༄༅། །ད་ལྟ་ཁྱེད་རང་ཚོས་བཤད་པ་བཞིན། ཚོགས་འདུ་འདི་འདྲ་འཚོགས་པ་དེས་གནས་ཚུལ་མ་ཤེས་པ་གསར་དུ་ཤེས་པ་དང། དོ་སྣང་གསར་པ་སླེབས་ཏེ་ཕན་ཐོགས་བྱུང་ཞེས་བརྗོད་པ་དངོས་འབྲེལ་རེད། དེ་ལྟར་དུས་དུས་ལ་ཚོགས་འདུ་ཚོགས། བོད་ཀྱི་འདས་པའི་ལོ་རྒྱུས་དང། མ་འོངས་པའི་བྱེད་ཕྱོགས་སྐོར་གནས་ཚུལ་རྒྱུས་མངའ་ཡོད་མཁན་དང་། དོན་གང་དང་གང་ལའང་འགྲེལ་བཤད་རྒྱག་ཐུབ་མཁན་ཚོས་འགྲེལ་བཤད་བརྒྱབ། གཞན་ཚོས་དོགས་གཅོད་བྱེད་དགོས་པ་དོགས་གཅོད་བྱས། བགྲོ་གླེང་ཡང་ཡང་བྱ་རྒྱུ་གལ་ཆེན་པོ་ཡིན། གང་ལྟར་ང་ཚོས་འཐབ་རྩོད་བྱེད་པ་འདི་བོད་ལུང་པའི་དོན་དག་དང་། བོད་མི་མང་གི་དོན་དག་ཡིན་པ་ལས། ཆབ་སྲིད་ཀྱི་ཤོག་ཁ་ལྟ་བུ་དབྱིན་ཇིའི་སྐད་དུ་ (Party) ཟེར་བའི་དོན་དག་ལ་འཐབ་རྩོད་བྱས་པ་མིན། ཡང་ྋརྒྱལ་བ་རིན་པོ་ཆེར་དེ་སྔ་ྋགོང་ས་ལྔ་པ་ཆེན་པོའི་སྐབས་ནས་བཟུང་འགྲོ་སྟངས་ཤིག་ཡོད་པ་དེའི་ཐོབ་ཐང་རྩོད་པ་དེ་འདྲ་ཡང་མ་རེད། བོད་སྤྱི་པའི་དོན་དག་ལ་ཐུག་བསྡད་ཡོད། དེ་ཡང་འཕྲལ་སེལ་ད་ལྟ་བོད་ནང་གི་གནས་སྟངས་ཐབས་སྐྱོ་པོ་ཞིག་ཡོད་པ་དེར་ཁ་ཐད་གཅོག་རྒྱུ་གཅིག་པོ་མིན་པར་། ང་རང་ཚོའི་ལུང་པ་སྒོ་གང་ས་ནས་སྤུས་དག་པོ་དང་། ཚགས་ཚུད་པོ་ཡོང་བ། མདོར་ན་ཚེ་འདི་ཕྱི་གཉིས་ཡོད་ཡོང་བའི་ཆེད་དུ་ཡིན། ཆོས་སྲིད་གཉིས་ཟེར་ཡང་རུང་། ལུང་པ་སྤྱི་ཡོངས་ལྟར་སྒོ་གང་ས་ནས་ཕུན་སུམ་ཚོགས་པ་ཞིག་ཡོད་ན། རང་ཡང་སྐྱིད་པོ་ཡོང་ཐུབ་པ་དང་། ཁྱིམ་མཚེས་ཕན་ཚུན་ལ་ཡང་ཕན་ཐོགས་བྱེད་རེས་བྱེད་པ་བཅས་དེ་འདྲ་ཞིག་ཡོང་བ་དམིགས་ཡུལ་དུ་བཟུང་སྟེ། ང་རང་ཚོས་འབད་བརྩོན་བྱེད་ཀྱི་ཡོད། དེ་ལུགས་ཀྱིས་ང་རང་ཚོས་བསམ་བློ་ནན་ཏན་བཏང་། གོ་བསྡུར་བྱས། མི་མང་ནང་ནས་ཀྱང་སེམས་ཁུར་ལེན་རྒྱུ་དེ་དག་གལ་ཆེན་པོ་ཡིན། སྲིད་དོན་ཤོག་ཁ་གཅིག་གི་དོན་དག་ཡིན་ན། ཤོག་ཁ་དེའི་ཚོགས་མི་ཚོའི་འགན་ཡིན་པ་ལས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་འགན་ཁུར་དམིགས་བསལ་ཆགས་ཀྱི་མེད། ཡང་ྋརྒྱལ་བ་རིན་པོ་ཆེའི་ཐོབ་ཐང་སྐོར་ཡིན་ན་གཙོ་བོ་ྋརྒྱལ་བ་རིན་པོ་ཆེ་དང་། དེའི་སྡེར་གཏོགས་པའམ། ཡང་ན་དེ་དང་དམིགས་བསལ་འབྲེལ་བ་ཡོད་པ་ཚོས་འགན་འཁྱེར་རྒྱུ་ལས། ཚང་མས་བསམ་བློ་གཏོང་དགོས་དོན་མེད། ད་ལྟ་ང་ཚོའི་འཐབ་རྩོད་ཀྱི་དམིགས་ཡུལ་དེ་འདྲ་མིན། ཡང་ད་ལྟ་རྒྱ་དམར་གྱིས་བོད་ཀྱི་དབང་ཆ་བཟུང་ནས་བསྡད་པ་དེ་ལ་ཁོང་ཁྲོས་ངན་སྨྲས་བྱེད་པ་དང་། ངར་ངར་བྱས་ན་དེ་ནི་བྱབ་ཆུང་ཡིན། རྒྱ་དམར་གྱིས་བོད་དབང་བསྒྱུར་བྱས་ནས་དངོས་པོ་ཕྲན་བུ་ཡར་རྒྱས་སོང་སྟེ། ཁང་པ་གསར་རྒྱག་དང་། ལམ་ཁ་གསར་བཟོ། གཏེར་ཁ་སྔོག་འདོན་སོགས་བྱས་ཡོད་པ་དེ་དག རྩ་བ་ཕྱོགས་གང་ས་ནས་བོད་པ་ལ་རན་པ་ཞིག་བྱེད་དགོས་པ་ལས་བོད་ཀྱི་ལུང་པའི་ཁོར་ཡུག་ཉམས་ཆག་དང་། བོད་མིའི་ཆོས་དང་རིག་གཞུང་ཉམས་ཆག་བཏང་ན་མི་འགྲིགས། ང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ཞེས་ཕན་ཐོགས་ཡོད་མེད་ལ་མ་བལྟས་པར་ང་ཚོ་བོད་པ་ཡིན་པའི་རྒྱུ་མཚན་གྱིས། རྨོངས་ཞེན་བྱས་ནས་ང་ཚོའི་ཆོས་དང་རིག་གཞུང་ཉམས་ཆག་གཏོང་གི་འདུག་བརྗོད་པ་མིན། བོད་ཀྱི་ཆོས་དང་རིག་གཞུང་ནི་གཞན་སུ་གཅིག་ལའང་སྨོན་མི་དགོས་པའི་བཟང་པོ་དང་། ཕན་ཐོགས་ཡོད་པ་ཞིག་ཡིན། ང་ཚོའི་ཆོས་དང་རིག་གཞུང་གི་ནང་དོན་གང་འདྲ་ཡིན་པ་བོད་དབང་བསྒྱུར་བྱེད་མཁན་རྒྱ་མི་ཚོས་ཤེས་ཀྱི་མེད། མི་ཤེས་པ་ཙམ་དུ་མ་ཟད་ད་དུང་དེ་ལ་སྐྱོན་དུ་བལྟས་ཏེ། བོད་ཀྱི་ཆོས་དང་རིག་གཞུང་ནི་རྗེས་ལུས་དང་ཕན་ཐོགས་མེད་པ་ཤོད་ཀྱི་ཡོད། གཉིས་ནས་ཁོ་ཚོ་དོགས་པ་རྣམ་རྟོག་ཆེ་དྲག་ཏེ་བོད་ཀྱི་ཆོས་དང་རིག་གཞུང་ཞེས་རྣམ་པ་ཟུར་གསལ་དུ་ཡོད་པ་འདི་ཇི་ཙམ་གསལ་པོ་བྱུང་བ་དེའི་ཚོད་ཀྱིས་བོད་ཁ་བྲལ་འགྲོ་རྒྱུའི་ཉེན་ཁ་མཐོང་སྟེ་ དེ་འདྲའི་དངངས་སྐྲག་གི་ཐོག་ནས་མེད་པ་བཟོ་གི་ཡོད། དངོས་འབྲེལ་ཕན་ཐོགས་མེད་པ་ཞིག་ཡིན་ན་མེད་པ་བཟོས་ན་འགྲིགས། བོད་ཀྱི་ཆོས་དང་རིག་གཞུང་ནང་ང་ཚོ་བོད་པ་རང་ཉིད་ལ་ཕན་ཐོགས་ཡོད་པ་ཙམ་དུ་མ་ཟད། བོད་ཀྱི་ཁྱིམ་མཚེས་གཞན་ལའང་ཕན་ཐོགས་ཡོད་པ་ཞིག་ཡིན། རྒྱ་ནག་ལ་ཆ་བཞག་ནའང་དེས་ཕན་ཐོགས་ཡོང་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་གཏན་འཁེལ་བ་ཡིན། དེ་འདྲའི་གནས་ཚུལ་གྱི་འོག་ནས་ང་ཚོས་རང་དབང་རྩོད་ལེན་བྱེད་ཀྱི་ཡོད། ཚིག་གཞན་ཞིག་ནས་བཤད་པ་ཡིན་ན། རྒྱ་དམར་གྱིས་ད་ལྟ་བོད་དབང་བསྒྱུར་བྱས་པ་འགྲིག་གི་མི་འདུག དེས་ཕྱོགས་མང་པོ་ཞིག་ལ་འཐུས་ཤོར་གྱིས་ཉམས་ཆག་འགྲོ་གི་འདུག དངོས་པོ་ཕྲན་བུ་ཡར་རྒྱས་ཕྱིན་པ་དེ་ཙམ་ལས་གཞན་སྒོ་གང་ས་ཕུན་སུམ་ཚོགས་པ་ཞིག་ཡོང་གི་མི་འདུག དེ་ལས་ལྷག་པ་དང་། དེ་ལས་ལེགས་པ། དེ་ལས་ཚགས་ཚུད་པ་ཞིག ང་རང་ཚོར་དབང་ཆ་བྱུང་ན་ང་ཚོས་བྱེད་ཐུབ་པ་དང༌། བྱེད་ཀྱི་ཡིན་ཞེས་བརྗོད་ཀྱི་ཡོད། དེ་ལུགས་ང་ཚོས་ཞིབ་ཚགས་ཐོག་ནས་བསམ་བློའི་ནང་གོ་རིམ་བསྒྲིགས། དཔྱད་པ་བྱས། དོན་དག་འདི་དང་འདིའི་ཐོག་ང་ཚོའི་བྱེད་སྟངས་འདི་དང་འདི་ཡིན་བསམ་པའི་བསམ་བློའི་ཁོག་ཏུ་ཆུབ་པ་བྱས། དེ་འདྲའི་ཐོག་ནས་ང་ཚོས་ད་ལྟ་བོད་ནང་གི་དབང་ཆ་ཚང་མ་བོད་པའི་གནས་ཚུལ་ཆ་རྒྱུས་མེད་མཁན་རྒྱ་དམར་གྱིས་བཟུང་བ་འདི་འགྲིག་གི་མི་འདུག