༄༅། །རྒྱ་གར་པན་ཇབ་དྷ་རམ་ས་ལའི་བཞུགས་སྒར་དུ་སློབ་གྲྭ་ཁག་གི་ལས་དོན་ཡར་རྒྱས་གཏོང་ཕྱོགས་ཀྱིས་མཚོན་བོད་སྤྱིའི་ཤེས་རིག་སྐོར་དམིགས་བསལ་ཚོགས་འདུ་ཐེངས་དང་པོ་སྐྱོང་སྐབས་སྩལ་བའི་བཀའ་སློབ།
(བོད་ཟླ་༡༢ ཚེས་༡༥ ཕྱི་ལོ་༡༩༦༤ ཟླ་༡ ཚེས་༢༨ ཉིན།)
གོ་སྐབས་མ་བྱུང་བ་མ་གཏོགས་བོད་མིས་ཅི་ཡང་བྱེད་ཐུབ་པ་དང་གང་ཡང་འཇོན་པའི་ར་འཕྲོད་ཡོད།
(གསུང་མོལ་གནང་བའི་སྙིང་དོན་རོབ་བསྡུས་ཟིན་ཐོར་བཀོད་པ་ལྟར)
དེ་རིང་ང་ཚོ་འདི་གར་མིའི་འཚོ་བའི་ནང་གི་རྩ་གནད་ཆེ་ཤོས་ཤེས་རིག་སྐོར་ཚོགས་འདུ་འཚོགས་གནང་བ་འདི་ནས་དགེ་མཚན་ཆེན་པོ་ཞིག་ཡོང་ཐུབ་རྒྱུར། ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ངེད་ཚོ་བོད་ཟེར་བ་འདི་ལ་འཛམ་གླིང་འདིའི་སྟེང་དེ་སྔ་ལོ་སྟོང་ཕྲག་ལྷག་གི་གོང་ནས་ཆོས་སྲིད་གཉིས་ཐོག་ནས་ལོ་རྒྱུས་གཟི་བརྗིད་དང་ལྡན་པ་བྱུང་ཡོད།
དེ་ཡང་མི་རིགས་གཞན་དག་ཁོ་ན་ལ་བརྟེན་མ་དགོས་པར་བོད་མི་རང་གི་ནུས་པས་རང་ཉིད་འཚོ་ཐུབ་པའི་མི་རིགས་ཤིག་ཡིན། རྒྱལ་རབས་ནང་བྱུང་བའི་ལོ་རྒྱུས་རྣམས་འདས་ཟིན་ཡང༌། དེས་བོད་མིས་དཀའ་ལས་བརྒྱབ་ན་མ་འོངས་པར་ཡང་གྲུབ་འབྲས་རླབས་ཆེན་ཐོན་ཐུབ་རྒྱུར་ཚོད་དཔག་བྱེད་ཐུབ་པ་མ་ཟད། གོ་སྐབས་མ་བྱུང་བ་མ་གཏོགས་བོད་མིས་གང་ཡང་བྱེད་ཐུབ་པ་དང༌། གང་ཡང་འཇོན་ཐུབ་པར་ར་འཕྲོད་ཡོད། ཡིན་ན་ཡང་རྐྱེན་ངན་ཐབས་སྡུག་གི་གནས་ཚུལ་འཛམ་གླིང་འདིའི་ནང་མཐའ་དབུས་གང་སར་ཡོང་དང་ཡོང་བཞིན་པ་ལྟར། ངེད་རང་ཚོ་བོད་སྤྱི་མཐུན་བསོད་ནམས་དམན་པའི་ངན་འབྲས་ཐབས་སྡུག་ཅིག་བར་སྐབས་རང་རེའི་ཐོག་ཏུ་བྱུང་སྟེ། ང་ཚོ་མི་འདོད་བཞིན་དུ་ཡུལ་གྱར་ཏེ་སྡོད་དགོས་པའི་གནས་ཚུལ་འདི་ལྟར་བྱུང༌།
ང་ཚོ་རང་ཉིད་ཀྱིས་འགལ་ཉེས་བྱས་ཏེ་མིའི་ལུང་པར་གྱར་བ་ཡིན་ན་རང་གིས་ལན་པ་ཡིན་ཀྱང༌། དེ་འདྲ་མིན། དུས་རབས་འདིར་བོད་ཡུལ་ཕྱུག་པོ་མིན་ཞིང༌། དཔུང་སྟོབས་མེད་མོད། འོན་ཀྱང་ཚང་མས་འཛམ་གླིང་ཞི་བདེ་དང༌། ཞི་བདེ་ཟེར་བ་དེ་དངོས་སུ་ལག་ལེན་བསྟར་ཏེ་ཁྱིམ་མཚེས་སུ་ལ་ཡང་འཚེ་བ་མ་བྱས་པར་ངོ་ཐོག་རང་གཉོམ་ཆུང་དུ་སྡོད་མཁན་ཞིག་ཡིན་པ་ལ་ཐོབ་ཐང་དང༌། བདག་དབང་རྩ་བ་ནས་མེད་པའི་གདུག་རྩུབ་ཅན་གྱི་ཕྱི་རྒྱལ་དབང་ཤུགས་བཙན་འཛུལ་གྱིས་ངན་བཟུང་བྱས་པ་འདི་ནི་སྙིང་ཁོང་རུས་པའི་གཏིང་ནས་བློ་ཕམ་སྐྱེ་བའི་ཐབས་སྡུག་གི་གནས་ཚུལ་ཞིག་རེད།
