༄༅། །ཕྱི་ལོ་༢༠༡༧ ཟླ་ ༥ ཚེས་ ༣༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕོ་བྲང་མཇལ་འཕྲད་ཁང་དུ་ཝི་ཏི་ནམ་གྱི་CEOཚོགས་པའི་གསོལ་འདེབས་གོ་སྒྲིག་ཞུས་དོན་ལྟར་ཝི་ཏི་ནམ་གྱི་དགེ་འདུན་པ་དང་ཚོང་པ། སྒྱུ་རྩལ་བ། ཤེས་ཡོན་ཅན་སོགས་མི་སྣ་ ༡༡༥ ཙམ་ལ་བཀའ་སློབ་དང་བཀའ་འདྲི་ཁག་གཅིག་ལ་བཀའ་ལན་གནང་ཡོད་པ་རེད།
དེ་ཡང་ཞོགས་པ་ཆུ་ཚོད་ ༩།༠༠ པ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་དགའ་ལྡན་ཕོ་བྲང་མཇལ་འཕྲད་ཁང་དུ་ཕེབས་ཏེ་ཐོག་མར་འཚམ་འདྲི་གནང་རྗེས་མགོན་པོ་གང་ཉིད་ཀྱི་སྐུའི་ཁུར་འཁྱེར་གྱི་འགན་འཁུར་ཆེན་པོ་གསུམ་གྱི་སྐོར་དང་། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱིས་རྒྱུ་མཚན་ལ་བརྟེན་ནས་བླང་དོར་བརྟག་དཔྱད་གནང་བཞིན་པའི་སྐོར་ངོ་སྤྲོད་མཛད་རྗེས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་(Secular Ethics) སྐོར་ལ་བཀའ་སློབ་སྩལ་དོན། སེམས་ལ་ཞི་བདེ་ཡོད་ཚེ་ལུས་ལ་ན་ཚའི་ཚོར་བ་མི་ཡོང་བ་ལྟ་བུ་འདུག སྔོན་མ་ངོས་རང་རྡོ་རྗེ་གདན་ནས་གནས་སྐོར་ཞིག་ལ་ཕྱིན་སྐབས་ཚ་གྲང་འཐབ་པའམ་ལྟོ་ཆས་ཀྱི་རྐྱེན་ཡིན་ནམ། གང་ལྟར་ངོས་རང་རྒྱུ་མ་ན་ནས་ན་ཚ་ཛ་དྲག་པོ་ཞིག་བྱུང་། སྐབས་དེར་ངོས་རང་རྡོ་རྗེ་གདན་ནས་པཱར་ཎ་ལ་ཕྱིན་ཏེ་གནམ་གྲུར་བསྡད་དེ་བྷང་བྷེ་ལ་སྨན་བཅོས་ཆེད་ཕྱིན་པ་རེད། པཱར་ཎ་རུ་འབྱོར་ནས་དགོང་མོ་འདུག་སྐབས་ལུས་པོའི་ན་ཟུག་ཧ་ཅང་ཤུགས་ཆེན་པོ་འདུག་ཀྱང་། བསམ་བློའི་ནང་ཉིན་དེར་རྒྱ་གར་གྲོང་གསེབ་ཀྱི་བྱིས་པ་སྐྱོ་པོ་ལྷམ་མེད་པ་དང་། ཤིང་ནགས་སྒྲུག་སྡོད་མཁན། སློབ་གྲྭ་འགྲོ་ས་ཙམ་ཡང་མེད་པ་ཧ་ཅང་སྐྱོ་པོ་དེ་ལྟ་བུ་འདུག་པ་མཐོང་ཞིང་། ལྷག་པར་དུ་པཱར་ཎ་ལ་འབྱོར་བའི་སྐབས་སུ་གྲོང་གི་མཐའ་རུ་ཉལ་ཆས་ཤིག་གི་ནང་དུ་སྤོ་ལགས་ཤིག་ཉལ་ནས་བསྡད་འདུག ནད་པ་ཡིན་པ་ཧ་ཅང་གསལ་པོ་རེད། ལྟ་མཁན་སུ་གང་ཡང་མི་འདུག