ང་ཚོར་རང་སྲིད་རང་སྐྱོང་གི་ཐོབ་ཐང་དགོས་ཞེས་བརྗོད་ཀྱི་ཡོད། རང་སྲིད་རང་སྐྱོང་བྱུང་ན་རྒྱ་ནག་གཞུང་ལའང་ཕུགས་སུ་ཕན་ཐོགས་ཡོད་པ་དང་། ང་ཚོ་བོད་པ་ཚོས་ཀྱང་དངོས་གནས་འཛམ་བུ་གླིང་འདིའི་ཐོག་མིས་ཆ་འཇོག་དང་ཆེ་མཐོང་བྱེད་པའི་བོད་ཀྱི་ཆོས་དང་རིག་གཞུང་བཟང་པོ་འདི་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་སྲ་ཐག་ཐག་བྱེད་ཐུབ། དེ་ལྟར་བྱེད་ཐུབ་ན་ང་ཚོ་བོད་མི་རྣམས་ལ་ཕན་པ་ཙམ་དུ་མ་ཟད། འཛམ་གླིང་འདིའི་ཐོག་ང་ཚོས་ཕན་ཐོགས་གང་ལ་གང་འཚམ་བྱེད་ཐུབ་རྒྱུ་ཡིན། ང་ཚོས་བསམ་བློ་དེ་འདྲ་བཏང་ནས་ལས་ཀ་བྱེད་ཀྱི་ཡོད། དཔེར་ན་ང་སྒེར་ལ་ཆ་བཞག་ན་བོད་གཞིས་བྱེས་མཉམ་འཛོམས་ཀྱི་དུས་ཚོད་བྱུང་རྗེས་བར་བརྒལ་གྱི་སྲིད་གཞུང་གཅིག་བསྐོས། བར་བརྒལ་སྲིད་གཞུང་ཚུགས་མཚམས་ྋརྒྱལ་བ་རིན་པོ་ཆེ་ལ་ལོ་རྒྱུས་ཀྱི་ཐོག་ནས་ཐོབ་ཐང་དང་དབང་ཚད་ཡོད་པ་ཚང་མ་དེ་ལ་རྩིས་སྤྲོད་བྱེད་རྒྱུ་དང་། ཉི་མ་དེ་ཉིན་བཟུང་ངས་བོད་ཀྱི་ཆབ་སྲིད་འགན་ཁུར་བྱེད་མཚམས་བཞག་རྒྱུ་ཡིན། ངའི་མི་ཚེའི་ལྷག་མ་རྣམས་གཅིག་ནས་སངས་རྒྱས་ཀྱི་བསྟན་པ་དང་། གཉིས་ནས་སྤྱིར་བཏང་མིའི་ཡ་རབས་བཟང་སྤྱོད་ཀྱི་ཐོག་ཞབས་འདེགས་གང་ཐུབ་ང་རང་མ་ཤི་བར་སྒྲུབ་འོས་པ་ཡིན་ལ་དེ་ལྟར་སྒྲུབ་རྒྱུའི་འདོད་པ་དང་། སེམས་ཤུགས་ཡོད། དེ་མིན་བོད་ཀྱི་ཆབ་སྲིད་ལས་འགན་རྣམས་བར་བརྒལ་དུས་ཡུན་ལོ་གཉིས་ནང་ཚུད་འོས་བསྡུའི་ཐོག་ནས་མང་མོས་བསྐོ་གཞག་བྱས་པའི་གཞུང་ཞིག་སྟེ། མང་གཙོ་རང་དབང་གི་མཚན་ཉིད་ཚང་བའི་སྲིད་གཞུང་ཞིག་འཛུགས་རྒྱུ་དམིགས་ཡུལ་དུ་བཟུང་ནས། ད་ལྟའི་བསམ་བློའི་ནང་བང་བསྒྲིགས་ནས་ལས་ཀ་བྱེད་ཀྱི་ཡོད། མ་འོངས་པའི་བོད་ཀྱི་ལས་འགན་བོད་མི་མང་ཚོགས་ཀྱིས་འཁྱེར་དགོས་པ་ལས། དེ་མིན་མི་རེ་ཟུང་གིས་འགན་འཁུར་ཐུབ་ཐབས་མེད། ལར་ནས་ང་རང་ཚོ་མང་གཙོའི་ལམ་ལ་འགྲོ་དགོས་པ་དང་། དངོས་གནས་མི་མང་གི་འགན་འཁུར་ནས་མཐའ་མའི་ཐག་གཅོད་བྱེད་དབང་མི་མང་ལག་པར་ཡོད་དགོས། དེ་ལྟར་ཡོང་བ་ལ་མང་གཙོ་གལ་ཆེན་པོ་རེད་ཅེས་ཁ་ནས་ཚིག་འདྲ་ཆགས་པོ་བཤད་པ་དང་། ཡིག་ཆ་བཞག་པ་བཅས་ཀྱིས་མི་འགྲིགས་པར་ང་རང་ཚོ་མི་མང་རང་གིས་དེའི་ཐོག་ལ་དོ་སྣང་གིས་བསམ་བློ་གཏོང་ཤེས་པ་དང་། སྟངས་འཛིན་བྱེད་ཐུབ་པ། དགེ་སྐྱོན་རྟོགས་ཐུབ་པ་བཅས་དུས་རྒྱུན་ནས་སེམས་ཁུར་ལེན་རྒྱུ་འདི་ཤིན་ཏུ་གལ་ཆེན་པོ་ཡིན། དེ་སྔོན་ངས་ཐེངས་ཁ་ཤས་བརྗོད་རྒྱུ་བྱུང་། སྔ་མོ་ང་ཚོ་བོད་པའི་ཁ་རྒྱུན་ལ། སྡེ་པ་གཞུང་གིས་བྱུས་གཏོགས་སྡེ་སྲིད་མགོ་ལེབ་པས་བྱེད་ཀྱི་རེད་ཅེས་ཟེར་སྲོལ་ཡོད། དེ་འདྲའི་བག་ཆགས་བཟུང་སྟེ་བསྡད་ན་གཏན་ནས་མི་འགྲིགས། དཔེར་ན། ང་ཚོ་རྒྱ་གར་ནང་ལ་ཆ་གཞག་ན། ང་ཚོ་བཙན་བྱོལ་བའི་སྒྲིག་འཛུགས་ཆུང་ངུ་ཞིག་ཡོད་པ་འདིའི་ནང་ལ་ཛ་དྲག་གི་གནས་ཚུལ་ཡོད་མིན་ལ་མ་ལྟོས་པར་ང་ཚོ་མང་ཚོགས་ཀྱི་འཐུས་མིའི་ཐོག་ནས་བཀའ་བློན་བསྐོ་གཞག་སོགས་ལས་ཀ་གལ་ཆེའི་རིགས་ཚང་མ་སྤྱི་འཐུས་ཐོག་གོ་བསྡུར་བྱས་ནས་ཐག་གཅོད་བྱེད་ཀྱི་ཡོད། སྤྱི་འཐུས་བསྐོ་གཞག་ལ་ཆ་མཚོན་ན་བར་སྐབས་མང་ཚོགས་ནང་སྤྱི་འཐུས་བསྐོ་གཞག་བྱུང་བ་དེ་གལ་ཆེན་པོ་ཡིན་པའི་དོ་སྣང་གསར་པ་ཞིག་སླེབས་ཏེ། གོ་རྟོགས་མཐོ་རུ་ཕྱིན་ནས་འོས་འཕེན་མཁན་ཡང་མང་དུ་སོང་ཡོད། འོས་འཕེན་པའི་དུས་སུ་རང་གིས་མ་ཤེས་པར་མི་ལ་སྐད་ཆ་དྲིས་པ་དེ་འདྲ་མིན་པར། སོ་སོས་དོ་སྣང་བྱས་ཏེ་བསམ་བློ་གཏོང་མཁན་དེང་སང་ཤུགས་ཆེ་རུ་འགྲོ་བ་དེ་ཚོའི་གྲས་ཡར་རྒྱས་འགྲོ་གི་ཡོད་པའི་རྟགས་ཡིན། མང་ཚོགས་ཀྱིས་ངོས་ནས་བོད་སྤྱི་དོན་གྱི་རང་བཞིན་གནད་འགག་དང་། དགེ་སྐྱོན་མཐོང་བའི་ཐོག་ནས་དེ་ལ་བྱུས་གཏོགས་བྱེད་ཐུབ་པ་དགོས། ང་རང་ཚོས་རྒྱ་ཕྱོགས་ཀྱི་ལས་ཀ་བྱས་པ་ལས་ཚགས་ཚུད་པ་ཞིག་བྱེད་ཀྱི་ཡིན་ཞེས་བརྗོད་ཀྱི་ཡོད་པས། ངེས་པར་དུ་དོ་སྣང་དང་བསམ་བློའི་ནང་གྲ་སྒྲིག་ཡོད་པ་དགོས། སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་ཡིན། དེ་ཡང་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་དང་ཆབས་ཅིག་བོད་རང་ལ་ཕ་མེས་དུས་ནས་ཡོད་པའི་བཟང་པོའི་ལྟ་བ་དང་སྤྱོད་པ། བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་ཆེད་དེ་དག་སོ་སོས་ཉམས་སུ་བླངས་ནས་རང་གི་སྒོ་གསུམ་གྱི་སྤྱོད་པ་དང་། སྐད་ཆ་ཤོད་སྟངས། རྣམ་འགྱུར་སྟོན་སྟངས། བསམ་བློ་གཏོང་སྟངས་བཅས་ལ་བོད་ཀྱི་ཡ་རབས་བཟང་པོའི་གོམས་གཤིས་རྣམས་ཚང་བའི་ཐོག་ནས་གཞན་ལ་མིག་དཔེ་བསྟན་ཏེ་གོམས་གཤིས་བཟང་པོ་རྣམས་འཇགས་ཐབས་བྱེད་དགོས། དཔེར་ན། ཁྱིམ་ཚང་ནང་གི་ཕ་མ་རང་ཉིད་ལ་བོད་པའི་བཟང་པའི་ཡོན་ཏན་གྱི་གོམས་གཤིས་འཇགས་ཡོད་ན་ཚོུད་ཉི་ཤུ་རྩ་བཞིའི་རིང་ཁྱོད་དང་ང་ཟེར་བའི་འཁྲུག་རྩོད་ཉོན་མོངས་དུག་གསུམ་རགས་པའི་དབང་དུ་སོང་བའི་རྣམ་འགྱུར་དེ་རིགས་མེད་པ་ཆགས་རྒྱུ་ཡིན། དེ་ལྟར་དངོས་གནས་ཞི་བདེ་བག་ཕེབས་དང་། ཡ་རབས་གཞུང་བཟང། ངོ་ཚ་ཁྲེལ་ཡོད་ལྡན་པ་ཞིག་བྱུང་ན། ཁྱིམ་ཚང་དེའི་ནང་ལ་འཚར་ལོང་བྱེད་མཁན་གྱི་ཕྲུ་གུ་ཚོ་ལ་ཁ་ནས་བོད་ཀྱི་རིག་གཞུང་རྩ་བ་ཆེན་པོ་རེད་ཅེས་བཤད་མ་དགོས་པར། རང་བཞིན་གྱིས་ཡ་རབས་བཟང་པོའི་གོམས་གཤིས་ཕྲུ་གུར་འཇགས་རྒྱུ་ངེས་པ་རེད། ཁྱིམ་ཚང་དེར་ཕྱི་ནས་སྐུ་མགྲོན་ཞིག་སླེབས་པ་ཡིན་ནའང་ཁྱིམ་ཚང་དེ་ཞི་བདེ་བག་ཕེབས་ཡོད་པ་མཐོང་ཐུབ། དེ་ལྟར་མེད་ན་ཁྱིམ་ཚང་དེའི་ནང་འགྲོ་དགོས་ཡོད་ཀྱང། རྟག་པར་འཁྲུག་རྩོད་བརྒྱབ་ནས་སྡོད་ཀྱི་ཡོད་བསམ་པའི་སེམས་ནང་བསུན་སྣང་ཡོང་གི་རེད། དེ་འདྲ་མེད་པ་བྱེད་དགོས། ང་ཚོའི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་ནི། དང་པོ་སོ་སོས་ཉམས་སུ་བླངས། རང་ཉིད་ལ་དེའི་ཡོན་ཏན་ཚང་བའི་ཐོག་ནས་མི་གཞན་ལ་ངོ་སྤྲོད་བྱས་པ་ཡིན་ན། ངོ་སྤྲོད་དོན་དུ་འཁྱོལ་བ་ཞིག་ཡོང་གི་རེད། ཆོས་ཡིན་ནའང་སྔོན་ལ་སོ་སོས་ཉམས་སུ་བླངས་ནས་ཉམས་མྱོང་ཡོད་པ་དང་རྒྱུས་མངའ་ཡོད་པ་བྱས། དེ་འདྲའི་ཐོག་ནས་མི་གཞན་ལ་རང་ལ་ཉམས་མྱོང་བྱུང་ཚུལ་དེས་ཕན་ཐོགས་ཡོད་ཚུལ་རྣམས་བཤད་ན་འགྲིགས་པ་ཡིན། གང་ལྟར་རང་ཉིད་ལ་དེང་དུས་ཀྱི་ཤེས་ཡོན་ཐོག་ང་རང་ཚོའི་ཡ་རབས་བཟང་པོའི་ལྟ་སྤྱོད་ཀྱི་ཡོན་ཏན་ཚང་བ་བྱས་ཏེ་རང་ལ་མིས་ཆེ་མཐོང་སླེབས་པ་བྱེད་དགོས། དེང་སང་རྒྱ་མི་བློ་གཟུ་བོར་གནས་པ་དེ་ཚོས་བོད་པའི་གནས་ཚུལ་ལ་ཉམས་ཞིབ་བྱས་པའི་འབྲས་བུར་བོད་པ་ཞེས་པ་འདི་དངོས་གནས་རིག་གཞུང་ཕྱུག་པོ་དང་། ཆོས་གཏིང་ཟབ་ཡོད་པའི་མི་རིགས་ཤིག་ཡིན་པ་ལས། རྒྱ་ནག་གཞུང་གིས་ནམ་རྒྱུན་ཏུ་བཤད་པ་དེ་འདྲ་རེད་མི་འདུག་ཅེས་བོད་པར་མཐོང་སླེབས་ཏེ། གཞི་ནས་བོད་པར་གུས་བརྩི་བྱེད་མཁན་ཡོང་གི་འདུག ད་ལྟ་བརྗོད་པ་བཞིན་ཤེས་ཡོན་དང༌། ཡ་རབས་བཟང་སྤྱོད་ཀྱི་ཐོག་ནས་མིས་རང་ཉིད་ལ་ཆེ་མཐོང་དང༌། གུས་ཞབས། ཤ་ཚ་བཅས་སླེབས་པ་ང་རང་ཚོ་སོ་སོས་བྱེད་དགོས།
