༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢ ནས་ ༡༤ བར་དུས་འཁོར་དབང་ཆེན་སྩོལ་ཆེད་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད།
དེ་ཡང་ཚེས་ ༢༨ ཉིན་ལྡི་ལི་ནས་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་མཁའ་ལམ་བརྒྱུད་བྷེ་ཧར་མངའ་སྡེའི་པ་ནཱར་གྲོང་ཁྱེར་དུ་༸ཞབས་སོར་བདེ་བར་འཁོད་པ་དང་། གནམ་ཐང་དུ་མངའ་སྡེ་དེ་གའི་སྤྱི་ཁྱབ་བློན་ཆེན་ནི་ཏི་ཤི་ཀུ་མཱར་(Nitishi Kumar)མཆོག་གིས་ཕེབས་བསུ་དང་འབྲེལ་བློན་ཆེན་མཆོག་གི་བཞུགས་གནས་སུ་གདན་ཞུས་ཀྱིས་ཉིན་གུང་ལྗགས་སྨིན་འདེགས་འབུལ་ཞུས་པ་དང་། ཆུ་ཚོད་ཕྱེད་ལྷག་ཙམ་ལྷན་བཞུགས་དང་བཀའ་མོལ་གནང་། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐྱ་ནུར་བའི་གྲོང་ཁྱེར་རམ་པ་ནཱར་དུ་སྟོན་པ་མཉམ་མེད་ཤཱཀྱ་སེངྒེའི་རྗེས་དྲན་སྐྱེད་ཚལ་དུ་ཆིབས་བསྒྱུར་གྱིས་སྨོན་ལམ་གསུང་འདོན་གནང་རྗེས་ཀྱི་ཆུ་ཚོད་ ༣།༠༠ ཡོལ་ཙམ་ལ་གནས་མཆོག་རྡོ་རྗེ་གདན་གྱི་བོད་དགོན་ཐོག་མ་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་ཡན་ལག་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་དུ་༸ཞབས་སོར་འཁོད་པ་དང་། སྐབས་དེར་དུས་དབང་ཞུ་མཁན་གྱི་འབྲེལ་ཡོད་མི་སྣ་རྣམས་གཙོས་ཕྱོགས་མཐའ་ཁག་ནས་དུས་འཁོར་དབང་མོ་ཆེའི་བཀའ་ཆོས་ཆེད་ཕེབས་པའི་དད་ལྡན་སྐྱ་སེར་ཕོ་མོ་ཁྲི་ཕྲག་མང་པོས་ཕེབས་ལམ་གཡས་གཡོན་དུ་ཁ་བཏགས་དང་། གདུག་སྤོས། མེ་ཏོག་སོགས་བསྣམས་ཏེ་ཕེབས་བསུ་ཞུས་པ་དང་། བོད་དགོན་དགའ་ལྡན་འཕེལ་རྒྱས་གླིང་གི་ཡང་ཐོག་ནས་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་དུང་རྒྱའི་སྤྱན་རྒྱ་དང་། དགའ་ལྡན་འཕེལ་རྒྱས་གླིང་དུ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་མཁན་སློབ་འདུས་མང་ཡོངས་དང་བཅས་པས་མཆོད་རྫས་སྣ་ཚོགས་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད།
ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ནས་དབུ་འཛུགས་ཀྱིས་དུས་དབང་ཐེངས་ ༣༤ པ་དབུ་འཛུགས་གནང་རྒྱུ་དང་། དེ་ཡང་ཚེས་ ༢ ནས་ ༡༤ བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་སྩལ་རྒྱུ་དང་། དེ་ཡང་ཚེས་ ༢ ནས་ ༤ བར་༸གོང་ས་མཆོག་དབུ་བཞུགས་འོག་རྣམ་རྒྱལ་གྲྭ་ཚང་གི་མཁན་བླ་གྲྭ་སོགས་ཀྱིས་ས་ཆོག་དང་རྡུལ་མཚོན་གྱི་དཀྱིལ་འཁོར་འབྲི་བཞེངས་སོགས་གནང་རྒྱུ། ཚེས་ ༥ ནས་ ༨ ཉིན་བཅས་ཉིན་གྲངས་ལྔའི་རིང་སྔོན་འགྲོའི་གསུང་ཆོས་ལ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་དང་། སློབ་དཔོན་ཀཱ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་བའི་གསུང་ཆོས་སྩལ་རྒྱུ། ཚེས་ ༩ ཉིན་རྣམ་རྒྱལ་གྲྭ་ཚང་གིས་དུས་འཁོར་གྱི་མཆོད་གར་དང། ཚེས་ ༡༠ ནས་ ༡༣ བར་དུས་འཁོར་དབང་ཆེན་གྱི་དབང་གི་སྟ་གོན་དང་། དབང་དངོས་དཀྱིལ་འཁོར་དུ་ཞུགས་པ་ནས་གོང་མ་གོང་ཆེན་རྡོ་རྗེ་སློབ་དཔོན་གྱི་བདག་པོ་ཆེན་པོའི་དབང་བཅས་གོ་རིམ་བཞིན་བཀའ་དྲིན་སྩལ་རྒྱུ། ཚེས་ ༡༤ ཉིན་ཚེ་དབང་དང་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་འཕྲིན་བསྐྱང་རྒྱུ་ཡིན་པ་བཅས།།