ང་རང་ཚོ་གཞན་ཡུལ་རང་དབང་ཡོད་སར་གནས་ན་ཡང༌། བོད་ཡུལ་དུ་མནར་གཅོད་མྱོང་བཞིན་པའི་རྒྱ་ཆེའི་མི་དམངས་རྣམས་ཀྱི་གནས་ཚུལ་ལ་བལྟས་ན་ཤིན་ཏུ་སྐྱོ་པོ་དང་ཁག་པོ་རེད། རང་རེར་རྣམ་ཀུན་རྐྱེན་ངན་ཕྲན་བུ་བྱུང་དུས་དམྱལ་བ་མི་ཡུལ་དུ་མྱོང་བ་ནང་བཞིན་གྱི་ཁག་པོ་བྱུང་ཞེས་བརྗོད་ཀྱི་ཡོད་པ་དེ་དེང་སང་རང་རེའི་ཕ་ཡུལ་ནང་ཡོད་པའི་སྤུན་ཟླ་མི་རིགས་རྣམས་ནས་དངོས་སུ་མྱོང་བཞིན་པ་རེད། ནམ་རྒྱུན་དམྱལ་བ་གསོན་མྱོང་ཟེར་བ་སྙན་ངག་གི་རབ་བཏགས་ལྟ་བུ་དེ། དེང་སྐབས་ང་ཚོའི་མི་རིགས་འདིས་མངོན་སུམ་ལྟར་མྱོང་བཞིན་ཡོད་ན་ཡང༌། བོད་མི་རིགས་ཀྱི་གཅེས་ཞེན་སེམས་ཤུགས་ནི་ལྷག་པར་ཤུགས་ཆེར་གྱུར་ཏེ་གནས་འདུག
རྒྱ་རིགས་ཆེན་པོ་རིང་ལུགས་ཀྱི་མཇུག་འབྲས།
༦༣ ལོའི་གནས་ཚུལ་འགྱུར་བ་གསར་ཤོས་ཤིག་ལ། བར་ལམ་རྒྱ་ནག་ཏུ་བོད་རིགས་གཞོན་ནུ་ཕོ་མོ་མང་པོ་སློབ་སྦྱོང་དུ་བསྐྱོད་པའི་ཁོངས་༥༩ ལོའི་སྔོན་རྗེས་ནས་ལས་བྱེད་ནང་ཚུད་ཡོད་པ་མང་པོ་རྫོགས། ལོ་འདིའི་ནང་ལས་བྱེད་གྲས་ནས་འཐེན་ཏེ་ཚབ་གསར་རྒྱ་རིགས་ཁེ་གཙང་བཅུག་པའི་གནས་ཚུལ་བྱུང་འདུག འདི་ནི་ཧ་ཅང་འགྱུར་བ་ཆེན་པོ་ཞིག་རེད། དེ་ལ་དོན་གཉིས་ཡོད་པ་ལས།
གཅིག་ལ། ང་ཚོའི་མི་རིགས་འགའ་ཞིག་ལེགས་ཉེས་འབྱེད་པའི་བློའི་མཐུ་ཆུང་བའི་སྐབས་རང་རེའི་སྤྱི་ཚོགས་རྙིང་པའམ་གནའ་རབས་ཀྱི་གནས་ཚུལ་ནང་བཟང་ངན་དབྱེ་འབྱེད་མེད་པར་ཚང་མ་ངན་མཉམ་དུ་བརྩིས་ཏེ་མི་འདོད་པ་སྐྱེས་པ་དང༌། གསར་བརྗེར་མོས་པོ་བྱེད་མཁན། ཆོས་ལ་མི་འདོད་པ་བཅས་བྱུང་ཡང༌། སོ་སོའི་མི་རིགས་ཀྱི་ལ་ཞེན་ཤུགས་ཆེན་པོ་ཡོད།
ངས་འདིར་འདས་ཟིན་པའི་དཔེ་ཞིག་བརྗོད་ན། འབའ་པ་ཕུན་དབང་གསར་བརྗེར་དགའ་མོས་ཆེ་ལ་ཆོས་དད་མེད་ཀྱང། མི་རིགས་ཀྱི་ལ་ཞེན་ཧ་ཅང་ཆེན་པོ་ཡོད། དེ་གོང་ཀྲུང་དབྱང་གི་སྲིད་བྱུས་ལ་མི་རིགས་ཆུང་ཁག་ལ་དམིགས་བསལ་གྱི་ལྟ་རྟོག་ཆེན་པོ་ཡོད་ལུགས་ཟེར་ཡང༌། མི་རིགས་ཀྱི་ཁྱད་ཆོས་ལྡན་པ་ཞིག་དངོས་སུ་ལག་ལེན་བྱས་ན་མི་རིགས་གུ་དོག་རིང་ལུགས་ཞེས་སྐྱོན་བརྗོད་བྱེད་པ་དཔེར་ན། ༡༩༥༧ ནས་༥༨ ལོའི་ནང་རྒྱ་ནག་ཏུ་སློབ་གྲྭ་ཁག་སོགས་ནང་མི་རིགས་གུ་དོག་རིང་ལུགས་འདུག་ཅེས་མང་པོ་ཞིག་ལ་ཉེས་སྐྱོན་བྱུང་བའི་གྲས་ལ་འབའ་པ་ཕུན་དབང་གུང་ཁྲན་སྤུས་གཙང་ཡིན་པ་དེ་ཡང་མི་རིགས་ཀྱི་བསམ་བློའི་ནོར་འཁྲུལ་དུ་བསྙད་ནས་ཕམ་ཉེས་བྱུང་སོང༌། དེ་བཞིན་བོད་མི་མང་པོ་ལྟ་སྤྱོད་གསར་པར་མོས་ཀྱང་རང་རིགས་ལ་གཅེས་ཞེན་ཆེ་སྟབས་རྒྱ་མི་ཁེ་གཙང་གི་བསམ་པར་མི་མཐུན་པར་གྱུར། གུང་ཁྲན་རིང་ལུགས་ལ་ཤ་ཞེན་ཡོད་པ་ཞིག་ཡིན་ཡང༌། མི་རིགས་རིང་ལུགས་ཀྱི་སེམས་ཤུགས་འཁྱེར་མཁན་ཞིག་ཡིན་ན་རྒྱ་རིགས་ཁེ་གཙང་གི་ཁེ་ཕན་སྒྲུབ་པའི་གནས་ཚུལ་མཐོང་དུས་མི་དགའ་བ་ཡོང་བ་ངེས་གཏན་ཡིན།
དཔེར་ན། རྒྱ་གཙང་རིང་ལུགས་ཤུགས་ཆེ་ཡོད་པ་ནི། མོ་སོ་ཁོ་དང༌། པེ་ཅིང་དབར་ལ་འགལ་ཟླ་ཡོང་རྐྱེན་གནས་ཚུལ་གཞན་དག་མང་པོ་ཡོད་ཀྱང༌། གཅིག་ནི་མགོ་སེར་པོ་ཡིན་མིན་གྱི་གནས་ཚུལ་ཡང་ཡོད་བཟོ་འདུག རྒྱ་མི་རང་ལ་མི་རིགས་རིང་ལུགས་ཤུགས་ཆེར་ཡོད་པའི་རྐྱེན་གྱིས་བོད་མིའི་ཐོག་བྱེད་སྟངས་འདི་ལྟ་བུ་བྱུང་བ་དང༌། རྒྱ་མིས་མཐའ་མཚམས་འཛུགས་སྐྲུན་དང༌། མི་རིགས་ཆུང་ཁག་ལ་གཅེས་སྐྱོང་ཟེར་ཡང། དོན་དུ་ལག་ལེན་སྐབས་རྒྱ་མི་ཁེ་གཙང་གི་ཁེ་ཕན་དུ་ཕྱིན་སྟབས་འགལ་ཟླ་དེ་ལྟར་བྱུང༌། རྒྱ་རིགས་ཆེན་པོའི་རིང་ལུགས་ལ་ངོ་རྒོལ་བྱ་དགོས་པ་དང༌། མི་རིགས་ཆུང་ཁག་ལ་མཐོང་ཆུང་མི་བྱེད་པའི་སྲིད་བྱུས་ཡོད་ཀྱང་དོན་དུ་རྒྱ་རིགས་ཆེན་པོའི་རིང་ལུགས་ཀྱི་རྟགས་མང་པོ་ཐོན་ཡོང་བཞིན་པ་དེས་རྒྱ་མིས་བོད་མིར་ཡིད་ཆེས་མི་ཐུབ་པ་དང༌། བོད་མིས་རྒྱ་མིའི་ཁེ་ཕན་གྱི་ལས་ཀ་བྱེད་འདོད་མེད་པར་གྱུར་པ་དེ་ནི་འགྱུར་བ་ཆེན་པོ་ཡིན། འདི་ཚོའི་གནས་ཚུལ་ང་ཚོས་ཤེས་དགོས་པ་གནད་འགག་ཆེ་ལ་ཕན་ཐོགས་ཀྱང་ཆེ། བོད་ནང་དུ་གནས་ཚུལ་གསར་པ་བྱུང་བ་འདིས་ང་ཚོ་ད་དུང་སྙིང་སྟོབས་མ་ཞིག་པ་དང༌། ལག་གདང་དམ་པོ་བཟུང་བའི་རྟགས་བསྟན་པ་ཡིན་པས་ཧ་ཅང་ཡག་པོ་རེད།
གནས་ཚུལ་གཉིས་པ་དེས། ལམ་སྲོལ་གསར་རྙིང་དང༌། སྤྱི་ཚོགས་གསར་རྙིང་གི་འཐབ་རྩོད་ལྟ་བུ་མིན་པར། མི་རིགས་ཀྱི་འཐབ་རྩོད་ཐོག་ཏུ་འགྲོ་གི་ཡོད་པ་དང༌། དེ་ཡང་རྩ་དོན་རྒྱ་མི་རིགས་ཀྱི་ཁེ་ཕན་ལ་ཐུག་ཡོད་པ་རེད།