དེ་དང་ཆབས་ཅིག་ང་རང་ཚོའི་མ་འོངས་པའི་གཞུང་སྐྱོང་ཕྱོགས་ཐད། མང་གཙོ་ཟེར་བ་འདི་ལམ་བཟང་ཤོས་ཤིག་ཡིན། དཔེར་ན། མ་འོངས་པར་ང་ཚོ་གཞིས་བྱེས་མཉམ་འཛོམས་བྱུང་རྗེས། བོད་ཀྱི་སྲིད་གཞུང་གི་འགན་ཁུར་ངས་བླང་གི་མིན་ཞེས་བརྗོད་པ་འདི་ང་སེམས་ཤུགས་ཆག་པ་དང༌། ངས་བོད་མི་མང་བློས་བཏང་བ་རྩ་བ་ཉིད་ནས་མིན་ཞེས་རྟག་པར་ཤོད་ཀྱི་ཡོད། ངས་འགོ་འཁྲིད་ནས་བསྡད་པ་ཡིན་ན། རང་བཞིན་གྱིས་མི་མང་གི་བསམ་བློའི་ནང་ྋརྒྱལ་བ་རིན་པོ་ཆེས་འགན་འཁྱེར་གྱི་རེད། ྋརྒྱལ་བ་རིན་པོ་ཆེས་ཏན་ཏན་ཡོག་པོ་བྱེད་ཀྱི་རེད། ང་ཚོས་བློས་བཀལ་ཆོག་གི་རེད་བསམ་པ་དེ་འདྲའི་ལྷོད་ཡངས་བྱེད་པའི་ཉེན་ཁ་ཡོད། ངས་ལས་ཀ་མ་བྱས་ན་མི་མང་ཚོས་སེམས་ཁུར་མང་བ་བླང་ཐུབ་ཀྱི་རེད་བསམ་གྱི་འདུག གཉིས་ནས་གང་ལྟར་འདོད་རུང་མ་འདོད་རུང་ང་ལོ་རྒས་འགྲོ་གི་ཡོད། ལྔ་བཅུ་ང་དགུའི་ལོར་རྒྱ་གར་ལ་ཡོང་དུས་ང་ལོ་ཉེར་ལྔར་སླེབས་པའི་ཕོ་གསར་ཞིག་ཡིན། ད་ཆ་ལོ་དྲུག་ཅུ་རེ་བཞིར་སླེབས་ཡོད། རིམ་བཞིན་ཕུང་པོ་རྒུད་འགྲོ་བ་ལས་དར་རྒྱས་ཡོང་རྒྱུ་མེད། ཚེ་མང་བ་རྫོགས་ཟིན། ལོ་བརྒྱ་ཐམ་པ་སྡོད་ཀྱི་ཡོང་ནའང་ཚེ་ལྷག་ལོ་བཞི་བཅུ་མ་ཟིན་ཙམ་ལས་མེད། འདི་ནི་དངོས་ཡོད་གནས་ཚུལ་ཡིན། དེ་འདྲ་ཡིན་དུས་ང་རང་གསོན་པའི་རིང་ལ་བོད་མིའི་ནང་མང་གཙོ་རང་དབང་མཚན་ཉིད་ཚང་བའི་ཉམས་མྱོང་གང་འཚམས་ཤིག་གསོག་ཐུབ་པ་བྱུང་ན། མ་འོངས་པར་ཆུ་ལམ་དང་འདྲ་བར་ལམ་བྱང་ནས་ཡག་པོ་ཡོང་གི་རེད་སྙམ། གང་ལྟར་ངས་སྔ་ཙམ་འགན་མ་འཁྱེར་བ་བྱས་ན། མི་མང་རང་གི་འོས་འདེམས་ཐོག་ནས་འགོ་འཁྲིད་བསྐོས་ཏེ། དེས་འགན་འཁུར་བ་དང་གྲོས་ཚོགས་ཀྱི་ལམ་ལུགས་ལྟ་བུ་དེ་འདྲའི་ཐོག་འགྲོ་ཐུབ་པ་བྱུང་ན། འགོ་སྟོད་དཀའ་ངལ་ཕྲན་བུ་ཡོང་སྲིད་ཀྱང༌། ང་རང་འཚོ་གནས་ཡོད་པའི་རིང་དཀའ་ངལ་འཕྲད་དུས་ངས་བསླབ་བྱ་བྱེད་རྒྱུ་དང༌། གནས་ཚུལ་འགྲེལ་བཤད་རྒྱག་རྒྱུ། གསེད་བཀྲོལ་བྱེད་རྒྱུ་དེ་འདྲ་ཡོང་གི་རེད། གང་ལྟར་ང་གསོན་པའི་ཚེ་ལྷག་འདིའི་རིང་མིང་དོན་མཚུངས་པའི་མང་གཙོ་རང་དབང་མཚན་ཉིད་ཚང་བ་ཞིག་བྱུང་ཐུབ་ན་བསམ་སྟེ་ང་རང་སྒེར་གྱི་ངོས་ནས་གུང་སྒྲིག་གི་ཡོད། ཅེས་ངས་ལོ་ཤས་སྔོན་ནས་བཤད་ཡོད། དཔེར་ན། དྷ་རམ་ས་ལར་ཆ་བཞག་ན། བཀའ་ཤག་དང་འབྲེལ་ཡོད་ཚོས་ཁུར་མང་ཙམ་བླངས་ཏེ། ྋརྒྱལ་བ་རིན་པོ་ཆེ་མེད་པ་དང་ཁྱད་མེད་ཀྱི་འགན་འཁུར་ན་ཡག་པོ་ཡོད། གཉིས་ནས་ང་ལ་ྋརྒྱལ་བ་རིན་པོ་ཆེའི་མིང་གཅིག་ཡོད་ཅིང་། མིང་འདིའི་ཐོག་ངས་མ་གཏོགས་བྱེད་མི་ཐུབ་པའི་ལས་ཀ་རྣམས་ངས་བྱས་ན་འོས་ཤོས་དང་སྐབས་བབས་ཀྱི་འོས་འགན་ཡིན་པས་ངས་མ་བྱས་རང་བྱས་ཡིན་པ་ངས་བྱས་ན་འགྲིགས། དེ་མིན་འཛིན་སྐྱོང་གི་ལས་ཀས་མཚོན་པའི་དེ་ཚོའི་གྲས་སྒྲིག་འཛུགས་རིམ་པ་ཡོད་པ་ཚོས་འགན་ཆ་ཚང་འཁྱེར་ཐུབ་པ་བྱུང་ན། མ་འོངས་པའི་ཆ་ནས་ཉམས་མྱོང་མང་པོ་གསོག་ཐུབ་པ་དང༌། མི་རེ་ངོ་རེའི་བསམ་བློའི་ནང་སེམས་འཁུར་མང་བ་སླེབས་པ་དེ་འདྲའི་ཐོག་ནས་ཕན་ཐོགས་ཡོད། ངོས་རང་ཉིད་ཀྱང་དམིགས་བསལ་སྐབས་བབ་འོས་འགན་ཡོད་པའི་ལས་དོན་ཐོག་དུས་ཚོད་མང་ཙམ་གཏོང་ཐུབ། ང་ཚོ་བཙན་བྱོལ་དུ་སྡོད་རིང་ང་ལ་ཆ་བཞག་ན། ངས་འཛིན་སྐྱོང་གི་ལས་ཀའི་རིགས་ལ་སློབ་སྦྱོང་བྱེད་མྱོང་མེད་ལ་ཤེས་ཀྱི་ཡང་མེད། འོན་ཀྱང་ཨུ་ཚུགས་བརྒྱབ་སྟེ་ཉམས་མྱོང་བསགས་པ་ཙམ་རེད་མ་གཏོགས། ངས་འཐུས་ཚང་སྒྲུབ་ཐུབ་ཀྱི་མི་འདུག རན་གྱི་ཡོད་མེད་གང་ལྟར་ཡང་ད་ལྟ་བར་དུ་ཨུ་ཚུགས་བརྒྱབ་ནས་བསྡད་ཡོད། མ་འོངས་པའི་ལམ་ཕྱོགས་ནི། གཙོ་བོ་མང་ཚོགས་ཀྱིས་སེམས་ཁུར་མང་ཙམ་བླང་རྒྱུ་དང༌། དེའི་ཐོག་ལ་ཤུགས་རྒྱག་རྒྱུ་གལ་ཆེན་པོ་འདུག མང་གཙོ་ལ་ཐོབ་ཐང་ཞིག་ཡོད་ལ། འགན་ཁུར་ཞིག་ཀྱང་ཡོད། ཐོབ་ཐང་ཤ་སྟག་བཤད་ནས་འགན་ཁུར་མ་བླངས་པར་བསྡད་ན་མི་འགྲིགས། ཐོབ་ཐང་རྩོད་དགོས། ཐོབ་ཐང་རྩོད་པ་དང་མཉམ་དུ་འགན་ཁུར་ཡང་ལེན་དགོས། ཐོབ་ཐང་དང༌། འགུན་ཁུར་མཉམ་དུ་འགྲོ་དགོས། དེ་ལྟར་ཡོང་བ་ལ་ང་རང་ཚོས་དུས་རྒྱུན་ནས་གནད་འགག་དེ་ཚོའི་གྲས་ཡང་ནས་ཡང་དུ་སྐད་ཆ་བཤད་དེ་བསམ་བློ་གཏོང་རྒྱུ་བྱུང་ན། སྦྱོང་བརྡར་ཐེབས་ནས་བསམ་བློའི་ནང་གུང་བསྒྲིགས་ཏེ། གནད་དོན་ཁོག་ཏུ་ཆུབ་ཐུབ་པ་ཡོང་རྒྱུ་ཡིན། དུས་རྒྱུན་དོ་སྣང་གང་ཡང་མ་བྱས་པར་བསྡད། གློ་བུར་དུ་ཚོགས་འདུ་འཚོགས་པ་ལྟ་བུ་དང༌། ཡང་ན་འོས་འཕེན་པ་དེ་འདྲའི་སྐབས་སུ་མགོ་འཚོས་ལ་མ་འཚོས་བྱས་ན་ཉེན་ཁ་ཡོད། དུས་རྒྱུན་ནས་བོད་སྤྱི་པའི་ལས་དོན་བྱེད་ཕྱོགས་སྐོར་ལ་དོ་སྣང་ཡོད་པ་དང༌། སེམས་ནང་ལ་གོམས་འདྲིས་ཡོད་པ་ཞིག་ཡིན་ན། དམིགས་བསལ་ལས་འགན་བྱེ་བྲག་པ་ཞིག་ཐོན་པའི་སྐབས་ལ་སོ་སོར་གོམས་བྱང་ཡོད་པའི་དབང་གིས་རྒྱུས་ཡོད་དང་། ཁོག་ཏུ་ཆུབ་སྟེ་གུང་བསྒྲིགས་ནས་ཡོད་དུས་ལས་ཀ་གང་འདྲ་ཞིག་ཐག་གཅོད་བྱེད་པའམ། ཡང་ན་འགན་ཁུར་བླངས་ནས་ཐེ་གཏོགས་བྱེད་དགོས་པ་ཡོང་དུས་འཕྱུག་པ་མེད་པ་བྱེད་ཐུབ་པ་ཡོང་གི་རེད། ང་རང་ཚོ་དུས་རྒྱུན་འཚོགས་འདུ་ཡང་ཡང་འཚོགས་རྒྱུ་འདི་གལ་ཆེན་པོ་འདུག ད་རེས་ཁྱེད་རང་ཚོས་ཚོགས་འདུ་འཚོགས་པ་དེས་ཏན་ཏན་ཕན་ཐོགས་བྱུང་ཡོད། རྗེས་སུ་ཡི་རངས་ཡོད། ཁྱེད་རང་ཚོ་ཕྱོགས་མཐའ་ནས་ཡོང་བ་གཏམ་བཤད་བྱེད་མཁན་ཚོ་ཡང་ཡག་པོ་བྱུང་སོང༌། ཐུགས་རྗེ་ཆེ་ཞེས་བརྗོད་རྒྱུ་དང་། ད་རེས་དོ་སྣང་ཆེན་པོའི་ཐོག་ནས་ཚོགས་འདུར་ཆེད་མངགས་ཡོང་མཁན་ཚང་མར་བཀྲ་ཤིས་བདེ་ལེགས་བརྗོད་རྒྱུ་ཡིན།
