཅང་གལ་ཆེན་པོ་རེད་འདུག །དེ་ལྟར་བསམ་བློ་གཏོང་སྐབས་ངོས་ལ་མཚོན་ནའང་། དངོས་གནས་བོད་སྐད་དང་བོད་ཡིག་ལ་གཞི་ནས་ངོ་མཚར་དང་སྤོབས་པ་སྐྱེ་བ་ཞིག་ཡོང་གི་འདུག །ང་ཚོ་བོད་པས་དེ་སྔ་ཕན་ཆད་བོད་པའི་རིག་གཞུང་སློབ་སྦྱོང་བྱས་པ་དེ་དག་ཧ་ཅང་རྩ་ཆེན་པོ་ཡིན་པ་མཐོང་གི་འདུག །སངས་རྒྱས་པའི་གཞུང་དེ་དག་ལྟ་གྲུབ་ཀྱི་ཐོག་ནས་ཧ་ཅང་གལ་ཆེན་པོ་རེད་འདུག །དེ་ཚོའི་ཐོག་ལ་ཁྱེད་རང་ཚོས་དོ་སྣང་ཕྲན་བུ་བྱེད་ཐུབ་ན། འགྲེལ་བཤད་རྒྱག་རྒྱུ་བོད་ཡིག་ཡག་ཤོས་རེད་འདུག འདི་ལ་དོ་སྣང་བྱེད་དགོས།
མི་རབས་ཡར་རྒས་ནས་རྒན་པ་རྣམས་རིམ་བཞིན་རྫོགས་འགྲོ་བཞིན་ཡོད། དཔེར་ན། སངས་རྒྱས་ཀྱི་བསྟན་པ་ལོ་ ༢༥༠༠ ལྷག་ཕྱིན་པ་རེད། མི་རབས་རྒན་པ་རྒས་འགྲོ་བཞིན་ཡོད་་སྟབས། མི་རབས་གསར་པ་ཚོར་བརྒྱུད་སྤྲོད་བྱས་ནས་འགྲོ་དགོས། དེར་བརྟེན་ང་རང་ཚོ་མི་ཐོག་འདིའི་གཞོན་སྐྱེས་གསར་པ་ཡོང་མཁན་རྣམས་ལ་རྩིས་སྤྲོད་ཆ་ཚང་བྱ་རྒྱུ་འདི་སེམས་ལ་བཞག་དགོས། འདིའི་ཐོག་ནས་བསམ་བློ་གཏོང་སྐབས་རང་ཉིད་བོད་མི་རིགས་ཀྱི་སྤོབས་པ་དང་ཞེན་འཁོག་སླེབས་པ། སོ་སོའི་སྐད་ཡིག་ལ་ཆེས་མཐོང་སླེབས་པའི་གནད་འགག་ཀྱང་འདུག འདི་དག་ནི་ཆབ་སྲིད་སྐད་ཆ་གང་ཡང་མིན། འོན་ཀྱང་དོན་ལ་བོད་མི་རིགས་ཀྱི་ལར་ཞེན་སླེབས་ཡོང་གི་འདུག །སོ་སོའི་མི་རིགས་ལ་སྤོབས་པ་སླེབས་ཡོང་གི་ཡོད་པ་འདི་དག་ཁྱེད་རང་ཚོའི་སེམས་ལ་བཅངས་ཏེ་ཚང་མས་ཧུར་ཐག་བྱེད་བཞིན་ཡོད་ལ། ད་དུང་ཡང་ཧུར་ཐག་བྱེད་རོགས་ཟེར་གྱི་ཡིན།
ཆ༽ བོད་དོན་འཐབ་རྩོད་དང་། ཆོས་ལུགས་མཐུན་ལམ།