༡༩༥༤ ནས་༥༥ ནང་པེ་ཅིང་གི་སྐབས་དེའི་སྲིད་བྱུས་ལ་ཕུན་དབང་ནས་ཡིད་ཆེས་བྱེད་པའི་སྐབས་ཡིན་པས། མ་འོངས་པར་བོད་འདི་ཡར་རྒྱས་ཡོད་ལ་དམར་པོའི་གཞུང་གི་སྒྲིག་འཛུགས་ལྡན་པའི་རྒྱལ་ཁབ་རང་དབང་རང་བཙན་ཞིག་ཡོང་སྲིད་ལུགས་ཕུན་དབང་སོགས་གཞོན་ནུ་འགའི་བསམ་བློར་ཡོད། ཕུན་དབང་ལ་མི་རིགས་ཀྱི་ལ་ཞེན་ཡོད་པ་དེ་རྗེས་སུ་ར་འཕྲོད་བྱུང༌། ཕུན་དབང་ལ་གྲ་མ་འགྲིག་པ་བྱུང་རྗེས་ཀྲང་ཅིན་ཨུ་རྒྱ་ནག་ནས་ཕྱིར་ལོག་འབྱོར་སྐབས་ཤིག་ལ་བརྗོད་གསལ། ཕུན་དབང་ཕྱིར་ལོག་ཡོང་གི་མ་རེད། ཕུན་དབང་ནི་མི་རིགས་གུ་དོག་རིང་ལུགས་ཚབས་ཆེན་ཞིག་རེད། དེ་སྔ་ཁམས་ཁུལ་གསར་བརྗེའི་སྐབས་ཕུན་དབང་གིས་རྒྱ་མི་མེད་པར་བོད་མི་ཁེ་གཙང་གི་གུང་ཁྲན་ཏང་གི་སྒྲིག་འཛུགས་བཟོས་འདུག་སོགས་ཟེར།
༡༩༥༧ ཡས་མས་སྐབས་སུ་ཆིང་ཏའོ་ལ་མི་རིགས་ཀྱི་ཚོགས་འདུ་ཞིག་སར་ང་ཕོད་དང༌། ཕུན་དབང་སྐྱོད་སྐབས་ཕུན་དབང་ཁམས་བོད་དུ་སྣུམ་འཁོར་བགྲོད་ལམ་ཐོག་བསྐྱོད་དེ་འབྲི་ཆུ་ཤར་ཕྱོགས་དྲག་པོའི་བསྒྱུར་བཅོས་བྱེད་སྟངས་ངན་པ་ཅི་བྱུང་དངོས་སུ་ལྟ་ཞིབ་ཐུབ་ན་ལེགས་ཚུལ་བརྗོད་པར་ལམ་ཕྱོགས་དེ་ལྟར་ཕྱིན་ཡོད་མེད་མ་ངེས་ཀྱང༌། ཀྲུའུ་ཨན་ལའེ་ལ་བོད་པར་བཅོས་སྒྱུར་དྲག་བཅོས་བྱེད་སྟངས་དེ་རྒྱ་མི་རིགས་ཀྱིས་ནོར་འཁྲུལ་བྱུང་ལུགས་དང༌། བོད་དུ་བཅོས་སྒྱུར་རྒྱ་ནག་ས་ཁུལ་ལྟར་བྱས་ན་མི་འགྲིགས་ཚུལ་ཕུན་དབང་གིས་ནན་བརྗོད་བྱས་ཡོད་འདུག་པར། ཕལ་ཆེར་འདི་ཚོའི་སྐབས་ནས་ཕུན་དབང་ལ་བློ་དོགས་ཆགས་པ་མིན་ནམ་བསམ་པ་ཡོད། དེ་གོང་ཕྲན་ནས་པེ་ཅིང་མི་རིགས་ལས་ཁུངས་སུ། ཕུན་དབང་མི་རིགས་ལས་ཁུངས་སུ་ཉར་བ་ལས། བོད་དུ་བཞག་ན་ཕན་ཐོགས་ཆེ་ལུགས་བརྗོད་པར་སྐབས་དེར་དང་ལེན་དེ་ཙམ་མ་བྱུང་ཡང༌། ༡༩༥༦ ལོ་སྟོད་ཙམ་ལ་མི་རིགས་ལས་ཁུངས་ཀྱི་ཀྲུའུ་རིན་ཝང་ཕུང་ནས། ཕུན་དབང་ལ་བརྟག་དཔྱད་ཞིབ་ཏུ་བྱས་ཟིན་པས་ད་ཆ་བོད་དུ་གཏན་འཇགས་བཞག་འཐུས་ཞེས་ལན་འཕྲིན་བསྐུར་འབྱོར་བྱུང༌། ཁོང་ཚོས་ཡིད་ཆེས་བློས་འགེལ་བྱེད་པའི་མི་ལ་གློ་བུར་འགྱུར་བ་ཡོང་དོན་ནི་ཝང་ཕུང་ལས་ཆེས་མཐོའི་རིམ་པ་གོང་མ་ཞིག་ནས་མི་རིགས་གུ་དོག་རིང་ལུགས་ཀྱི་སྙད་འདོགས་བྱས་པ་གསལ་པོ་མངོན་ཞིང༌། ༡༩༦༣ ལོར་བོད་རིགས་ལས་བྱེད་པར་འགྱུར་བ་ཡོང་དོན་ནི་ཐུག་ས་འདི་རང་རེད།
སྒེར་གྱི་མགོ་ཐོན་ཙམ་ཞིག་མིན་པར་བོད་སྤྱི་དོན་རྨི་ལམ་དུའང་མ་བརྗེད་པའི་སེམས་ཁུར་འཁྱེར་ཏེ་དཀའ་ལས་རྒྱག་དགོས།
རང་ཕྱོགས་ནས་བལྟས་ན། ཕ་སྤྲེལ་རྒན་དང༌། མ་བྲག་སྲིན་ལས་མཆེད་པའི་གཅེས་ཕྲུག་རང་རིགས་ལ་ཤ་ཞེན་ལྕགས་གོང་ལྟར་ཡོད་པའི་རྟགས་མཚན་ལེགས་པོ་དགའ་སྤྲོ་སྐྱེ་འོས་པ་ཡིན། ད་ཆ་བོད་དུ་སྤྱི་ཚོགས་ཀྱི་ལམ་སྲོལ་རྙིང་པ་ནས་གསར་པར་འགྲོ་བའི་གསར་བརྗེ་མིན་པར་མི་རིགས་གཅིག་མེད་པ་བཟོས་ཏེ་མི་རིགས་གཞན་ཞིག་གིས་དབང་སྒྱུར་བྱེད་པའི་གསར་བརྗེར་གྲགས་པ་ཞིག་ལ་འགྲོ་བཞིན་ཡོད།