ངོས་རང་སེམས་ཧ་ཅང་སྐྱོ་སོང་། དགོང་མོ་ཉལ་བའི་སྐབས་སུ་ཉིན་དཀར་མཐོང་བའི་ཤེས་ཡོན་གྱི་མཐུན་རྐྱེན་མེད་པ་དང་། བདག་མེད་སྐྱབས་མེད་དུ་ལུས་པའི་བྱིས་པ་དག་དང་། སྤོ་ལགས་ནད་པ་དེ་དག་བསམ་བློར་འཁོར་དུས་སྙིང་རྗེ་ཤུགས་ཆེན་པོ་ཞིག་སྐྱེས་པའི་སྐབས་སུ་ལུས་ཀྱི་ན་ཚ་དེ་ཚོར་བ་མེད་པ་ལྟ་བུ་ཞིག་འདུག དེར་བརྟེན་བསམ་བློའི་ཁྱད་ཆེན་པོ་འདུག སེམས་ཁྲལ་དང་ཁོང་ཁྲོ ང་རྒྱལ་ཕྲག་དོག་བཅས་ཀྱིས་མ་སྐྱིད་པ་བྱས་ཏེ་བསྡད་པ་ཡིན་ན་མཐུན་རྐྱེན་འཛོམས་ནས་ཉལ་བསྡད་ཡོད་ནའང་གཉིད་མ་ཁུགས་པ་དང་། གང་ལྟར་ལུས་ཀྱི་ཚོར་བ་བདེ་བ་དེས་སེམས་ཀྱི་སྡུག་བསྔལ་ཟིལ་གྱིས་གནོན་མི་ཐུབ་པ་ཧ་ཅང་གསལ་པོ་རེད། ཅེས་སོགས་སེམས་ལ་ཞི་བདེ་ཡོད་ཚེ་ལུས་ཀྱི་བདེ་ཐང་ལ་ཧ་ཅང་ཕན་པ་ཆེ་སྐོར་དང་།
གཞན་ཡང་། ཚན་རིག་པ་ཚོས་སེམས་ལ་ཞི་བདེ་ཡོད་ཚེ་ལུས་པོའི་འབྱུང་བ་སྙོམས་ནས་བདེ་ཐང་ལ་ཧ་ཅང་ཕན་གྱི་ཡོད་སྐོར་རྗོད་བཞིན་པ་ལུང་འདྲེན་དང་འབྲེལ་མུ་མཐུད་བཀའ་སློབ་སྩལ་དོན། ང་རང་ཚོའི་མཐོང་ཆོས་ལ་ཁྱིམ་ཚང་ནང་ལ་ཆ་བཞག་ན་ག་ཚོད་ཀྱིས་ཁྱིམ་མི་ཚོར་སེམས་ནས་བརྩེ་བ་ཡོད་པ་དང་། མཛའ་བརྩེ་ཡོད་པ་ཡིན་ན་ཁྱིམ་ཚང་དེ་སྐྱིད་པ་དང་། འབྱོར་ལྡན་ཡིན་ཀྱང་ཁྱིམ་མི་རྣམས་ཕན་ཚུན་མཛའ་བརྩེ་མེད་ན་སེམས་མ་སྐྱིད་པར་སྡོད་པ་ཧ་ཅང་གསལ་པོ་རེད། གང་ལྟར་སེམས་ཀྱི་ཞི་བདེ་ཞེས་པ་ནི་ཆོས་ཀྱི་སྐད་ཆ་མ་རེད། དངོས་ཡོད་གནས་ཚུལ་ལ་མི་ལ་བདེ་སྐྱིད་དགོས་ཚེ་སེམས་ཀྱི་བདེ་སྐྱིད་དགོས་པ་གལ་ཆེན་པོ་ཆགས་འདུག དེར་བརྟེན་ད་ལྟ་འཛམ་གླིང་འདིར་ཡོད་པའི་ཤེས་ཡོན་སྤྲོད་པ་དེས་འདང་གི་མི་འདུག དེང་རབས་ཤེས་ཡོན་ནམ་(modern education) རིག་གསར་གྱི་ཤེས་ཡོན་ནི་ཕྱི་དངོས་པོའི་ཡར་རྒྱས་ཁོ་ན་ལ་དམིགས་སྡོད་པ་ཞིག་ཆགས་འདུག དེར་ཁག་མི་འདུག དེང་རབས་ཤེས་ཡོན་ཕལ་ཆེར་ཡུ་རོབ་ནས་བྱུང་བ་རེད། ཡུ་རོབ་ཚན་རིག་དང་རིམ་པས་འཕྲུལ་ཆས་ཡར་རྒྱས་ཕྱིན་ནས་ལོ་ཉིས་བརྒྱ་ལྷག་ཅིག་རེད། སྔོན་མ་ཡིན་ན་ཤེས་ཡོན་གྱི་ལྟེ་གནས་དགོན་པ་ཁག་མ་གཏོགས་ཡོད་པ་མ་རེད། རིམ་པས་འཕྲུལ་ཆས་ཀྱི་བཟོ་ལས་ཡར་རྒྱས་ཡོང་དུས་དགོན་པས་འགན་ཆ་ཚང་འཁྱེར་ཐུབ་ཐབས་ཡོད་པ་མ་རེད། དེར་བརྟེན་ཟུར་དུ་ཤེས་ཡོན་བསྟི་གནས་གཞི་ནས་ཚུགས་པ་རེད། ངོས་རང་དེ་ལྟར་མཐོང་གི་ཡོད།