ད་རེས་ཀྱི་ཚོགས་འདུ་འཚོགས་ནས་སོ་སོར་ཉམས་མྱོང་གསར་པ་དང༌། གོ་རྟོགས་གསར་པ་བྱུང་བ་དེ་དག་ས་གནས་ས་ཐོག་ཏུ་འབྱོར་མཚམས་སོ་སོའི་ཁོངས་གཏོགས་འབྲེལ་ཡོད་ཚོར་གསལ་བཤད་དང༌། སྐུལ་སློང་བྱས་ཏེ། དོ་སྣང་གསར་པ་སླེབས་པ་བྱེད་རྒྱུ་གནད་འགག་ཆེན་པོ་འདུག ཁ་སྔོན་ཆོལ་ཁ་གསུམ་གྱི་ཚོགས་འདུར་ཡང་བརྗོད་རྒྱུ་བྱུང་། ང་རང་ཚོའི་སྤྱིར་བཏང་མང་ཚོགས་ནང་བོད་བསྟན་སྲིད་ཀྱི་དོན་དག་དང༌། མ་འོངས་པའི་བྱེད་ཕྱོགས་སྐོར་ཁྱིམ་ཚང་མི་རེ་ངོ་རེའི་ནང་དུས་རྒྱུན་ནས་དོ་སྣང་གིས་གླེང་མོལ་བྱེད་རྒྱུ་ཡོད་པ་ཞིག་བྱུང་ན། བོད་ནས་གཉེན་འཕྲད་ལ་ཡོང་མཁན་ཚོར་རྒྱ་གར་ནང་སོ་སོའི་ཁྱིམ་ཚང་གི་ད་ལྟའི་གནས་སྟངས་གང་འདྲ་ཡོད་པ་དང༌། བཙན་བྱོལ་བོད་དབུས་གཞུང་གི་འགྲོ་སྟངས། གྲོས་ཚོགས་ལམ་ལུགས། རིས་སུ་མ་ཆད་པའི་ཆོས་སྡེ་ཁག ས་དགེ་བཀའ་རྙིང་བོན་དང་བཅས་པ་གང་འདྲ་ཡོད་པ། བླ་བྲང་གང་འདྲ་ཡོད་པ། གཞིས་ཆགས་གང་འདྲ་ཡོད་པ། དེ་རྣམས་ཀྱི་འཛིན་སྐྱོང་གང་འདྲ་བྱེད་ཀྱི་ཡོད་པ། འཛམ་གླིང་ཕྱི་ལ་འབྲེལ་བ་གང་འདྲ་བྱེད་ཀྱི་ཡོད་པ། དེ་ཚོའི་གྲས་ཁྱིམ་ཚང་དེ་གའི་ནང་མི་ཚོས་བཤད་ཐུབ་པ་ཡོང་གི་རེད། བོད་ནས་གཉེན་འཕྲད་ལ་ཡོང་མཁན་གྱི་མིས་དོ་སྣང་མ་བྱས་ན་མ་གཏོགས། དོ་སྣང་བྱས་ན། ཕྱི་ལ་མངོན་གསལ་དོད་པོས་གནས་ཚུལ་འཚོལ་སྒྲུབ་བྱེད་པར་འགྲོ་མ་དགོས་པར་ཁྱིམ་ཚང་དེ་གའི་ནང་ནས་འགྲེལ་བཤད་ཆ་ཚང་བརྒྱབ་སྟེ་ཤེས་ཐུབ་པ་ཡོང་རྒྱུ་ཡིན། ཡང་ཁྱིམ་ཚང་འདིའི་ནང་མི་བོད་ལ་ཕར་གཉེན་འཕྲད་དུ་ཕྱིན་པ་ཡིན་ན་བློས་འཁེལ་ས་ཚོ་ལ་གནས་ཚུལ་མཐའ་མ་འགག་པ་བཤད་ཐུབ་པ་ཡོང་རྒྱུ་ཡིན། དེས་ན་སོ་སོ་སྤོབས་པ་བྱེད་ཆོག་པ་དང༌། མི་གོ་ཆོད་པ་ཞིག་ཡོང་གི་རེད། དེ་མིན་དུས་རྒྱུན་དོ་སྣང་རྩ་བ་ནས་མེད་ན། ཕར་ཕྱོགས་གཉེན་འཕྲད་དུ་ཡོང་མཁན་ཞིག་གིས་སྐད་ཆ་དྲིས་དུས། ལན་གསལ་པོ་རྒྱག་རྒྱུ་མེད་པར་ངས་ཡག་པོ་རང་ཤེས་ཀྱི་མེད་ཅེས་བཤད་ན། དེང་སང་བོད་ནས་ཡོང་མཁན་མི་ཁ་ཤས་ཀྱིས་བཤད་པ་དཔེར་ན། རྒྱ་གར་དྷ་རམ་ས་ལར་ཕྱིན་ནས་ྋརྒྱལ་བ་རིན་པོ་ཆེ་མཇལ་ཏེ་བསྐལ་པ་བཟང་པོ་བྱུང་། གཞན་བོད་གཞུང་ལ་ལྟ་བཟོ་གང་ཡང་མི་འདུག་ཅེས་བཤད་ཀྱི་ཡོད། དེ་ནི་གནས་ཚུལ་མ་ཤེས་པའི་སྐད་ཆ་རེད། ང་ཚོ་རྒྱ་གར་ལ་སླེབས་ནས་ལོ་སུམ་ཅུ་སོ་དགུ་ལྷག་ཙམ་སོང་བ་དེའི་རིང་ང་ཚོས་ལས་ཀ་ཧ་ཅང་མང་པོ་བྱས་ཡོད། དེ་ནི་ྋརྒྱལ་བ་རིན་པོ་ཆེ་ལ་མཐུ་དང་ནུས་པ་ག་ཚོད་ཡོད་ཀྱང་མི་གཅིག་གིས་དེ་ལྟར་བྱེད་ཐུབ་ཐབས་མེད། ང་ཚོ་བོད་མི་བཙན་བྱོལ་བ་ཐོག་མར་མི་ས་མ་རིར་སླེབས་པ་ནས་བཟུང་ས་གནས་ས་ཐོག་གི་མི་དང་། རོགས་རམ་ཚོགས་པ་ཁག་ལ་འབོད་བསྐུལ་བྱེད་རྒྱུ་དང་། རྒྱ་གར་དབུས་གཞུང་ལ་འབོད་བསྐུལ་ཞུ་རྒྱུ་སོགས་ཀྱི་ལས་ཀ་ཤིན་ཏུ་མང་པོ་ཞིག་ད་ལྟ་བར་བྱས་ཡོད། ད་ཆ་ང་ཚོ་འཛམ་གླིང་འདིའི་སྟེང་གི་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་བྱུང་བ་འདི་ལོ་དེ་དག་རིང་ལ་མི་མང་པོ་ཞིག་དང་། ལས་ཁུངས་ཀྱི་སྒྲིག་འཛུགས་བྱ་སྤུ་གནོན་གྱི་ཐོག་ནས་ལས་ཀ་བྱས་ཏེ་བྱུང་བ་ལས། ང་མི་གཅིག་གིས་བྱས་ནས་བྱུང་བ་མིན། སྡེ་ཚན་མང་པོའི་ནང་ང་ཚོས་ཐིག་བསགས་རྒྱ་མཚོ་ཟེར་བ་ལྟར་ལོ་ནས་ལོ་བསྟུད་དེ་དཀའ་ལས་རྒྱབ་པ་དེ་དག་ལ་དོ་སྣང་མ་བྱས་པར། བོད་གཞུང་གིས་དྲང་པོ་བྱེད་ཀྱི་མི་འདུག་ཟེར་བ་དང༌། བོད་གཞུང་གིས་ཡས་བྱེད་ཀྱི་འདུག་མས་བྱེད་ཀྱི་འདུག་ཅེས་མགོ་མ་འཚོས་ཀྱི་སྐད་ཆ་ཤོད་ཀྱི་ཡོད། ྋརྒྱལ་བ་རིན་པོ་ཆེ་མ་གཏོགས་གཞན་ལྟ་ས་གང་ཡང་མི་འདུག་ཟེར་བའི་སྐད་ཆ་འདི་བདེན་པ་ཡིན་ན། སེམས་ཤུགས་ཆགས་ཀྱི་ཡོད་རུང་བྱ་ཐབས་བྲལ་བ་རེད། དངོས་ཡོད་གནས་ཚུལ་དེ་འདྲ་ནམ་ཡང་མིན། སེམས་ཤུགས་ཆགས་རྐྱེན་ལ་འགྲོ་མཁན། བདེན་པ་མེད་པའི་སྐད་ཆ་བཤད་ན་ཆོ་གང་ཡང་མི་འདུག དཔེར་ན། རྒྱ་མི་གུང་ཁྲན་ལ་ཆ་བཞག་ན། སྒྲིག་འཛུགས་ཟེར་བ་འདི་ག་ཚོད་རྩ་བ་ཆེན་པོར་རྩིས་ཀྱི་འདུག་གམ། གལ་ཆེན་པོ་གང་འདྲ་རྩིས་ཀྱི་འདུག་གམ། སྒྲིག་འཛུགས་ནི་མིའི་སྤྱི་ཚོགས་ནང་གི་ནུས་ཤུགས་བསྒྲིལ་མཁན་གལ་ཆེན་པོ་ཡིན། མགོ་མ་འཚོས་པའི་སྐབས་དེ་འདྲའི་མཐོང་ཚུལ་ཡོང་བ་དང། ལས་ཀ་གང་ལ་ཡང་སྟབས་བདེ་པོའི་འགྲེལ་བཤད་བྱེད་པ་དེ་འདྲ་མ་རེད། ང་ཚོ་འདིར་ཆེ་རུང་ཆུང་རུང་མི་ཆིག་འབུམ་གསུམ་ཁྲི་བཞི་ཁྲི་ཙམ་གྱི་ཚོགས་སྡེ་ཞིག་ཆགས་ཡོད། འཕྲལ་སེལ་བོད་མི་གཅིག་འབུམ་སུམ་ཁྲི་བཞི་ཁྲིའི་འགྲོ་སྟངས་ཤེས་པ་གཅིག་པུའི་དོན་དག་མ་ཡིན་པར། མ་འོངས་པའི་བོད་ཀྱི་སྤྱི་ཚོགས་སྐོར་ལ་བསམ་བློ་གཏོང་གི་ཡོད། གོ་རིམ་སྒྲིག་གི་ཡོད། ལས་རིགས་མང་པོ་ཞིག་གི་ནང་ལ་ལས་ཀ་བྱེད་ཀྱི་ཡོད། འོན་ཀྱང་གནས་ཚུལ་མགོ་འཚོས་པོ་བྱས་ནས་བཤད་རྒྱུ་འདི་ལྡང་གི་མེད་པའི་བཟོ་ལྟ་ངས་རྟག་པར་མཐོང་གི་འདུག ངོ་ཤེས་པ་ཁ་ཤས་ནས་འདི་འདྲ་ཟེར་མཁན་བྱུང། ཁོ་རང་ཚོའི་ཁྱིམ་ཚང་གི་ཕྲུ་གུ་ལ་ཉིན་ལྟར་བོད་བསྟན་སྲིད་ཀྱི་གནས་ཚུལ་བཤད་ཀྱི་འདུག དེའི་རྐྱེན་གྱིས་ཕྲུ་གུ་འཛིན་གྲྭ་ཐོན་ནས་འཚར་ལོངས་ཡོང་དུས་བོད་བསྟན་སྲིད་ཀྱི་དོན་དག་ལ་སེམས་ཁུར་བླང་མཁན་ཆགས་བསྡད་ཡོད་ཟེར་མཁན་ཡོང་གི་འདུག དེ་ཚོ་དངོས་གནས་ཡག་པོ་འདུག ཁྱིམ་ཚང་གི་ནང་ལ་ཚོང་གི་སྐད་ཆ་དང་། སུད་ཚོང་གི་སྐོར། ཆོ་མེད་པར་ཡས་འགྲིག་མི་འདུག་མས་འགྲིག་གི་མི་འདུག་ཟེར་བ་རྟག་པར་བཤད་མཁན། ཕྱོགས་ཚང་མའི་གནས་ཚུལ་དགེ་སྐྱོན་ཡོངས་རྫོགས་ལ་དོ་སྣང་མ་བྱས་སྟབས་གནད་དོན་མ་རྟོགས་པས་འགྲེལ་བཤད་རྒྱག་རྒྱུ་དང་། བསམ་བློ་གཏོང་རྒྱུ་མེད་པ་ཆགས་པའི་སྐྱོན་ཆེན་པོ་འདུག དུས་རྒྱུན་ནས་ང་རང་ཚོ་བོད་སྤྱི་པའི་དོན་དག་ལ་སེམས་ཁུར་བླང་རྒྱུ་དང་། དོ་སྣང་མང་ཙམ་བྱེད་རྒྱུ་འདི་ཧ་ཅང་གལ་ཆེན་པོ་འདུག ད་རེས་འདིར་ཚོགས་འདུ་ཚོགས་པ་དེའི་ཐོག་ནས་མི་རེ་ངོ་རེར་ཕན་ཐོགས་བྱུང་ཡོད་པ་ལྟར། སོ་སོས་ཕར་སླེབས་པའི་རྗེས་དེ་ཚོའི་ཐོག་ལ་སྐུལ་སློང་བྱས། འགྲེལ་བཤད་བྱེད་དགོས། ཡང་རྒྱ་ཕྱོགས་ནས་བཤད་པ་ལྟར་མི་བདེན་པ་དང་། རྫུན་མ། ཧམ་པ། འཁྱོག་བཤད་བཅས་བྱས་ན་མི་འགྲིགས། དྲང་པོ་དྲང་བཞག་ཤོད་དགོས། ང་ཚོའི་མང་གཙོ་འདི་ཡང་དག་པ་ཞིག་ཡོང་བར་ཕྱི་གསལ་ནང་གསལ་བྱེད་པ་ལས་འདི་གསང་བ་ཡིན་ཞེས་སྦས། ཕྱི་ལ་མི་འདྲ་བ་ཞིག་བཤད་དགོས་དོན་མེད། ཡང་སྐབས་རེ་དུས་མ་འཚམ་པའི་དབང་གིས་གནས་སྐབས་གསང་བ་བྱེད་དགོས་པ་དེ་འདྲ་ཡོང་བ་ནི་གནས་ཚུལ་ཐ་དད་ཡིན། དེ་མིན་ལས་ཀ་བྱེད་སྟངས་ངོ་བོའི་ཆ་ནས་ཕྱི་གསལ་ནང་གསལ་ཡོང་བ་བྱེད་དགོས། ང་རང་ཚོས་དངོས་ཡོད་གནས་ཚུལ་བདེན་པ་ར་སྤྲོད་འཕེར་བའི་འགྲེལ་བཤད་བརྒྱབ་སྟེ་མི་ལ་དོ་སྣང་གསར་པ་དང། སེམས་ཤུགས་སླེབས་ཐུབ་པ་ཞིག་བྱེད་དགོས། ད་ལྟ་ཁྱེད་རང་ཚོ་ཁ་ཤས་ཀྱི་བསམ་ཚུལ་ནང་ཚོགས་འདུ་ཡང་ཡང་འཚོགས་ཐུབ་ན་ཡག་པོ་མི་ཡོང་ངམ་ཞེས་བརྗོད་པ་ལྟར་ད་ལྟ་ང་ཚོས་བགྲོ་གླེང་བྱེད་རྒྱུ་དང་། བཤད་རེས་བྱེད་རྒྱུ་ཉུང་དྲག་གི་འདུག