བོད་ནང་དུ་ཡོད་པའི་ང་ཚོའི་སྤུན་ཟླ་རྣམས་ཕྱི་རྒྱལ་གྱི་བཙན་ཤུགས་དེ་འདྲའི་གནོན་བཙིར་འོག་མདོར་ན་དབུགས་གཏོང་ལེགས་ཉེས་ལའང་ཁྱོད་དབུགས་རིང་གཏོང་དོན་གང་ཡིན་ཞེས་འདྲི་ཞིབ་ཉིན་མང་བྱེད་པའི་ཉེན་ཁ་དང༌། དཀའ་ངལ་མྱོང་བཞིན་དུ་ང་ཚོ་རྒྱ་གར་རང་དབང་གི་ཡུལ་དུ་ཡོད་པ་རྣམས་ལ་རེ་བ་བྱས་ཏེ་ལྟ་བཞིན་དུ་སེམས་ཤུགས་མ་ཉམས་པར་བསྡད་ཡོད་པ་རེད། ཚུལ་དེ་དག་ལ་བསམ་ན། ཕྱོགས་གཅིག་ནས་སེམས་སྡུག ཕྱོགས་གཅིག་ནས་དཔའ་བསྐྱེད། ཕྱོགས་གཅིག་ནས་ད་ཆ་ང་ཚོས་འབད་བརྩོན་ལེགས་པོ་མ་བྱས་ན་ཡ་རབས་དང༌། རྒྱུ་འབྲས་མི་བརྩི་བ་རེད་སྙམ་དུ་སྙིང་ཁོང་རུས་པའི་གཏིང་ནས་རང་དབང་མེད་པར་དྲན་ཏེ་རང་བཞིན་ལྷོད་ཡངས་ངང་སྡོད་ཐབས་རྩ་བ་ནས་མེད་པ་ཞིག་ཆགས་ཡོད། གནས་ཚུལ་དེ་དག་གི་འོག་ཏུ་བོད་མི་བཙན་བྱོལ་བ་ཁྲི་བདུན་བརྒལ་བ་རྣམས་རང་བཞིན་སྲོག་འགོ་ཐོན་ཙམ་དང༌། རང་རང་སྒེར་གྱི་མགོ་ཐོན་ཙམ་ཞིག་མིན་པར་བོད་སྤྱི་དོན་ཁོ་ན་རྨི་ལམ་དུའང་མ་བརྗེད་པའི་སེམས་ཁུར་འཁྱེར་ཏེ་དཀའ་ལས་རྒྱག་བཞིན་པ་ཡིན། ༡༩༥༩ ལོའི་ནང་ང་ཚོ་འདི་ཕྱོགས་འབྱོར་འཕྲལ་དུ་སང་ཉིན་གང་བྱེད། གནངས་ཉིན་ཅི་བྱེད་སྙམ་པས་བྱ་ཚོད་བྱེད་ཚོད་མ་ཐིག་པ་ཞིག་བྱུང་རུང༌། ད་ཆ་དེ་འདྲ་མིན་པར་ང་ཚོའི་ལས་རིགས་ཚང་མར་འཆར་གཞི་དང་ལྡན་པའི་གོམ་བགྲོད་དང་པོ་བརྒྱབ་ཟིན་པ་དང༌། ད་དུང་གོམ་པ་བརྒྱབ་པ་ལས་ཀྱང་རྒྱག་རྒྱུ་མང་བ་བསྡད་ཡོད་ཀྱང༌། གོམ་པ་རྒྱག་ཡུལ་རྙེད་ནས་གོམ་པ་རྗེས་མ་འདི་ལྟར་སྤོ་རྒྱུ་ཡིན་སྙམ་པའི་འཆར་འགོད་ཐུབ་པ་བྱུང་ཡོད། དེ་ནི་ཚང་མས་དམ་ཚིག་གི་མདུད་རྒྱ་མ་ལྷོད་པར་ཡར་རྒྱས་སུ་ཕྱིན་པའི་རྣམ་པ་དགའ་སྤྲོ་བྱ་འོས་པ་ཞིག་ཡིན་ལ་དེ་ཚོ་གྲུབ་འབྲས་ཀྱང་ཆེན་པོ་ཡིན། འདི་དག་ནི་ཚང་མས་རང་རང་འཁུར་བབ་དང་ལེན་ཧུར་བརྩོན་ཆེ་བསྐྱེད་བྱས་པའི་གྲུབ་འབྲས་རེད།