དེ་ནས་དམིགས་བསལ་ཞུ་རྒྱུ་གང་ཡང་མིན་འདུག དེང་སྐབས་རྒྱ་ནག་ནང་ནང་པ་ཧ་ཅང་གྲངས་འབོར་ཆེན་པོ་ཆགས་འདུག །རྒྱ་ནག་ནང་གི་ནང་པ་མང་པོ་ཞིག་གིས་བོད་ཀྱི་སངས་རྒྱས་པའི་ཆོས་དང་། བོད་ཀྱི་སློབ་གཉེར་ཅུང་ཟད་ཡོད་པའི་བླ་མ་དང་དགེ་བཤེས་དེ་དག་ལ་དགའ་མོས་དང་དོ་སྣང་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག །བོད་ཀྱི་སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་དང་། དོ་སྣང་གསར་པ་སླེབས་པ་དེ་དག་གིས་རང་ཤུགས་ཀྱིས་བོད་ལ་དགའ་ཞེན་བྱ་རྒྱུ་དང་། བོད་ཀྱི་དཀའ་ངལ་ཐོག་སེམས་ཁུར་བླང་པ་ཞིག་ཡོང་གི་རེད། དེར་བརྟེན་ཐེངས་ཤིག་ཞི་ཅིང་ཕིན་གྱིས་ཧྥ་རན་སིའི་རྒྱལ་ས་པེ་རེ་སིར་ཡོད་པའི་སྐབས་རྒྱ་ནག་གི་རིག་གཞུང་ནང་སངས་རྒྱས་པའི་ཆོས་འདི་གལ་ཆེན་པོ་ཞིག་རེད། ཅེས་ཁོང་གིས་དེ་ལྟར་བཤད་སོང་། དེ་བཞིན་ལྡི་ལིར་ཕེབས་པའི་སྐབས་སུའང་ཁོང་གིས་དེ་ག་རང་བཤད་པ་རེད།
ལོ་རྒྱུས་ཀྱི་ཐོག་ནས་རྒྱ་རིགས་རྣམས་ནང་ཆོས་བྱེད་མཁན་ཆགས་ཡོད། དཔེར་ན་དེང་སྐབས་རྒྱ་རིགས་དང་ཝི་ཏི་ནམ་མི་རིགས་ས་ཆ་གང་དུ་ཡོད་ཀྱང་དེར་ནང་པའི་ལྷ་ཁང་དེ་ལྟར་ཡོང་བཞིན་འདུག །དེ་དག་མི་རིགས་ཁོ་རང་ནང་པའི་ཆོས་དང་འབྲེལ་བ་ཡོད་པ་ཆགས་པར་བརྟེན་ཡིན། དེ་ལྟ་བུའི་དབང་གིས་དངོས་ཡོད་གནས་ཚུལ་འདིས་ཏན་ཏན་ཁྱད་པར་འགྲོ་གི་ཡོད་པ་ལྟ་བུ་ཞིག་འདུག
དཔེར་ན། མ་ལེ་ཤི་ཡ་ཆ་བཞག་ན། ཁ་ཆེའི་ལུང་པ་ཡིན་ནའང་དེ་དག་གི་ཁྲོད་དུ་རྒྱ་རིགས་ཚོང་པ་མང་པོ་ཡོད་པར་མ་ཟད། ཧིན་རྡུ་ཡང་མང་པོ་ཞིག་ཡོད། དེ་ལྟ་བུའི་ཐོག་ནས་མ་ལེ་ཤི་ཡའི་ནང་དུ་ཡོད་པའི་ཁ་ཆེ་ཚོ་བསམ་བློ་ཧ་ཅང་གུ་ཡངས་བ་འདུག །དེ་བཞིན་ཨིན་ཌོ་ནེ་ཤི་ཡ་ནི་ཁ་ཆེའི་མི་འབོར་མང་ཤོས་ཡོད་པའི་ཁ་ཆེའི་ལུང་པ་ཞིག་ཆགས་ཡོད། འོན་ཀྱང་ལོ་རྒྱུས་ཀྱི་ཐོག་ནས་ནང་པའི་ལྷ་ཁང་མང་པོ་ཡོད་པ་དང་། རྒྱ་རིགས་མང་པོ་ཡོད་སྟབས་རང་བཞིན་གྱིས་བསམ་བློ་གུ་ཡངས་བ་ཡོང་གི་འདུག །རྒྱ་གར་གྱི་ཁ་ཆེ་ནི་ལྟ་ཅི་སྨོས་ཆུང་དུས་སྐབས་ནས་ཆོས་ལུགས་འདྲ་མིན་ཡོད་པའི་བག་ཆགས་སླེབས་ཡོད། དེ་ནས་དེ་སྔ་ལུང་པ་གཞན་དང་འབྲེལ་བ་དེ་ཙམ་མེད་མཁན་རིགས་དེ་དག་ཕྲན་བུ་གུ་དོག་པ་ཡོང་བཞིན་པ་ལྟ་བུ་ཞིག་མཐོང་གི་འདུག །ཁ་ཆེའི་ཆོས་ལུགས་ནི་གཅིག་པ་རེད། དེ་རིགས་ཆོས་ལུགས་ཀྱི་ཐོག་ནས་མིན། འབྲེལ་བ་དེ་ཙམ་མ་བྱུང་བར་སོ་སོ་ཁེར་རྐྱང་བསྡད་པའི་རྐྱེན་གྱིས་དཀའ་ངལ་དེ་དག་ཡོང་གི་ཡོད་པ་ལྟ་བུ་ཞིག་མཐོང་གི་འདུག ཅེས་ཞུ་འདོད་བྱུང་།
ཇ༽ གནའ་དེང་གི་གནས་སྟངས་དང་། ཐུགས་མཐུན་ཁྲིམས་གཙང་།
དེ་ནས་སྔ་ལོ་ང་ཚོའི་འོས་བསྡུ་བྱས་པའི་སྐབས་སྤྱིར་བཏང་ཆབ་སྲིད་ཀྱི་འགྲོ་སྟངས་ལྟར་ཕྲན་བུ་བཤད་རེས་ལྟ་བུ་བྱུང་བ་རེད། སྐབས་དེར་ངོས་རང་བློ་ཕམ་ཕྲན་བུ་བྱུང་། བསྟན་པ་འགོ་ནས་བཤིག་གི་འདུག་ཅེས་ངོས་ཀྱིས་བརྗོད་པ་ཡིན། ད་ལྟ་ལྷིང་འཇགས་ནས་ཡག་ཐག་ཆོད་ཆགས་ཡོད། ཁྱེད་རང་ཚོ་བློ་བདེ་པོ་བྱས་ནས་སྡོད། ང་རང་ཚོ་དེ་སྔ་ཆོས་རྒྱལ་རྣམས་ཀྱི་སྐུ་དུས་ནས་བཟུང་བོད་ཆོལ་ཁ་གསུམ་ཆིག་སྒྲིལ་བྱས་ནས་གནས་ཡོད། དུས་རབས་ ༧།༨།༩ བཅས་ཀྱི་སྐབས་སུ་ཆོས་རྒྱལ་གཅིག་གི་ཆབ་འབངས་ཚང་མ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་བསྡད་ཡོད།
དེ་ནས་བོད་སིལ་བུར་ཐོར་ནས་ཕན་ཚུན་འབྲེལ་བ་མེད་པར་གནས་སྟངས་སྐྱོ་པོ་ཆགས་པ་རེད། བླ་ཆེན་དང་དཔོན་ཆེན་དེ་དག་སོ་སོའི་སྡེ་ཁག་ཁོ་ནར་བསམ་བློ་འཁོར་བ་ལས་བོད་མི་རིགས་སྤྱིའི་རྒྱ་ཆེ་སར་བསམ་བློ་མ་འཁོར་བར་དེ་ལྟར་བསྡད་པ་རེད། བར་སྐབས་ནས་ང་རང་ཚོ་བོད་མི་རིགས་རིག་གཞུང་དང་བཅས་པར་དཀའ་ངལ་ཆེན་པོ་འཕྲད་པའི་དུས་ཚོད་འདི་ཕྱོགས་གཅིག་ནས་རྐྱེན་ངན་གྲོགས་ལ་ཤར་ནས་བོད་པ་ཚང་མ་རྡོག་ལ་བསྒྲིལ་བ་ཞིག་ཡོང་བཞིན་འདུག