དེ་དུས་ཡུ་རོབ་ལ་འཕྲུལ་ཆས་ཡར་རྒྱས་དང་ཚན་རིག་ཡར་རྒྱས་ཕྱིན་པའི་དགོས་མཁོ་དང་བསྟུན་ནས་ཤེས་ཡོན་གྱི་སྡེ་ཚན་ཟུར་དུ་ཚུགས་ཡོང་སྐབས་དེ་ནི་དངོས་པོ་ཡར་རྒྱས་ཁོ་ནའི་ཐོག་སོང་བ་མ་གཏོགས་ནང་སེམས་རྒྱུད་འདུལ་བ་དང་། བྱམས་བརྩེ་བཅས་ནི་ཆོས་ཕྱོགས་ཀྱི་དགོན་པ་ཁག་གིས་འགན་འཁུར་ནས་འགྲོ་བཞིན་ཡོད་པས་དེ་ཏག་ཏག་འགྲོ་བསྡད་པ་ལྟ་བུ་ཞིག་རེད། རིམ་པས་དངོས་པོ་ཡར་རྒྱས་ཁོ་ནར་འབྲེལ་བའི་ཤེས་ཡོན་ཐོག་ནས་ཐོན་པའི་མི་དེ་ཡར་སླེབས་ཡོང་སྐབས་མི་ཚེ་གང་བོར་ཕྱི་དངོས་པོ་གཙོ་བོར་བྱེད་མཁན་(materialistic lifestyle) དང་། དེ་བཞིན་སྒྱུ་རྩལ་གྱི་རིགས་ཀྱང་ཕྱི་དངོས་པོ་ཁོ་ན་དང་འབྲེལ་བའི་རིག་གཞུང་(materialistic culture) རེད། དཔེར་ན། ཟློས་གར་འཁྲབ་པ་དང་གླུ་གཞས་གཏོང་བ་སོགས་གཙོ་བོ་སྒོ་ལྔའི་དབང་ཤེས་ལ་འཕྲལ་སེལ་གྱི་ཚོར་བ་སིམ་པོ་ཡོང་བ་ཞིག་མ་གཏོགས། སེམས་ལ་ཡུན་རིང་ལ་གང་ཡང་མི་འདུག ཅེས་སོགས་བཀའ་སློབ་སྩལ་བ་དང་། དེ་རྗེས་བཞུགས་སྒར་རྡ་རམ་ས་ལར་ཕེབས་མཁན་དང་། ཝི་ཏི་ནམ་གྱི་HANOI དང་། HO CHI MINH CIIY གཞན་ཡང་། HAI PHONG བཅས་ས་ཁུལ་གསུམ་དུ་དྲ་ཐོག་བརྒྱུད་བཀའ་སློབ་ལ་གསན་གཟིགས་གནང་མཁན་ཁྲོད་ནས་ཁག་གཅིག་གིས་ཚོང་བརྒྱབ་པ་དང་མཉམ་དུ་ནང་པའི་ཆོས་ཉམས་ལེན་ཇི་ལྟར་བྱ་དགོས་པ་དང་། ཚོང་པས་འདོད་རྔམས་བྱེད་དགོས་པ་དང་ནང་ཆོས་ནང་དུ་འདོད་ཆུང་ཆོག་ཤེས་གསུང་བཞིན་པའི་འགལ་ཟླ་ཇི་ལྟར་སེལ་ཐབས། དེ་བཞིན་རྡུལ་ཕྲན་གྱི་སྐོར་དང་། སྤྱི་ཚོགས་ནང་བླ་མ་རྫུན་མ་དང་རྨོངས་དད་ཤུགས་ཆེན་པོ་ཡོད་པའི་སྐོར་ལ་དགོངས་ཚུལ་ཅི་ཡོད་སོགས་བཀའ་འདྲིར་བཀའ་ལན་སྩལ་རྗེས་ཉིན་འདིའི་མཛད་རིམ་མཇུག་ལེགས་པར་གྲུབ་ཡོད་པ་བཅས།།