ང་ཚོ་ནང་དག་ཏུ་གོམ་པ་སྤོ་སྟངས་ཤེས་པ་ལ་བརྟེན་ནས། རྒྱ་གར་ནང་ང་ཚོར་ཆ་མཐོང་ཆེ་རུ་ཕྱིན་པ་དང༌། ཕྱི་རྒྱལ་ཁག་ནས་ཀྱང་སྐྱབས་བཅོལ་བ་བྱིངས་དང་མི་འདྲ་བའི་རོགས་རམ་ནུས་ཤུགས་ཆེ་བསྐྱེད་བྱུང་བ་ལྟར་ད་དུང་ཡང་རྒྱུན་མི་ཆད་པར་ཡོང་བཞིན་ཡོད། དཔེར་ན། ཧོང་ཀོང་ནང་གི་རྒྱ་མི་བཙན་བྱོལ་བ་དང༌། ནུབ་ཕྱོགས་པའི་བཙན་བྱོལ་བ་རྣམས་ལས་ང་ཚོར་རེ་བ་ཆེ་བ་བྱེད་ཀྱི་ཡོད་པ་རེད། ད་ཆ་བོད་མི་བཙན་བྱོལ་བ་རྣམས་ལ་རོགས་རམ་བྱས་ན་ཕན་ནུས་ཡོད་པར་མཐོང་བའི་གནས་སུ་སླེབས་ཡོད། མདོར་བསྡུས་ན། ང་ཚོའི་ལས་ཀ་མང་པོ་ཞིག་ཡར་རྒྱས་ཆེན་པོའི་གནས་སུ་སླེབས་ཡོད།
དེ་སྔ་འཛམ་གླིང་ནང་ང་རང་ཚོ་བོད་ཅེས་མིང་ཙམ་ཡང་མ་གྲགས་པ་ལྟ་བུ་དེ་ ༡༩༥༩ དང་ ༦༠ ལོ་ནས་བོད་ཀྱི་མིང་གྲགས་ཇེ་ཆེར་གྱུར། ཡིན་ནའང་བོད་ཀྱི་གནས་ཚུལ་ཙམ་ལས། བོད་མི་དངོས་སུ་མཐོང་བ་ཤིན་ཏུ་ཉུང༌། དེ་རྗེས་ནས་ད་ཆ་ ༡༩༦༤ ལོ་བར་ལོ་ཤས་རིང་ལས་དོན་གཞི་རྒྱ་བསྐྱེད་དེ་ཕྱི་རྒྱལ་ཁག་ཏུ་བླ་སྤྲུལ་ལ་སོགས་པའི་རང་མི་རིམ་པར་ཐོན། ཉེ་བའི་ཆར་ཡང་མཉམ་འབྲེལ་རྒྱལ་ཚོགས་ཚུགས་ཡུལ་དང༌། སུད་ཛ་ལན་ཌར་ང་ཚོའི་དོན་གཅོད་ལས་ཁུངས་ཆུང་ཆུང་ཞིག་གསར་དུ་འཛུགས་ཐུབ་པ་ལ་སོགས་པའི་འཛམ་གླིང་སྤྱི་སྲོལ་འགྲོ་ལུགས་དང་མཐུན་པའི་བོད་ཀྱི་གནས་ཚུལ་མང་པོ་ཞིག་གསར་ཤོག་ཁག་ནང་ཕྲན་བུ་ཕྲན་བུ་ཐོན་བཞིན་པ་རེད།
ཚང་མས་ཤེས་གསལ་ལྟར། རྒྱ་མིས་བདེན་པ་ལྐོག་བསུབ་གཏོང་རྒྱུར་བྱབ་ཆུང་སྟེ། དཔེར་ན། ཁམས་ལ་ངོ་ལོག་ཟིང་འཁྲུག་བྱུང་བ་སོགས་གནས་ཚུལ་འགངས་ཆེའི་རིགས་ཀྱང་མི་ནུས་བཞིན་དུ་སྦས་ཏེ་ཚགས་པར་ཐོག་ཟུར་ཙམ་ཡང་འགོད་ཀྱི་མེད་ཀྱང༌། དེང་སང་ང་རང་ཚོའི་གནས་ཚུལ་སྐོར་རྒྱ་མིས་ཤོད་འདོད་མེད་བཞིན་དུ་རྒྱ་གར་གཞུང་ལ་གནས་ལུགས་སྔ་རྗེས་ཤོད་དགོས་པ་དང༌། བོད་ནང་ཁུལ་དུ་ཡང་དྲིལ་བསྒྲགས་སློབ་གསོ་རྒྱ་ཆེ་མི་བྱ་མཐུ་མེད་ཀྱིས་པཎ་རིན་པོ་ཆེ་ལ་ཡང་ཉེ་ཆར་བོད་ཀྱི་ལོག་སྤྱོད་པ་བསྐྱར་ལངས་མི་ཐུབ་པའི་གསུང་བཤད་གནང་བཅུག་འདུག ཁོ་ཚོས་དུས་རྟག་ཏུ་བོད་མི་ལོག་སྤྱོད་པ་ཞེས་སྐད་འབོད་ཡང་ཡང་བྱེད་དོན་ནི། མངོན་མེད་དུ་བཞག་པས་མ་འཐུས་པ་ཞིག་ཆགས་ཡོད་པའི་རྟགས་མཚན་རེད།
དེར་བརྟེན་ང་ཚོར་ཁོ་ཚོས་གཟབ་གཟབ་བྱེད་དགོས་པ་ཞིག་ཆགས་ཡོད། བདེན་མིན་ཇི་ལྟར་ཡང་འཛམ་གླིང་གི་སྲིད་དོན་མཁས་པ་འགའ་ཤས་ནས་གོ་མིན་ཏང་སྐམ་ས་ཆེན་པོར་ལོག་རྒྱུ་ལས། བོད་ལ་རང་དབང་འཐོབ་རྒྱུ་རེ་བ་ཆེ་ཚུལ་བརྗོད་མཁན་འདུག