དེ་ལྟར་ཉུང་དྲགས་པའི་སྐབས་ལ་སྐད་ཆ་མགོ་འཚོས་ལ་མ་འཚོས་དེ་འདྲ་གོ་དུས་བསམ་བློའི་ནང་གང་འདྲ་ཡིན་ནམ་བསམ་པ་ཡོང་སྲིད། ན་ནིང་རྒྱ་མི་རྩོམ་པ་པོ་ཞིག་གིས་བོད་མིའི་སྐོར་བྲིས་པའི་རྩོམ་ཡིག་དེང་སང་ཨ་རིའི་རླུང་འཕྲིན་ཁང་ནས་རྒྱང་བསྒྲགས་གཏོང་གི་འདུག མི་དེས་བོད་པའི་སྐད་ཆ་ལ་དཀྲོག་གཏམ་ཆེན་པོ་ཡོད། སྐད་ཆ་འུར་སྒྲགས་བྱེད་རྒྱུ་བོད་པའི་གཤིས་ཀ་རེད། ངས་དཔེ་མཚོན་གཅིག་བརྗོད་ན་ཉིན་གཅིག་རྩོམ་པ་པོ་ཁོ་རང་འབྲི་ཆུའི་ཁར་སོང་སྟེ། དེའི་ཉེ་སྐོར་ཁྱིམ་ཚང་ཞིག་ནང་ཇ་འཐུང་ནས་བསྡད་པ་ཡིན། ཁྱིམ་བདག་དེས་ད་རང་སྔ་དྲོ་འབྲི་ཆུར་རྒྱ་མི་ས་ཞིབ་བྱེད་མཁན་གཅིག་གྲུའི་ནང་ཕྱིན་སོང་བ་གྲུ་བརྡབས་སྐྱོན་ཤོར་ཏེ་ཆུའི་ནང་དིམ་སོང་ཟེར་གི་འདུག གྲུའི་ནང་འགྲོ་མཁན་གྱི་རྒྱ་མི་དེ་ངས་ངོ་ཤེས་ཀྱི་ཡོད། ཁ་ས་རང་ཐུག་བྱུང་། གནས་ཚུལ་དེ་གོ་བ་དང་བསམ་བློའི་ནང་སེམས་ཁྲལ་དང་མ་སྐྱིད་པ་བྱུང་། ཇ་འཐུང་ནས་མར་ཡོང་དུས་འབྲི་ཆུའི་ཁར་རྒྱ་མི་འགའ་ཤས་བསྡད་འདུག ད་གིན་མིག་མཐོང་ལག་ཟིན་བྱུང་བ་ལྟ་བུས་ཆུ་ལ་དིམ་སོང་ཞེས་ཤི་ཚར་བའི་རྒྱ་མི་དེ་ཆུའི་ཁར་བསྡད་འདུག གྲུ་འདི་ཆུའི་ནང་ལ་ཀོ་རྡིབ་ཤོར་བ་ལྟ་བུ་བྱས་ཀྱང་ང་རང་ཐར་ཐུབ་ཙམ་བྱུང་ཟེར་གྱི་འདུག བོད་པའི་གཤིས་ཀ་དེ་འདྲ་རེད། ཅེས་རྩོམ་ཡིག་ནང་བྲིས་འདུག ང་རང་ཚོས་སྐབས་རེ་མགོ་མ་འཚོས་ཀྱི་སྐད་ཆ་ཞིག་གོ་དུས་ཁོས་ཟེར་གྱི་འདུག་ཅེས་ཁྱི་གཅིག་གིས་སྐད་བརྒྱབ་པ་དང་ཁྱི་གཞན་ཚོས་རྒྱུ་མཚན་མེད་པར་སྐད་བརྒྱབ་ནས་རྒྱུགས་པ་ལྟར་བྱས་ནས་དེའི་ཐོག་ད་དུང་ཁ་སྣོན་རྒྱག་གི་ཡོད། གལ་ཏེ་མི་གཅིག་གིས་སྐད་ཆ་ནན་པོ་བྱས་ནས་དྲིས་ན་དེ་ལྟར་མིན་ནམ་བསམ་བྱུང་ཟེར་བ་ལས་ཁུངས་སྐྱེལ་རྒྱུ་མེད་པ་ཆགས་ཀྱི་ཡོད། སོ་སོས་གནས་ཚུལ་ཆ་ཚང་རྟོགས་པ་དང་། དུས་རྒྱུན་ནས་བསམ་བློའི་ནང་ལ་གུང་བསྒྲིགས་ཏེ་ཡོད་ན། བདེན་མིན་གྱི་སྐད་ཆ་བཤད་དུས། ཁོའི་སྐད་ཆ་ལ་ཧང་སོང་འདུག་སྙམ་ནས་ཤེས་ཐུབ། ཡང་ངས་ལོ་རྒྱུས་གཅིག་བཤད་ན་སྔོན་མ་ལོ་རབས་བརྒྱད་ཅུའི་འགོ་སྟོད་བོད་ནས་གཉེན་འཕྲད་མང་པོ་ཡོང་སྐབས་སུ་བོད་ནས་གཉེན་འཕྲད་ཡོང་མཁན་མི་གཅིག་བོད་ལ་ཕར་ལོག་རྗེས་ས་གནས་ཀོང་པོའི་ནང་ལས་ཀ་བྱེད་མཁན་རྒྱ་མི་ཞིག་གིས་ཁོ་ལ་རྒྱ་གར་ནང་གནས་ཚུལ་གང་འདྲ་འདུག་ཅེས་སྐད་ཆ་དྲིས་པར། དེའི་ལན་དུ་རྒྱ་གར་ནང་ཁག་པོ་འདུག བོད་པ་ཚོ་ཤིན་ཏུ་སྐྱོ་པོ་བྱས་ནས་བསྡད་འདུག་ཅེས་བཤད་པ་དང་། ཡང་ཏཱ་ལའི་བླ་མ་གང་དུ་འདུག་ཅེས་སྐད་ཆ་དྲིས་པའི་ལན་དུ། ཏཱ་ལའི་བླ་མ་བལ་ཡུལ་ནང་ལྷམ་གོག་བཟོ་བཅོས་བརྒྱབ་ནས་བསྡད་འདུག་ཅེས་བཤད་པར། རྒྱ་མི་དེས་སྐད་ཆ་དེ་རྫུན་མ་ཡིན་པ་ཤེས་ཏེ། ཁྱོད་མར་རྒྱུགས་ཅེས་བཤད། དོན་དངོས་དེ་འདྲ་མིན་པ་རྒྱ་མི་དེས་ཤེས་ཀྱི་ཡོད་པ་རེད། ཁོའི་བསམ་བློའི་ནང་བོད་པས་སྐད་ཆ་གང་བྱུང་མང་བྱུང་བཤད་ཀྱི་འདུག་བསམ་མེད་དམ་སྙམ། གནས་ཚུལ་དེ་བདེན་པ་ཡིན་མིན་མི་ཤེས་ཀྱང་སྐབས་དེའི་ཚིག་ཐོ་གཅིག་ནང་འདུག ང་གད་མོ་ཤོར་བྱུང་། ང་ཚོ་སྐབས་རེ་གནས་ཚུལ་ཕྲན་བུ་ཞིག་གོ་བ་དང་འུར་ལངས་ཏེ་ཁྲོག་ཐེབས་ཀྱི་འདུག སོ་སོའི་ངོས་ནས་གནས་ཚུལ་ལ་ཞིབ་འཇུག་བྱས་ཏེ་ཁོག་ཏུ་ལེགས་པར་ཆུབ་ཡོད་ན། དེ་འདྲའི་གནས་ཚུལ་ཡོང་སྐབས་ཁོས་མགོ་མ་འཚོས་ཀྱི་སྐད་ཆ་བཤད་ཀྱི་འདུག་སྙམ་པ་ཞིག་ལམ་སང་དྲན་ཡོང་། གནས་ཚུལ་མགོ་འཚོས་པོ་དང་། དོ་སྣང་བྱེད་རྒྱུ་འདི་གལ་ཆེན་པོ་ཡིན།
ངས་ད་ལྟ་དབུ་མའི་ལམ་ཕྱོགས་ཐོག་འགྲོ་གི་ཡོད། དབུ་མའི་ལམ་ཟེར་དོན་ནི། དངོས་གནས་བོད་ལུང་པར་དངོས་པོ་ཡར་རྒྱས་མེད་པ་དང་། མི་ཉུང་ལ་ས་རྒྱ་ཆེན་པོ་ཡོད་པ། འགྲིམ་འགྲུལ་བདེ་པོ་མེད་པ། དེ་འདྲའི་བོད་ལུང་པ་འཛུགས་སྐྲུན་ཡག་པོ་ཞིག་བྱེད་པ་ལ་མ་རྩ་ཤིན་ཏུ་ཆེན་པོ་དགོས་པར་མ་ཟད། བཟོ་རིག་ལག་རྩལ་པའང་མང་པོ་དགོས་པ་ཡིན། བོད་རིགས་ནང་ལག་རྩལ་པ་མང་པོ་མེད། དེའི་རྩ་བ་རྒྱ་གཞུང་གིས་བོད་མིར་སློབ་སྦྱོང་དང་། གོ་སྐབས་མ་སྤྲད་པའི་དབང་གིས་བྱུང་བ་རེད། གང་ལྟར་དངོས་ཡོད་གནས་ཚུལ་ལ་ལག་རྩལ་གྱི་ཕོངས་ནས་བསྡད་ཡོད། དཔེར་ན། རྒྱ་ནག་གཞུང་གིས་བོད་རང་བཙན་སྤྲོད་ཀྱི་ཡིན། རྒྱ་མི་ཡོངས་རྫོགས་སང་ཉིན་འགྲོ་གི་ཡིན་བརྗོད་པ་ཡིན་ན། བོད་ནང་གི་ལས་རིགས་མང་པོ་ཞིག་ལས་འཚམས་ཆད་རྒྱུའི་ཉེན་ཁ་ཡོད། ང་ཚོར་དངོས་པོ་ཡར་རྒྱས་དགོས་ལ། མ་རྩ་ཡང་ཆེན་པོ་དགོས་ཀྱི་ཡོད་པ་རེད། དེ་རྣམས་རྒྱ་ནག་གཞུང་གིས་བཏང་སྟེ་དེ་དག་བྱེ་མའི་ནང་ཆུ་བླུགས་པ་ལྟ་བུ་མ་ཡིན་པར་དངོས་གནས་དོན་ཕན་ཡག་པོ་ཡོང་བ་ཞིག་བྱེད་པ་ལ་ང་ཚོས་རང་སྲིད་རང་སྐྱོང་གི་ཐོག་ནས་འཛུགས་སྐྲུན་གང་ཞིག་བྱེད་དགོས་པ་དང་། འཛུགས་སྐྲུན་ཇི་ལྟར་བྱེད་དགོས་པའི་ཐད་ང་རང་ཚོ་བོད་པ་རང་གིས་བསམ་བློ་བཏང་ནས་འཛུགས་སྐྲུན་སོ་སོ་རང་ལ་འཚམས་ཤིང་། འཕྲལ་ཕུགས་གང་ཅིར་ཕན་ཐོགས་ཡོད་པའི་འཆར་གཞི་བཀོད། འཛུགས་སྐྲུན་བྱེད་མཁན་དང་ལག་རྩལ་མི་སྣ་རྒྱ་ནག་ནས་རོགས་རམ་བླངས། དེ་ལྟར་བྱས་ཏེ་རྒྱ་ནག་རྒྱལ་ཁབ་ཆེན་པོ་དང་མཉམ་དུ་ཟླ་བསྒྲིལ་ནས་བསྡད་པ་ཡིན་ན། དངོས་པོ་ཡར་རྒྱས་འགྲོ་བའི་ཐད་ཕན་ཐོགས་ཡོང་གི་རེད་བསམ་གྱི་འདུག མི་རིགས་རང་བཙན་ཟེར་བ་འདི་སྔར་འདས་པའི་ལོ་རྒྱུས་ནང་སོ་སོའི་འཚོ་གོས་ཆ་ཚང་སོ་སོ་རང་ཉིད་ཀྱིས་བསྒྲུབས་ཏེ་སུ་ཞིག་ལ་བརྟེན་མ་དགོས་པའི་གནས་ཚུལ་དེ་འདྲ་ད་ལྟ་ཡོད་ན་རང་བཙན་ཞེས་སྐད་ཆ་འདི་འཚམས་པོ་ཡོད་ལ། ཡོང་ཡང་ཐུབ་པ་ཡིན། དེང་སང་འཛམ་གླིང་འདིའི་ཐོག་གི་རང་བཙན་རྒྱལ་ཁབ་ཆེན་པོ་ཚོའི་གྲས་ཀྱིས་ཀྱང་དཔལ་འབྱོར་གྱི་གནས་ཚུལ་ཐོག་སླེབས་དུས་གཅིག་གིས་གཅིག་ལ་ལྟོས་ཚབས་ཧ་ཅང་ཆེན་པོ་ཡོད་པ། དཔེར་ན། སྟོབས་ཆེན་རྒྱལ་ཁབ་ཨ་མི་རི་ཀའི་དཔལ་འབྱོར་ཡང་ཡུ་རོབ་ལ་བརྟེན་ནས་བསྡད་ཡོད། ཡུ་རོབ་ཀྱི་དཔལ་འབྱོར་དེ་ཡང་གོང་བཞིན་ཕན་ཚུན་གཅིག་ལ་གཅིག་བརྟེན་བྱས་ནས་བསྡད་ཡོད། དཔེར་ན། བར་སྐབས་ཨེ་ཤ་ཡའི་ནང་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་བྱུང་བ་དང་། དེ་བཞིན་ཨུ་རུ་སུའི་ནང་ལ་དཀའ་ངལ་ཆེན་པོ་བྱུང་བ་དེའི་ཤུགས་རྐྱེན་ཡུ་རོབ་ཁུལ་དང་། ཨ་མི་རི་ཀ་བཅས་པའི་ནང་དུའང་སླེབས་ཡོད། དེང་སང་འཛམ་གླིང་གི་གནས་སྟངས་འདི་འདྲ་ཞིག་ཆགས་ཡོད། གང་ལྟར་འཛམ་གླིང་ཧྲིལ་པོ་ཕན་ཚུན་གཅིག་གིས་གཅིག་ལ་འབྲེལ་བ་ཆེན་པོ་ཡོད་པ་དང་། གཅིག་གིས་གཅིག་ལ་ལྟོས་ནས་ཡོད་པའི་གནས་ཚུལ་འདིའི་འོག་ནས། སུ་ལའང་ལྟོས་མི་དགོས་པར་རང་ཉིད་ཁེར་རྐྱང་རང་དབང་གཙང་མ་ཞེས་བརྗོད་པའི་དུས་ཚོད་ཕལ་ཆེར་ཡོལ་བ་ལྟ་བུ་ཡིན། ལྷག་པར་ང་རང་ཚོ་བོད་ཡུལ་ལྟ་བུ་ལུང་པ་ཡར་རྒྱས་མེད་པ། དཀའ་ངལ་ཆེན་པོ་ཡོད་པ་ཞིག་གིས་རང་ཉིད་གཅིག་པུས་འཛུགས་སྐྲུན་བྱེད་རྒྱུ་ཧ་ཅང་ཁག་པོ་ཡིན། དེ་བཞིན་དུ་ང་རང་ཚོ་མང་གཙོ་མིང་དོན་མཚུང་པ་ཞིག་ཡོང་བ་བྱུ་རྒྱུར་སེམས་ཐག་བཅད་ཡོད་ཀྱང་། མང་གཙོ་ཡག་པོ་ཞིག་ཡོང་བ་བྱེད་པ་ལ་དཔེར་ན། ད་ལྟ་བོད་ནང་རང་དབང་གི་ཐོག་ནས་གསང་བའི་འོས་འཕེན་རྒྱུའི་གནས་ཚུལ་ཞིག་མ་བྱུང་ན། ང་རང་ཚོ་ཕྱོགས་གཅིག་ནས་འགྲིམ་འགྲུལ་གྱི་དཀའ་ངལ་གྱིས་ཕན་ཚུན་གཅིག་གི་གནས་ཚུལ་གཅིག་གིས་ཤེས་རྟོགས་ཡོང་རྒྱུ་ཁག་པོ་ཡོད། གཉིས་ནས་ཉམས་མྱོང་གི་གོམས་འདྲིས་གཏན་ནས་བྱུང་ཡོད་པ་མ་རེད། དེ་འདྲའི་གནས་ཚུལ་འོག་ནས་ཁག་པོ་རེད་བསམ་གྱི་འདུག རྒྱ་ནག་རྒྱལ་ཁབ་སྟོབས་ཆེན་དེ་དང་ང་ཚོ་མཉམ་དུ་སྐྱིད་སྡུག་ཟླ་བསྒྲིལ་ནས་བསྡད་རྒྱུ་དང་། གཙོ་ཆེ་ཤོས་རྒྱ་ནག་གཞུང་ནས་ང་ཚོར་དགོས་པའི་ཆོས་དང་རིག་གཞུང་འཛམ་གླིང་འདིའི་ཐོག་ངོམས་སུ་ཆོག་པ་ཞིག་ཡོད་པ་འདི་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་བར་བྱེད་པའི་ཐོབ་ཐང་མིང་དོན་མཚུངས་པ་ཤིང་གདེང་འཁེལ་བ་ཞིག་སྤྲད། དེ་འདྲའི་གནས་ཚུལ་གཅིག་གི་འོག་ནས་གཉིས་མོས་ཀྱི་ལམ་ལ་འགྲོ་ཐུབ་པ་ཞིག་བྱུང་ན། བོད་རང་ཉིད་ཀྱི་ཁེ་ཕན་ལ་ཕན་ཐོགས་མི་ཡོང་ངམ་བསམ་པ་དྲན་གྱི་འདུག ངའི་དབུ་མའི་ལམ་གྱི་གནས་ཚུལ་དེ་ལྟར་ཡིན། ཡང་གཞོན་ནུའི་སྒྲིག་འཛུགས་ལྟ་བུ་ལ་ཆ་བཞག་ན། རྒྱ་གར་གྱི་ཕྱི་དང་། རྒྱ་གར་ནང་བཅས་ལ་བོད་རང་བཙན་གཙང་མ་དགོས་ཞེས་ཤོད་ཀྱི་ཡོད། ཧ་ཅང་ཡག་པོ་རེད། དེ་ནི་སོ་སོའི་ཐོབ་ཐང་རྩོད་ཀྱི་ཡོད་པ་རེད། ཁ་སྔོན་གཞོན་ནུའི་ཚོགས་འདུར་བརྗོད་རྒྱུ་བྱུང་། གཞོན་ནུ་ཚོའི་ལངས་ཕྱོགས་དང་ངའི་ལངས་ཕྱོགས་གཉིས་ཐ་དད་དང་། མཐུན་གྱི་མེད། ཡིན་ནའང་དེས་བོད་པའི་ཐོབ་ཐང་ཤོད་ཀྱི་ཡོད་པ་དང་། ལོ་རྒྱུས་ཀྱི་ཐོག་ནས་ཐོབ་ཐང་འདི་ཡོད་པ་ཡིན། ང་ཚོས་ཐོབ་ཐང་རྩོད་པའི་སྐབས་སུ་རང་བཙན་ཡིན་པའི་རྒྱུ་མཚན་ཁུངས་སྐྱེལ་དགོས། རང་བཙན་ཡིན་ལུགས་ཡིན་སྟངས་བཤད་དགོས། གང་ལྟར་བོད་ལུང་པའི་བར་སྐབས་ཀྱི་གནས་སྟངས་འཛམ་གླིང་ཕྱི་ལ་འབྲེལ་བ་བྱ་རྒྱུ་ཉུང་དྲགས་པའི་རྐྱེན་གྱིས་སྤྱི་འགྲེ་སྤྱི་མཚུངས་ལྟར་བོད་རང་བཙན་ངོས་ལེན་བྱས་ནས་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་པ་བྱུང་མེད། རྒྱ་གར་དབྱིན་ཇིས་བཟུང་བའི་སྐབས་བོད་ལ་ཚོང་དོན་སྐུ་ཚབ་ཟེར་བ་ཞིག་བཙུགས་ཡོད། གང་ལྟར་ཡང་སྙིང་རང་དབང་རང་བཙན་ཡིན་པའི་ཐོབ་ཐང་ངམ། མཚན་ཉིད་ཆ་ཚང་བ་གྲིས་བཅད་པ་ལྟ་བུ་ཞིག་མི་འདུག སྔར་ཆོལ་རྒྱལ་ཚོའི་སྐབས་སུ་བོད་རྒྱ་ཐ་དད་སོ་སོར་ཡིན་པ་རྩོད་མེད་ཡོངས་གྲགས་ཡིན། དེ་སྔོན་རྒྱ་ནག་གཞུང་གི་ཡིག་ཆའི་ནང་དུས་རབས་བདུན་པའི་སྐབས་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་ཀོང་ཇོ་དང་གཉེན་སྒྲིག་བྱས་པ་ནས་བཟུང་བོད་རྒྱ་ནག་གི་ཁོངས་ཆགས་པ་རེད་ཅེས་བཤད་ཀྱི་ཡོད་ཀྱང་། དེང་སང་སྐད་ཆ་དེ་བསྐུམས་ནས་ཤོད་ཀྱི་མི་འདུག ཡང་དུས་རབས་བཅུ་གསུམ་པའི་ནང་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་བོད་རྒྱ་ཁོངས་སུ་ཚུད་པ་རེད་ཅེས་ཤོད་ཀྱི་ཡོད། དེ་ཡང་རྩོད་པ་ཅན་ཡིན་པ་གསལ་པོ་ཡིན། བར་སྐབས་མན་ཇུའི་དུས་སྐབས་སུ་བོད་དང་འབྲེལ་བ་བྱུང་ཡོད། ང་རང་ཚོ་བོད་པའི་ངོས་ནས་མན་ཇུ་དང་བོད་གཉིས་ཀྱི་འབྲེལ་བ་འདི་མཆོད་ཡོན་གྱི་འབྲེལ་བ་ཡིན་པ་ལས། དཔོན་འབངས་ཀྱི་འབྲེལ་བ་མིན་ཞེས་འགྲེལ་བཤད་རྒྱག་གི་ཡོད། བསམ་བློའི་ཐོག་ནས་མན་ཇུ་གོང་མ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་ལ་ངོས་འཛིན་གྱིས་རྩ་བ་ཆེན་པོར་བརྩིས། དེ་འདྲའི་དད་པ་བྱེད་ཡུལ་དང༌། རྩ་བ་ཆེན་པོར་བརྩི་ས་དེའི་ཤུགས་རྐྱེན་ཚུར་སླེབས་སྐབས་དེ་འདྲའི་དབང་ཡོད་ཤོད་ཀྱི་རེད་སྙམ་པ་བསམ་བློའི་ནང་འཁོར་གྱི་ཨེ་ཡོད་བསམ་པ་དྲན་གྱི་འདུག དཔེར་ན་ངས་དངོས་ཡོད་གནས་ཚུལ་ཞིག་བཤད་ན། ཚ་རོང་ཛ་སག་གིས་ང་ལ་ལོ་རྒྱུས་ཤིག་གསུངས་མྱོང༌། སྔ་མོ་སྐུ་མདུན་སྐུ་གོང་མ་དབྱིན་ཇིའི་དམག་བོད་ལ་ཡོང་བའི་སྐབས་ལ་པེ་ཅིང་དུ་ཕེབས་ཏེ་རྒྱ་ནག་གོང་མ་དང་མཇལ་འཕྲད་གནང༌ཡོད། དེ་དུས་ཚ་རོང་ཆིབས་ཞབས་ཀྱི་ཁོངས་སུ་ཡོད་ཅིང་། ཉི་མ་གཅིག་མན་ཇུ་གོང་མས་གསོལ་སྟོན་ཞིག་བཤམས་པ་དང་། གསོལ་སྟོན་གྲོལ་ནས་ཚུར་ལོག་ཕེབས་དུས་ཆིབས་ཞབས་ཁ་ཤས་ཀྱིས་ཨམ་ཕྲག་ནང་ཀྲིང་མོག་འཁྱེར་ཡོད་པ་འདི་རྒྱ་ནག་གོང་མའི་གསོལ་ལྕོག་སྟེང་གི་ཀྲིང་མོག་ཡིན་ཞེས་བྱིན་རླབས་ཀྱི་ཚུལ་དུ་སྤྲོད་ཀྱི་འདུག་ཅེས་ཚ་རོང་རང་གིས་གསུང་གི་འདུག དེ་འདྲའི་འདུ་ཤེས་ཡོད་པ་ཡིན། ྋརྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་སྐབས་མན་ཇུ་གོང་མ་རང་ཡིན་རུང་མིན་རུང༌། གོང་མའི་སྲས་ཁ་ཤས་བརྒྱ་ཆ་བརྒྱ་ནང་པ་ཡིན་ཞིང་། ྋརྒྱལ་མཆོག་བསྐལ་བཟང་ལ་རྩ་བའི་བླ་མའི་འདུ་ཤེས་བཞག་སྟེ་རྩ་བའི་བླ་མའི་སྐུ་ཚེ་མཛད་འཕྲིན་རྒྱས་ཐབས་ལ་ཁ་ཞེ་གཉིས་མེད་ཀྱི་སེམས་ཁུར་བླང་གི་ཡོད་པ་ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར་ནང་གསལ་པོ་འདུག་ལ་ཐུའུ་བཀྭན་གྱི་རྣམ་ཐར་ནང་ཡང་གསལ་པོ་འདུག