མདོ་སྟོད་སྨད་དང་། དབུས་གཙང་། མངའ་རིས་ཁུལ་དང་བཅས་པ་དེ་དག་ཚང་མ་གངས་ཅན་པ་ཞེས་པའི་གཅིག་གྱུར་གྱི་འདུ་ཤེས་དང་། དེ་ནས་བཀའ་འགྱུར་བསྟན་འགྱུར་གྱི་ཡི་གེ་དེ་དག་ཚང་མ་གང་ལྟར་རྐྱེན་ངན་གྲོགས་ལ་ཤར་བ་རང་རེད། དེ་ལྟ་བུ་ཞིག་ཡོང་བཞིན་འདུག །ང་ཚོ་གཞིས་ལུས་རྒྱ་ཆེ་མི་མང་ལ་ཆ་བཞག་ནའང་ཆོལ་ཁ་གསུམ་གྱི་ས་ཁུལ་གང་སར་ནས་རྡོག་ལ་བསྒྲིལ་ནས་ཡག་ཐག་ཆོད་ཡོད། ང་ཚོ་བཙན་བྱོལ་དུ་ཡོད་མཁན་ཚོ་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་མེད་པར་ཚང་མ་ཐུགས་མཐུན་ཁྲིམས་གཙང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཚང་མས་སེམས་ལ་འདི་འཇོག་རོགས་གྱིས། མཁྱེན་སོང་ངམ།
ཁྱེད་རང་ཚོ་ཚང་མས་ཤེས་ཀྱི་རེད། ངོས་རང་ཨ་མདོའི་ཕྲུ་གུ་རེད། འོན་ཀྱང་ཚང་མས་༸རྒྱལ་བ་རིན་པོ་ཆེ་ཞེས་ཧ་ཅང་དགའ་མོས་བྱེད་ཀྱི་འདུག །ཁོང་ཨ་མདོ་རེད་ཅེས་འཕུད་མཁན་སུ་གཅིག་ཀྱང་མི་འདུག །དེ་སྔ་དཔེར་ན་གདན་ས་གསུམ་གྱི་མཁན་པོ་དགེ་བཤེས་དེ་དག་མང་ཆེ་བ་མདོ་སྟོད་སྨད་ནས་ཡོང་བ་ཤ་སྟག་རེད། ང་ཚོས་དབྱེ་བ་གང་ཡང་འབྱེད་ཀྱི་མེད། དགའ་ལྡན་ཕོ་བྲང་ལ་ལར་ཞེན་བརྩི་རྒྱུར་ཆ་བཞག་ན། དཔེར་ན་རྒན་པདྨ་རྒྱལ་མཚན་ལྟ་བུར་ཆ་མཚོན་ན། ཧ་ལས་པའི་ཞེན་ཁོག་ཡོད་པ་རེད། ཁོང་འབའ་པ་རེད། དེས་ན་སྐབས་རེ་ང་རང་ཚོ་རང་བཞིན་གྱིས་ཚང་མ་གཅིག་གྱུར་གྱི་འདུ་ཤེས་ཧ་ཅང་ཤུགས་ཆེན་པོ་རེད། སྐབས་རེ་ཕྲན་བུ་ཡོང་བཞིན་པ་དེ་དག་རྐྱེན་ལྟ་བུ་འཕྲད་ནས་དེ་ལྟར་ཡོང་སྐབས་རྐྱེན་ངན་གྱིས་གཞན་དབང་དུ་མི་འགྲོ་བར་ཆེ་སར་བསམ་བློ་བཏང་ནས་ཚང་མ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། འདི་ཁྱེད་རང་ཚོའི་སེམས་ལ་ཞོག་ཨང་།
ཉ༽ སྐུ་ཡི་འཕྲོད་བཞེས་དང་། འཛམ་གླིང་ལ་ཞབས་འདེགས།