གལ་སྲིད་དེ་ལྟར་བདེན་ན། ད་ལྟའི་ཆར་རྒྱ་དམར་གྱི་སོ་ཉུལ་ཚོས་ཐེ་ཝན་ནི་སྐོར་སྲུང་དམག་མིས་ཁེངས་པའི་ཡུལ་ཞིག་ཡིན་པ་དང༌། ཨིན་ཇིའི་སྐད་ལ་ཌིག་ཊི་ཊར་(Dictator)ཟེར་བ་མི་གཅིག་གིས་བཙན་སྤྱོད་དབང་ཤུགས་འཛིན་མཁན་ལྟ་བུ་ཞིག་ཡིན་ལུགས་བརྗོད་ཀྱང་དོན་དུ་དེ་ལྟར་མིན་པར། མང་གཙོ་རང་དབང་ལྡན་པ་ཞིག་ཡིན་ཞིང༌། ཁོ་རང་ཚོས་ཀྱང་བརྗོད་མུས་ལྟར་རྒྱ་དམར་ལ་ངོ་རྒོལ་བྱེད་མཁན་ཡང་ང་ཚོ་གཅིག་པ་ཡིན་རུང༌། གོ་མིང་ཏང་སྐམ་ས་ཆེན་པོར་ལོག་རྗེས་ང་ཚོར་རང་ཐག་རང་གཅོད་སྤྲོད་ཀྱི་ཡིན་ཞེས་པའི་ཚིག་དེ་མ་གཏོགས། དེ་མིན་བོད་ཐོག་སྲིད་བྱུས་འཛིན་སྟངས་རྒྱ་དམར་དང་གཅིག་པ་རེད། གོ་མིང་ཏང་ནས་བོད་རྒྱ་ནག་གི་ཆ་ཤས་ཡིན་པའི་སྲིད་བྱུས་ད་དུང་མུ་མཐུད་བཟུང་སྟེ་ནོར་འཁྲུལ་གྱི་ལམ་དུ་འགྲོ་མུས་རེད། གོང་གི་གནས་ཚུལ་གོ་མིང་ཏང་སྐམ་སར་ལོག་པ་ལས། བོད་རང་དབང་མྱུར་བ་ཡོང་གི་ཡོད་པ་དེ་གལ་སྲིད་བདེན་ན་རང་ཐག་རང་གཅོད་སྤྲོད་མཁན་ལ་དབང་ཆ་མ་བྱུང་བར། རང་ཐག་རང་གཅོད་རྩོད་མཁན་ལ་རང་དབང་བྱུང་ཚེ་དགོད་བྲོ་པོ་རེད། མ་གཞི་གོ་མིང་ཏང་གིས་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་ཐོག་སྔ་རྗེས་སུ་རྒྱབ་སྐྱོར་རོགས་རམ་བྱས་ཡོད་ཀྱང༌། བོད་རྒྱ་ཁོངས་ཡིན་པ་ཁོ་ན་རྩ་བར་བཟུང་སྟེ་རྒྱལ་སྤྱིའི་ནང་ང་ཚོའི་བོད་དོན་ཐོག་རྒྱབ་སྐྱོར་གྱི་གསུང་བཤད་གནང་མཁན་བྱུང་སྐབས་གོ་མིང་ཏང་གི་སྐུ་ཚབ་ནས་ཐུགས་རྗེ་ཆེ་ཟེར་ཞིང༌། ངོ་སོ་འཁྱེར་གྱི་ཡོད་པ་རེད། འདི་ཚོ་ཡང་ང་ཚོས་ཤེས་དགོས། དེའི་ཆ་ནས་གཟུ་སྤྱང་པོ་བྱེད་དགོས། དེ་དག་འཕྲོས་བཤད་ཙམ་ཡིན།
སློབ་མའི་ཤེས་ཚད་ལ་ཚང་མས་ཁས་ལེན་འཕེར་བ་ཞིག་བཟོ་དགོས།
ཤེས་རིག་གི་ལས་དོན་སྐོར་ད་ལྟ་ཤེས་རིག་བཀའ་བློན་ནས་སྙན་སྒྲོན་ཞུས་པ་ལྟར་ལས། ངས་བསྐྱར་དུ་ཞུ་དགོས་མེད། དེ་རྣམས་ནི་བྱུང་ཟིན་པའི་ལོ་རྒྱུས་ཕྱོགས་བསྡོམས་ལྟ་བུ་ཞུས་པ་ཡིན། ད་སྐབས་སུ་བབ་པའི་གནས་ལུགས་ཞུ་རྒྱུར། ཤེས་རིག་སྐོར་ད་ཕན་ཡར་རྒྱས་གང་འཚམ་ཕྱིན་ཡོད་ཀྱང༌། ད་དུང་ང་རང་ཚོའི་ནུས་པས་མ་འདང་བར་བསྡད་ཡོད།
དང་པོ། བུ་ཕྲུག་བདག་སྤྲོད་མ་ཐུབ་པ་མང་པོ་བསྡད་ཡོད་པས། སློབ་གྲྭ་འཛུགས་རྒྱུར་འབད་བརྩོན་བྱ་དགོས། དེ་སྐོར་ལྡི་ལི་དབུས་ཤེས་རིག་ཚོགས་པའི་ཐོག་ནས་ཤ་ཚ་དང་ལྡན་པའི་འཆར་གཞི་བཀོད་ཡོད་པས་ལས་དོན་ཚང་མ་འཕྲལ་འཕྲལ་འགྲུབ་མིན་ཇི་ལྟར་ཡང༌། རིམ་པས་འགྲུབ་ཐུབ་པ་ཡོང་གི་རེད།