དེ་ཚོ་ནི་དངོས་གནས་དད་པ་དམ་ཚིག་གི་ལ་རྒྱ་གཡོ་བ་མེད་པའི་ཐོག་ནས་མཆོད་ཡོན་གྱི་འབྲེལ་བ་ཆེན་པོ་ཡོད་པའི་གནས་ཚུལ་ཡིན། དེ་འདྲའི་གནས་ཚུལ་གྱི་འོག་ནས་ྋརྒྱལ་བ་རིན་པོ་ཆེའི་སྐུ་ཚེ་མཛད་འཕྲིན་ལ་སྐྱོན་མི་ཡོང་བ་དང༌། བརྟན་པོ་ཡོང་བ། དེ་འདྲའི་དོན་དག་ལ་ཡོན་བདག་མན་ཇུའི་གོང་མ་སྟོབས་ཆེན་གྱི་རྒྱལ་ཁབ་ཡིན་པར་བརྟེན་དམིགས་བསལ་ཁུར་བླངས་ནས་ྋརྒྱལ་བའི་ཉེ་སྐོར་གྱི་ཞབས་འབྲིང་དེ་ཚོའི་གྲས་རྒྱ་ནག་གོང་མས་མ་ཤེས་པར་གང་བྱུང་མང་བྱུང་བསྐོས་ན་འགྲིག་གི་མེད་པ་དང་། ྋརྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་དང་མཛད་འཕྲིན་ལ་རྒྱ་ནག་གོང་མས་སེམས་ཁུར་བླངས་ཏེ། གོང་མས་བྱུས་གཏོགས་བྱེད་ཀྱི་ཡོད། དཔེར་ན། སྤྱི་ཁྱབ་མཁན་པོ་དང༌། བཀའ་བློན་བསྐོ་ཡག་དེ་ཚོའི་གྲས་མང་པོ་ཞིག་གོང་མ་ལ་ཆོག་མཆན་ཞུས་ཏེ་གོང་མའི་མོས་མཐུན་འོག་བསྐོ་བཞག་བྱེད་ཀྱི་ཡོད་པ་དངོས་ཡོད་གནས་ཚུལ་ཡིནང། ཡང་ང་རང་ཚོས་རྒྱལ་རབས་ལོ་རྒྱུས་བྲིས་པ་ཁ་ཤས་ནང་རྒྱ་ནག་གོང་མས་དབང་ཆ་བཟུང་བ་དེ་ཚོའི་གྲས་མ་བཀོད་པ་དང་། ང་རང་ཚོ་དང་ཕྱོགས་མཐུན་པ་རྣམས་བཀོད་ཡོད། མི་མཐུན་པའི་ཕྱོགས་རྣམས་མ་བཀོད་པ་དེ་འདྲ་ཁ་ཤས་ཡོང་གི་ཡོད་འདུག དེ་ཚོ་ནི་ཁུངས་འཁྱོལ་ཐབས་མེད། དྲང་པོ་དྲང་བཞག་བྱེད་དགོས། དཔེར་ན། ཞྭ་སྒབ་པས་བྲིས་པའི་ལོ་རྒྱུས་ནང་མན་ཇུ་གོང་མས་ཚུར་ཤུགས་རྐྱེན་ཆེན་པོ་སླེབས་པ་དང༌། གོང་མ་ལ་ཕར་ཡི་གེ་ཕུལ་བའི་ནང་གོང་མར་བརྩི་བཀུར་ཆེན་པོ་ཡོད་པ་དེ་ཚོའི་གྲས་གསལ་པོ་མ་བཀོད་པར་བཞག་པ་དེ་ལ་བར་སྐབས་ལྷ་ས་ནས་ལན་ཞིག་བཏོན་འདུག དེ་ཚོའི་ནང་ལ་གནས་ཚུལ་ཆ་ཚང་བཀོད་འདུག དེ་རྗེས་ཞྭ་སྒབ་པ་དང་བཀའ་མོལ་བྱུང༌། རྩིས་དཔོན་ཞྭ་སྒབ་པ་གཤེགས་འགྲོ་མཁན་དེ་དངོས་གནས་ལྷག་བསམ་ཅན་རེད། ངས་ཞྭ་སྒབ་པར་ྋརྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ནང་ཡོད་པ་རྣམས་བཀོད་ན་ཡག་པོ་འདུག་ཅེས་བརྗོད་པ་ཡིན་ཁོང་ནས་རྣམ་ཐར་ཆ་ཚང་བཀོད་ན་དེ་ཚོའི་ནང་རྒྱ་ནག་གོང་མ་དང་འབྲེལ་བ་གནང་བ་དེ་ཚོའི་གྲས་ཤུགས་ཆེན་པོ་འཁོད་ཡོད་པས་ཡག་པོ་ཨེ་ཡོང་བརྗོད་ཀྱི་འདུག དེ་དུས་ངས་གསལ་པོ་བརྗོད་པ་ཡིན། རྣམ་ཐར་གྱི་དཔར་གཞི་ངོ་མ་བོད་ལ་ཡོད་པས་རྒྱ་གཞུང་གི་ལག་པར་སླེབས་ཚར་བ་ཡོད། འདི་ཕྱོགས་ང་ཚོས་རྒྱས་བསྡུས་བཟོ་གིན་བསྡད་ན་དགོས་པ་ཨེ་ཡོད་ཅེས་བརྗོད་པ་ཡིན། དངོས་ཡོད་གནས་ཚུལ་ཇི་ལྟར་བྱུང་བ་བཤད་རྒྱུ་ལས། དངོས་ཡོད་གནས་ཚུལ་བཀབ་ནས་ཁུངས་འཁྱོལ་ཐབས་མེད། ཡིན་ནའང་དེ་རྣམས་ཡོང་སྟངས་སྐོར་ལ་ང་ཚོས་འགྲེལ་བཤད་རྒྱག་རྒྱུ་ཡོད། ང་རང་ཚོའི་ངོས་ནས་མཆོད་ཡོན་སྦྱིན་བདག་གི་དད་པ་དམ་ཚིག་གི་ལ་རྒྱའི་འབྲེལ་བ་བཤད་ཡོད་ཀྱང་། འཛམ་གླིང་ནུབ་ཕྱོགས་པས་རང་བཙན་ཡིན་མིན་ཟེར་བ་ལས། ང་ཚོའི་འབྲེལ་བ་དེ་ཁོང་ཚོས་བརྩི་གི་མ་རེད་ལ་དེའི་དོན་ཡང་ཤེས་ཀྱི་མ་རེད། དབྱིན་ཇི་དང༌། ཕ་རན་སིའི་མིང་ཚིག་ནང་མཆོད་ཡོན་སྦྱིན་བདག་གི་འབྲེལ་བ་ཞེས་པའི་ཚིག་འདི་ཕལ་ཆེར་ཡོད་ཀྱི་མ་རེད། དབྱིན་ཇིའི་མིང་ཚིག་ནང་སུ་ཛ་རན་ཀྲི་དང༌། སོབ་རན་ཀྲི་ ༼Suzerianty and Soverianty༽ ཟེར་བ་ཞིག་འདུག དེ་ནི་ཁོ་རང་ཚོ་ནུབ་ཕྱོགས་རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་བའི་ཐོག་བེད་སྤྱོད་བྱེད་པའི་མིང་ཚིག་གཅིག་ཡིན། སུ་ཛ་རན་ཀྲི་ཟེར་བ་འདི་བོད་རྒྱ་འབྲེལ་བའི་ཐོག་ལ་བེད་སྤྱོད་བྱས་ན་མཆོད་ཡོན་གྱི་འབྲེལ་བར་གོ་གི་ཡོད་མེད་ཞིབ་འཇུག་གམ་ཉམས་ཞིབ་བྱེད་དགོས་ཤིང་། དེ་ནི་ཁྲིམས་ལུགས་ཀྱི་མཁས་པ་དང༌། ལོ་རྒྱུས་སྨྲ་བ་རྣམས་ཀྱི་ལས་འགན་ཡིན་པ་ལས་ང་རང་ཚོས་ལམ་སང་ལས་སླ་པོར་བཤད་ཐུབ་རྒྱུ་ཁག་པོ་ཡིན། ང་རང་གི་བསམ་ཚུལ་ལ། ང་རང་ཚོ་རིགས་གཅིག་གིས་བོད་རང་བཙན་རྩོད་ཀྱི་ཡོད། རྩོད་པའི་ཐོབ་ཐང་ཡོད་ཅིང་། འོས་པ་ཡིན། ཡིན་ནའང་རྩོད་པར་རྩོད་སྟངས་ཡོད། གྲི་མེ་མདའ་འཁྱེར་ནས་རྩོད་པ་བྱས་པ་མ་ཡིན་པར། བདེན་པ་བདེན་ཐུབ་ཀྱི་ཁུངས་ལུང་བགྲངས་ནས་རྩོད་དགོས། དེས་ན་གནས་ཚུལ་ཆ་ཚང་རྟོགས་ཐུབ་པ་དགོས། སྤྱིར་བཏང་བོད་རྒྱ་གཉིས་ཀྱི་འབྲེལ་བ་ནི་རྙོག་འཛིངས་ཆེན་པོ་ཡོད་པའི་འབྲེལ་བ་ཞིག་ཡིན་སྟབས། དེ་དག་ལ་ཞིབ་འཇུག་དང་དོ་སྣང་ཡག་པོ་བྱས་ཏེ། གནས་ཚུལ་ཤེས་པའི་ཐོག་ནས་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཡིན། བོད་རང་བཙན་གྱི་སྐོར་ལ་སྔོན་མ་ནས་ངས་འདི་འདྲ་བཤད་ཀྱི་ཡོད། རྒྱ་ནག་གཞུང་གིས་ང་ལ་བོད་རྒྱ་ནག་གི་ཆ་ཤས་རེད་ཅེས་བརྗོད་དགོས་ཞེས་བསམ་འཆར་ཤོད་ཀྱི་འདུག ངས་དེ་ལྟར་བཤད་རྒྱུ་ཁག་པོ་ཡིན། དེ་ནི་ལོ་རྒྱུས་ཀྱི་གནས་ཚུལ་ཡིན། ལོ་རྒྱུས་ནི་བྱུང་ཟིན་པ་ཞིག་ཡིན་པས་དེང་སང་གི་ཆབ་སྲིད་ཀྱི་དགོས་མཁོར་བསྟུན་ནས་ལོ་རྒྱུས་ལ་བསྒྱུར་བཅོས་གཏོང་མི་ཐུབ། འདས་པ་ནི་འདས་པ་རང་རེད། ཡག་པོ་ཡིན་ན་ཡང་བྱུང་ཚར་བ་དང་། སྡུག་པོ་ཡིན་ན་ཡང་བྱུང་ཚར་བ་ཡིན་པས། དེ་ལ་བཅོས་བསྒྱུར་བྱེད་ཐབས་མེད། འདས་པའི་བོད་རྒྱ་གཉིས་ཀྱི་ལོ་རྒྱུས་འབྲེལ་བའི་སྐོར་གྱི་ལོ་རྒྱུས་སྨྲ་བའི་མཁས་ཆེན་ཚོ་དང༌། ཁྲིམས་ཀྱི་མཁས་པ་ཚོས་ཐག་གཅོད་བྱེད་རྒྱུ་ཞིག་ཡིན་པ་ལས། དེ་ནི་ཆབ་སྲིད་ཀྱིས་ཐག་གཅོད་བྱེད་རྒྱུ་ཞིག་མ་རེད་ཅེས་ངས་བརྗོད་ཀྱི་ཡོད། ད་ལྟའི་སྐབས་སུ་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པ་སོགས་ལ་བསྙད་དེ་བར་སྐབས་བོད་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེའི་ཆ་ཤས་ཡིན་ཞེས་བཤད་ཀྱི་ཡོད། མ་འོངས་པར་གཉིས་ཕན་དང་གཉིས་མོས་ཀྱི་ཐབས་ལམ་ཡག་པོ་ཞིག་བྱུང་ན། ང་ཚོ་བོད་པ་རྣམས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནང་ཁེ་ཕན་ཡོད་པའི་ཐོག་ནས་མཉམ་དུ་སྡོད་རྒྱུར་འདོད་པ་ཡོད། ང་ཚོར་དམིགས་བསལ་ཁེ་ཕན་འདོད་པ་ཞིག་ཁེངས་བྱུང་ན་ང་ཚོ་ལོགས་སུ་ཐོན་དགོས་དོན་མེད་ཅེས་ཤོད་ཀྱི་ཡོད་ལ་ངའི་ལངས་ཕྱོགས་ཀྱང་འདི་ཡིན། སྐད་ཆ་འདི་ཕྱི་ནང་སུ་ལ་ཤོད་དགོས་བྱུང་རུང་ལྷག་བསམ་རྣམ་དག་གི་ཐོག་ནས་ཕྱི་གསལ་ནང་གསལ་བྱས་ཏེ་ཤོད་ཀྱི་ཡོད། རིགས་ཁ་ཤས་ལ་བསམ་ཚུལ་མི་འདྲ་བ་ཡོང་རྒྱུ་ཡང་དེ་ནི་ཐོབ་ཐང་རྩོད་པ་ཡིན་པས་ཡག་པོ་རེད། ཡིན་ནའང་གནས་ཚུལ་རྣམས་མགོ་འཚོས་པ་བྱེད་རྒྱུ་གལ་ཆེན་པོ་ཡིན། རྒྱ་མི་ཝང་ལི་ཞུང་གིས་བྲིས་པའི་རྩོམ་ཡིག་དེ་ཚོའི་ནང་སྐད་ཆ་རྒྱུ་མཚན་ལྡན་པ་མང་པོ་འདུག རྒྱ་ནག་གཞུང་གིས་བོད་ཀྱི་བདག་དབང་རྒྱ་ནག་ལ་ཡོད་ཟེར་གྱི་ཡོད་པ་རེད། བདག་དབང་ཞེས་པའི་མིང་ཚིག་འདི་ནུབ་ཕྱོགས་པའི་ལྟ་བ་ནས་སླེབས་པ་ཞིག་ཡིན་པ་ལས། སྔར་ཨེ་ཤི་ཡའི་ནང་བདག་དབང་གི་སྐད་ཆ་འདི་མེད། ལྷག་པར་བོད་རྒྱ་གཉིས་ཀྱི་འབྲེལ་བ་ནི་བདག་དབང་གི་སྐད་ཆ་མིན་ཞིང་། དེ་ནི་མཆོད་ཡོན་གྱི་སྐད་ཆ་རེད་ཅེས་བཤད་འདུག དེ་ནི་དངོས་གནས་བདེན་པའི་གནས་ཚུལ་གཞི་ནས་གསལ་ཡོང་གི་ཡོད་པའི་རྟགས་རེད།