ད་རེས་ངོས་རང་མེ་ཡོ་སྨན་ཁང་དུ་བརྟག་དཔྱད་བྱས་པ་ཡིན། ཕྱི་ཚེས་ ༡༣ ཉིན་འབྱོར་བ་དང་བརྟག་དཔྱད་ཕྲན་བུ་བྱས་པ་དང་། གཙོ་བོ་ཕྱི་ཚེས་ ༡༤ ཉིན་བརྟག་དཔྱད་བྱས་པར་གཟུགས་པོ་ཧ་ཅང་ཡག་པོ་འདུག་ཟེར་བྱུང་། བཤད་མི་ཆོག་པ་གང་ཡང་མི་འདུག ལོ་གཉིས་ཙམ་གྱི་གོང་ལ་ལྒང་པའི་རྨན་བུ་ཞིག་གི་ནང་སྐྲན་གྱི་རྟགས་ཕྲན་བུ་ཞིག་ཡོད་པ་དེ་སྔ་ལོ་སྨན་བཅོས་བྱས་པ་རེད། ཁ་སང་བརྟག་དཔྱད་བྱེད་སྐབས་རྗེས་ཤུལ་གཏན་ནས་མི་འདུག །གཙང་མ་ཆགས་འདུག །ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱས་ནས་སྡོད་རོགས།
ད་བར་དུས་ཚོད་ཁག་པོའི་རིང་ངོས་ཀྱིས་ཁྱར་ཁྱོར་བྱས་ནས་འགོ་ལྟ་བུ་ཁྲིད་པ་དང་། ཁྱེད་རང་ཚོ་མི་མང་ཚོས་བློ་གཅིག་སེམས་གཅིག་སྒྲིལ་བྱས་ནས་ཕྱིན་པ་རེད། ད་དུང་ཡང་ང་ཚོ་ཚང་མས་གོང་བུ་གཅིག་གྱུར་གྱིས་ནུས་པ་དེ་ཧ་ཅང་གལ་ཆེན་པོ་རེད། འདི་སེམས་ལ་འཇོག་དགོས། སོ་སོའི་ཆོས་དང་རིག་གཞུང་ངོས་ཀྱིས་བཤད་མ་ཐག་པ་དེ་དག་དེང་སྐབས་གཞི་ནས་དངོས་ཡོད་གནས་ཚུལ་ལ་ཞིབ་འཇུག་དང་། ཉམས་མྱོང་གསོག་སྐབས་ང་ཚོས་ད་བར་ལོ་ངོ་སྟོང་ཕྲག་རིང་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་རྣམས་ཀྱིས་སེམས་ཁམས་རིག་པ་གཙོ་བོར་གྱུར་པའི་ཚད་མ་རིག་པ་དང་། ལྟ་གྲུབ་རྣམ་གཞག་ང་ཚོས་ད་བར་བདག་པོ་བརྒྱབ་ནས་ཡོད་པ་དེ་དག་ད་ཆ་འཛམ་གླིང་སྤྱི་ལ་ཕར་ཕན་ཐོགས་བྱེད་ཐུབ་པའི་གོ་སྐབས་ཡོད་པ་ལྟ་བུ་ཞིག་མཐོང་གི་འདུག །འདི་ང་ཚོས་ནང་པ་སྤེལ་རྒྱུའི་སྐད་ཆ་མ་རེད། ནང་པའི་གཞུང་ནས་གསུངས་པ་འགྲོ་བ་མི་སྤྱི་ལ་དགོས་མཁོ་དང་། ཕན་ཐོགས་ཡོད་པ་དེ་དག་ང་ཚོས་བེད་སྤྱོད་བྱེད་ཐུབ་པའི་གོ་སྐབས་ཤིག་འདུག །ཁྱེད་རང་ཚོ་ཚང་མས་དེར་དོ་སྣང་ཡག་པོ་བྱེད་རོགས། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ།། །།