༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༣༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༤༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཆིབས་བསྒྱུར་གྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས་ཐའེ་ལན་ཌི་དང་ཝི་ཏི་ནམ་གཉིས་ཀྱི་སྐད་ཐོག་སོ་སོར་ཤེས་རབ་སྙིང་པོ་གསུང་འདོན་གནང་བ་དང་། དེ་རྗེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། གང་གིས་ཐུགས་བརྩེ་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤང་བའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ། །གཽ་ཏམ་དེ་ལ་ཕྱག་འཚལ་ལོ།། ཞེས་སྟོན་པའི་བཀའ་དྲིན་དྲན་པའི་སྒོ་ནས་ཕྱག་འཚལ་བའི་ཚིགས་སུ་བཅད་པ་གསུང་འདོན་གནང་རྗེས་གསུང་ཆོས་ཀྱི་སྔོན་འགྲོའི་བཀའ་སློབ་སྩལ་ཡོད་པ་རེད།
དེ་ཡང་༧གོང་ས་མཆོག་གིས་བཀའ་སྩལ་དོན། ངོས་ནས་ཚིགས་བཅད་འདི་ནམ་རྒྱུན་འདོན་བཞིན་ཡོད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་རྩ་བ་ཤེས་རབ་མཛད་ནས་རབ་བྱེད་ཉི་ཤུ་རྩ་བདུན་པའི་རྗེས་སུ་སྟོན་པའི་བཀའ་དྲིན་དྲན་པའི་སྒོ་ནས་ཕྱག་འཚལ་བ་ཞེས་པ་ཚིགས་བཅད་འདི་རེད། ངོས་རང་ཞོགས་པ་གཉིད་སད་པ་དང་ཚིགས་བཅད་འདི་འདོན་བཞིན་ཡོད། ཅེས་དང་།
སོ་ཐར་གྱི་མདོ་ལས། སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཆོས་བསྟན་པ་ཡང་བདེ་བ་ཡིན། །དགེ་འདུན་མཐུན་པ་བདེ་བ་སྟེ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། ། ཞེས་གསུངས་ཡོད་པ་རེད། རྣམ་འདྲེན་བཞི་བ་ཤཱཀྱ་སེང་གེ་རྒྱ་གར་འཕགས་པའི་ཡུལ་ལ་བྱོན་ནས་ཆོས་འཁོར་རིམ་པ་གསུམ་ལ་སོགས་པ་བསྐོར་བ་མཛད་དེ་མཆོག་གི་སྤྲུལ་སྐུའི་རྣམ་པ་ཅན་གྱི་སངས་རྒྱས་མྱ་ངན་ལས་འདས་ནས་ཀྱང་། ཁོང་གི་གསུང་ནི་ད་ལྟའང་འཛམ་གླིང་སྟེང་ཡོད་པ་དང་། དེ་བཞིན་དུ་སྟོན་པའི་རྗེས་འབྲངས་ཀླུ་སྒྲུབ་ལ་སོགས་པས་སྟོན་པའི་གསུང་སྤྱི་དང་ལྷག་པར་ཤེར་ཕྱིན་གྱི་གཞུང་གི་དགོངས་འགྲེལ་བརྩམས་ཏེ་དུས་ད་ལྟ་བར་དུ་ང་ཚོར་མཇལ་རྒྱུ་ཡོད། དེ་དག་ཆོས་ཀློག་བྱེད་པའམ་དུས་དང་དུས་ལ་བཀླགས་པ་ཙམ་མ་ཡིན་པར་རྩ་བ་བློ་ལ་བཟུང་ནས་འགྲེལ་བའི་ཚིག་རེ་རེ་ནས་དཔྱད་པ་ལ་སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་ཀྱི་ཚད་མའི་གཞུང་ལ་བརྟེན་ནས་སྒྲོ་འདོགས་གཅོད་རྒྱུའི་དཔལ་ནཱ་ལེནྡྲའི་ཕྱག་སྲོལ་བཟང་པོ་ད་ལྟའི་བར་དུ་འཛམ་གླིང་འདིར་གནས་ཡོད་པ་རེད། ཅེས་དང་།
གཞན་ཡང་། ཆོས་བརྒྱུད་ཕན་ཚུན་མཐུན་ལམ་དང་ཉམས་མྱོང་བརྗེ་རེས་བྱེད་དགོས་པའི་སྐོར་ལ་བཀའ་སྩལ་དོན། དེ་སྔ་པ་ལའི་ཆོས་བརྒྱུད་འཛིན་མཁན་དང་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་རྣམས་སོ་སོའི་ལུང་པར་བསྡད་པ་ལས་ཕན་ཚུན་འབྲེལ་བ་རྒྱ་ཆེན་པོ་ཡོད་པ་མ་རེད། བར་སྐབས་འགྱུར་བ་ཕྱིན་ནས་འདས་པའི་ལོ་ཁ་ཤས་རིང་ནས་ཨེ་ཤ་ཡའི་ནང་པའི་ཡུལ་གྲུ་ཁག་ནས་ཁྱོད་ཚོ་ཆོས་གྲོགས་རྣམ་པ་འདིར་འཛོམས་ཏེ་གོ་བསྡུར་བྱེད་པའི་གོ་སྐབས་བྱུང་བ་དང་། ཐུགས་སྣང་བྱེད་མཁན་ཡང་མང་དུ་མང་དུ་འགྲོ་བཞིན་ཡོད་པ་རེད། ང་ཚོ་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་གཅིག་མཚུངས་ཡིན་པ་དང་། ཕ་མེས་ནས་སངས་རྒྱས་པའི་ཆོས་ཀྱི་ཕྱག་སྲོལ་ཡོད་པ་ཕན་ཚུན་ལ་ཉམས་མྱོང་སྤེལ་རེས་ཀྱི་ཐོག་ནས་སེམས་ཐག་ཉེ་བོ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་བཀའ་སྩལ་བ་དང་།
དེ་བཞིན་བསླབ་གསུམ་ཉམས་ལེན་བྱེད་ལུགས་སྐོར་ལམ་སྟོན་བཀའ་སློབ་སྩལ་རྗེས་སྟག་ཤི་ཤི་ལ་དང་། ལྷག་པར་དཔལ་ནཱ་ལེནྡྲའི་པཎ་གྲུབ་ཀྱི་གཙུག་རྒྱན་མཁན་ཆེན་ཞི་བ་མཚོ་སོགས་བོད་དུ་གདན་དྲངས་ཚུལ་དང་། བཀའ་བསྟན་གསུང་རབ་རྣམས་སློབ་དེབ་ལ་ངོས་འཛིན་གྱིས་སློབ་སྦྱོང་བྱེད་གལ་ཆེ་བའི་སྐོར། གཞན་ཡང་། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་པ་འཕོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །ཞེས་པ་བཀའ་ཁྲིད་མཛད་རྗེས་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་དབུ་འཛུགས་ཀྱིས་བསྟན་བྱ་གཙོ་བོ་གནས་སྐབས་མངོན་མཐོ་དང་། མཐར་ཐུག་ངེས་ལེགས་གཉིས་ཀྱི་སྐོར་སོགས་བཀའ་ཁྲིད་རྒྱས་པར་སྩལ་ཏེ་ཆུ་ཚོད་ ༡༡།༢༥ ཐོག་ཉིན་གཉིས་པའི་ཆོས་འབྲེལ་གནང་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་བཅས།།