དེ་ནས་རྒྱ་ནག་གཞུང་དང་འབྲེལ་བའི་གནས་སྟངས་ཐད་ཕལ་ཆེར་ཕྱི་ལོ་ ༡༩༩༣ ཟླ་ ༨ པའི་ནང་བཀའ་ཤག་གི་མི་གཅིག་གཉིས་ཤིག་ལྡི་ལིར་རྒྱ་ནག་གཞུང་ཚབ་པ་ཐུག་འཕྲད་དུ་ཕྱིན་ཏེ་ཏཱ་ལའི་བླ་མས་དུས་ད་ལྟ་བར་ཡོངས་གྲགས་གསུང་བཤད་གནང་བ་ཚང་མ་འཁྱེར་ནས། ཡིག་ཆ་འདི་རྣམས་ྋརྒྱལ་བ་རིན་པོ་ཆེས་གཞུང་འབྲེལ་གྱི་གསུང་བཤད་གནང་བ་ཡིན་པས་འདི་དག་ཀྱི་ནང་རང་བཙན་དགོས་ལུགས་གསུངས་ཡོད་མེད་གཟིགས་རོགས་ཞེས་གཞུང་ཚབ་པར་སྤྲད་ཡོད། དེ་རྗེས་ནས་བཟུང་གཞུང་འབྲེལ་གྱི་འབྲེལ་བ་བྱེད་མཚམས་ཆད་པ་རེད། ཡིན་ན་ཡང་སྒེར་པ་དང༌། རྒྱལ་སྤྱིའི་ཚོགས་པ་དེ་འདྲ་བརྒྱུད་ནས་འབྲེལ་བ་བྱེད་མཁན་གཅིག་གཉིས་ཤིག་བྱུང་ཡོད། སྒེར་པ་ཚོང་པ་དེ་འདྲ་བརྒྱུད་ནས་ཀྱང་འབྲེལ་བ་བྱུང་ཡོད། དེ་ལྟར་འབྲེལ་བ་བྱེད་སྐབས་རྒྱ་ནག་གཞུང་གི་རྣམ་འགྱུར་སྟོན་སྟངས་ལ་གཞིགས་ན་བོད་དོན་འདི་དཀའ་རྙོག་ཅིག་ཡིན་པ་དང༌། དཀའ་རྙོག་འདི་སེལ་དགོས་པ་ཞིག་ཡིན་པ། དེ་སེལ་ཐབས་ལ་རྒྱ་ནག་གཞུང་གིས་དོ་སྣང་བྱེད་ཀྱི་ཡོད་པ་བཅས་ཀྱི་རྣམ་འགྱུར་ཕྲན་བུ་ཐོན་ཡོང་གི་འདུག ཡིན་ནའང་ད་ལྟ་ལམ་སང་ཐག་གཅོད་ཀྱི་འགྱུར་བ་ཞིག་ཡོང་གི་རེད་ཅེས་བརྗོད་རྒྱུ་ཁག་པོ་འདུག བོད་ནང་ལ་གནས་ཚུལ་ཛ་དྲག་ཡོད་པ་མདང་དགོང་རང་ངས་ལྷ་སའི་བརྙན་འཕྲིན་ནང་མཐོང་སོང༌། ད་ལྟ་རྒྱ་མིའི་དཔོན་པོ་གསར་པ་གཅིག་སླེབས་འདུག འདིས་གསར་འགོད་ལྷན་ཚོགས་ལ་སྐད་ཆ་བཤད་ཀྱི་འདུག ཏཱ་ལའི་བླ་མས་ཁ་བྲལ་དང་ལོག་སྤྱོད་ཀྱི་བྱེད་སྒོ་སྤེལ་ལུགས་དང༌། ཏཱ་ལའི་བླ་མས་བོད་མི་མང་ལ་ཕན་པ་སྣེ་གཅིག་བྱས་མེད་ལུགས། ཆོས་ཀྱི་མིང་འཁྱེར་ནས་བྱ་བ་སྡུག་ཅག་བྱེད་ཀྱི་ཡོད་པ་རེད་ཟེར་བ་སོགས་ཧ་ཅང་ནན་པོ་བཤད་སོང༌། དེ་ལྟར་བོད་ས་གནས་སུ་ལས་ཀ་བྱེད་མཁན་རྒྱ་དཔོན་ཚོས་ཧ་ཅང་ནན་པོ་བྱེད་ཀྱི་འདུག ས་གནས་སུ་ལས་ཀ་བྱེད་མཁན་ཚོས་འཕྲལ་སེལ་ནན་པོ་བྱས་ནས་ལྷིང་འཇགས་པོ་བྱུང་བ་ཡིན་ན། དེ་དག་གྲུབ་འབྲས་གཙོ་བོར་རྩིས་པ་ལས། སྲིད་བྱུས་གདུག་རྩུབ་ཆེན་པོས་དྲག་གནོན་བྱས་པ་ལ་འཛམ་གླིང་སྤྱི་ཡོངས་ཀྱི་མཐོང་ཚུལ་གང་འདྲ་ཡོད་མེད་དང༌། མཐོང་ཚུལ་དེས་རྐྱེན་པས་རྒྱ་ནག་རྒྱལ་ཁབ་སྤྱི་ཡོངས་ལ་མ་འོངས་པར་ཕན་གནོད་ག་རེ་ཡོང་གི་ཡོད་མེད་བཅས་ལ་བསམ་བློ་གཏོང་གི་མེད། ས་གནས་ས་ཐོག་ལ་ལྷིང་འཇགས་པོ་དང༌། རྒྱ་ནག་དབུས་གཞུང་ལ་ངོ་རྒོལ་རྔམ་སྟོན་གྱི་ཁྲོམ་སྐོར་བྱེད་མཁན་བོད་མི་གཅིག་ཀྱང་མེད་ཅེས་བརྗོད་རྒྱུ་བྱུང་ན་བསམ་སྟེ་འབད་བརྩོན་བྱེད་ཀྱི་ཡོད། དེ་ནི་ཁོ་རང་ཚོ་བློ་རྒྱ་ཆུང་དྲགས་པས་ཡིན། པེ་ཅིང་དབུས་གཞུང་གི་འགན་འཁུར་མཁན་རྣམས་ལ་བོད་ནང་བརྟན་ལྷིང་ཡོད་པ་དང༌། ཆབས་ཅིག་འཛམ་གླིང་སྤྱི་ཡོངས་ནས་རྒྱ་ནག་གཞུང་ལ་མཐོང་ཚུལ་སྡུག་པོ་མི་ཡོང་བ་ཞིག་དང་། དེ་འདྲའི་ཐོག་ནས་རྒྱ་ནག་རྒྱལ་ཁབ་ལ་རིམ་པས་འཛམ་གླིང་འདིའི་ཐོག་མཐོང་དང་ཆ་འཇོག་ཡོང་བ་ཞུ་དགོས་ཀྱི་ཡོད། ད་ལྟ་དཔལ་འབྱོར་དང༌། དམག་དོན་གྱི་ནུས་པའི་ཐོག་ནས་མཐོང་དང་ཆ་འཇོག་སླེབས་པ་ལས་རྒྱ་ནག་རྒྱལ་ཁབ་དྲང་པོ་དང༌། ཡག་པོ་ཡིན་པའི་ཐོག་ནས་མཐོང་དང་ཆ་འཇོག་བྱེད་མཁན་མེད། དེས་ན་རྒྱ་ནག་རྒྱལ་ཁབ་ཀྱི་ཕུགས་རྒྱང་རིང་པོའི་དོན་ལ་བསམ་བློ་གཏོང་དགོས་པ་ཡིན། ལྷག་པར་དེང་སང་གུང་ཁྲན་ཏང་གི་གཅིག་སྡུད་ལམ་ལུགས་ཁུངས་འཁྱོལ་ཐབས་མེད་པར་བརྟེན་རང་བཞིན་མི་མང་གི་དགའ་མོས་ཡོད་པའི་ཐོག་ནས་འཚོ་ཐུབ་པའི་བསམ་བློ་མ་བཏང་ཐབས་མེད་ཆགས་ཡོང་གི་ཡོད། གནས་སྟངས་འདི་འདྲའི་འོག་རྒྱ་ནག་དབུས་གཞུང་གིས་བོད་ས་གནས་ཀྱི་གནས་ཚུལ་གདུག་རྩུབ་ཆེན་པོ་ཡོད་པ་འདི་ལ་བསམ་བློ་གཏན་ནས་གཏོང་གི་ཡོད་པ་མ་རེད་ཅེས་བརྗོད་རྒྱུ་ཨེ་ཡོད་སྙམ། རྒྱ་ནག་དབུས་གཞུང་གི་བསམ་བློ་གཏོང་སྟངས་ལ་འགྱུར་བ་མི་འདྲ་བ་ཡོང་མི་སྲིད་པ་མིན། ཡིན་ནའང་ལམ་སང་འགྱུར་བ་འགྲོ་རྒྱུ་ཁག་པོ་ཡིན། གལ་ཆེ་ཤོས་རྒྱ་ནག་སྤྱི་ཡོངས་ཀྱི་གནས་ཚུལ་ལ་བལྟས་ན་གོང་དུ་བརྗོད་པ་བཞིན་རྒྱ་ནག་གི་རྩོམ་པ་པོ་དེ་འདྲ་ནས་བོད་ཀྱི་གནས་ཚུལ་སྐོར་རྩོམ་ཡིག་བྲིས་པའི་དཔེ་དེབ་དེ་འདྲ་དེང་སང་ཐོན་ཡོང་གི་ཡོད། ལོ་བཅུ་གྲངས་གོང་ལ་དཔེ་དེབ་དེ་འདྲ་ཐོན་ཐུབ་ཐབས་རྩ་བ་ནས་མེད། ངས་ཚགས་པར་གཅིག་མཐོང་བའི་རྩོམ་ཡིག་ཁ་ཤས་ནང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་པའི་གནས་ཚུལ་འདུག དེ་ཚོའི་གྲས་ལོ་གཅིག་གཉིས་ཀྱི་གོང་ལ་ཡིན་ན་དཔར་འདེབས་བྱེད་ནུས་མཁན་མེད། དེ་ལྟར་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་གི་འདུག བོད་ཀྱི་དཀའ་ངལ་འདི་རྒྱ་ནག་ནས་བྱུང་བ་ཡིན་སྟབས་རྒྱ་ནག་ནང་གི་འགྱུར་བ་དེ་བོད་ཀྱི་འགྱུར་བ་དང་འབྲེལ་བ་ཆེན་པོ་ཡོད། ང་རང་ཚོ་བོད་ཀྱི་དཀའ་ངལ་འདི་བོད་པ་ནང་ཁུལ་འཁྲུག་པ་བརྒྱབ་ནས་བྱུང་བ་ཞིག་ཡིན་ན། རྒྱ་ནག་ནང་གི་འགྱུར་བ་དེ་བོད་ཀྱི་འགྱུར་བ་ལ་འབྲེལ་བ་གང་ཡང་མེད། འོན་ཀྱང་ད་ལྟ་ང་ཚོའི་དཀའ་ངལ་འདི་རྒྱ་ནག་ནས་བྱུང་བའི་དཀའ་ངལ་ཞིག་ཡིན་པར་བརྟེན་རྒྱ་ནག་ནང་གི་འགྱུར་བ་དེ་ང་ཚོ་བོད་དང་འབྲེལ་བ་ཡོད་པ་གསལ་པོ་ཡིན། ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་བསམ་བློ་བཏང་ན། འགྱུར་བ་འགྲོ་བཞིན་ཡོད་པ་དང༌། འགྱུར་བ་དེ་ཡང་བཟང་ཕྱོགས་སུ་འགྲོ་གི་ཡོད། དེ་ལུགས་ང་ཚོས་རིག་པ་བསྒྲིམས་ནས་འབད་བརྩོན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོ་བཙན་བྱོལ་བ་ཆགས་ནས་ཕལ་ཆེར་ལོ་བཞི་བཅུར་ཉེ་བ་འགྲོ་གི་ཡོད། དེའི་གོང་དུ་རྒྱ་དཔོན་ཚོ་དང་མཉམ་དུ་ལོ་དགུ་ཙམ་གཤིབས་ནས་བསྡད་པ་ཡིན། ང་ཚོའི་དུས་ཚོད་ཁག་ཤོས་དང༌། དཀའ་ངལ་ཆེ་ཤོས་རྣམས་དུས་ཡུན་དེའི་རིང་ཡིན་པ་དང་། ད་ཆ་ང་ཚོའི་བདེན་མཐའ་གསལ་ལ་ཉེ་ཞིང་། རེ་བ་ལོ་རེ་ནས་ལོ་རེ་ཆེ་རུ་འགྲོ་བའི་དུས་ལ་སླེབས་ཡོད་པས་ཚང་མས་ད་བར་ཧུར་ཐག་བྱས་པ་ལྟར། ད་དུང་ཡང་རིག་པ་བསྒྲིམ་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཞེས་བཀའ་སྩལ།། ༎