གཉིས་པ། ད་ཕན་ལོ་ ༢ ནས་ ༣ རིང་སློབ་གྲྭ་ཚུགས་ཨེ་ཐུབ་ལ་འབད་བརྩོན་གཙོ་བོར་བྱས་ཡོད་ཅིང༌། ད་ཆ་སློབ་གྲྭ་ཡོད་པ་དེ་དག་སྤུས་དག་པོ་བཟོ་རྒྱུ་དང༌། ཡར་རྒྱས་གཏོང་རྒྱུ་གལ་ཆེན་པོ་འདུག ཡར་རྒྱས་གཏོང་ལུགས་ཀྱང་བོད་མི་རྣམས་སློབ་གྲྭ་ཐོན་སྐབས་སྤྱི་འགྲེའི་ཤེས་ཚད་ལག་འཁྱེར་ཐོབ་ཐུབ་པ་དང༌། ལག་འཁྱེར་དེས་རྒྱ་གར་ནང་སོགས་མཐོ་རིམ་སློབ་གྲྭ་ཁག་ལ་བསྐྱོད་ཐུབ་པ་ཞིག་དགོས་པ་ལས། ང་ཚོ་བོད་ཀྱི་སྣང་བ་ཁོ་ན་འཁུར་ཏེ་ལྷོད་ཡངས་བྱས་ན་མི་འགྲིགས། ང་ཚོའི་སློབ་ཕྲུག་རྣམས་ངེས་པར་དུ་རྒྱ་གར་བའི་སློབ་གྲྭ་ཐོན་པ་སྤྱི་འགྲེའི་གྲས་སུ་ཚུད་ཐུབ་པ་དང༌། ཕྱི་ནང་ཚང་མས་ཁས་ལེན་འཕེར་བ་ཞིག་དགོས་པ་ལས། ད་ཡོད་ཆོག་ཤེས་བྱས་ནས་ལོ་ ༡༠ ནས་ ༡༡ སོང་རྗེས་སློབ་གྲྭ་ཐོན་དུས་ང་ཚོའི་སློབ་ཐོན་ལག་འཁྱེར་ལ་གཞན་དག་ནས་ཆ་འཇོག་མི་འཕེར་བ་བྱུང་ན་གཏན་ནས་མི་འགྲིགས།
གསལ་པོ་བཤད་ན། འབྱོར་པ་ཆེ་བ་དང༌། དྲག་པ་ཚོའི་ཕྲུ་གུ་ཕྱི་རྒྱལ་གྱི་སློབ་གྲྭ་ཁག་ཏུ་གཏོང་ཐབས་བྱེད་པ་དེ་ནི་བོད་པའི་སློབ་གྲྭ་འདོད་ཁེངས་མེད་པའི་སྐྱོན་རེད་བསམ་གྱི་འདུག ང་ཚོས་སློབ་གྲྭ་ཁག་མཚན་ཉིད་ཚང་བ་དང༌། ཚད་ལོངས་ཤིག་བཟོ་དགོས་པ་གལ་ཆེ། དེ་ལྟར་བྱུང་ན་རྟ་ཕོ་བྲེས་ལ་བཏགས་ན་གོང་ཐང་མི་ཡིས་འབེབས་ཟེར་བ་དང་འདྲ་བར་སློབ་གྲྭ་དེ་ཚོར་ཚང་མས་ཆ་མཐོང་ཆེ་རུ་ཤུགས་ཀྱིས་འགྲོ་རྒྱུ་དང༌། དེ་མིན་ང་ཚོས་བོད་མི་ཁ་འཐོར་གྱུར་པ་རུབ་རུབ་བཟོ་ཐབས་ཙམ་གྱི་ཆེད་དུ་སློབ་གྲྭ་བཙུགས་པ་ལྟ་བུར་མངོན་རྒྱུ། ང་ཚོའི་དམིགས་ཡུལ་ནི་རང་བཞིན་སྤྲང་ཕྲུག་གང་འཚམ་ཞིག་རུབ་རུབ་བཟོ་བའི་ཆེད་མིན་པར་ཆོས་སྲིད་གཉིས་ལྡན་གྱི་མི་རིགས་ཤིག་རུབ་རུབ་བཟོ་ཆེད་ཡིན་པ་དང༌། མི་རིགས་དེ་ཡང་ཨཕ་རི་ཀའི་མི་རིགས་སོགས་ལས་ཡར་ཐོན་དང༌། གཟི་བརྗིད་ཆེ་བའི་རླབས་ཆེན་གྱི་མི་རིགས་ཤིག་ཡིན། ང་ཚོར་ཆོས་ཡོད་སྟབས་ང་ཚོ་གཞན་ལས་ཁྱད་དུ་འཕགས་པ་ཞིག་ངེས་པར་དུ་ཡིན་དགོས།
གལ་སྲིད་ང་ཚོས་སྤྲང་ཕྲུག་རུབ་རུབ་བཟོ་བ་ཙམ་དང༌། སློབ་སྦྱོང་སྣེ་སེལ་ཙམ་སྤྲོད་པའི་ཆེད་དུ་ཡིན་ན། ༡༩༦༠ དང་༡༩༦༡ ལོ་ནས་ཕྲུ་གུ་རྣམས་རྒྱ་གར་ནང་སློབ་གྲྭ་སྟོང་ཕྲག་མང་པོ་ཡོད་པར་བཀྲམས་ན་དུས་གཅིག་ཏུ་ཉིན་གཅིག་ཙམ་ལ་བགོ་འགྲེམས་ཐུབ་ཀྱི་རེད། འོན་ཀྱང་ང་ཚོས་ལས་ཀ་ལས་སླ་བ་དེ་ཕར་བཞག་སྟེ་དཀའ་ལས་ཁག་པོ་ཞིག་དང་དུ་བླངས། རང་རེར་སློབ་དེབ་དང༌། དགེ་རྒན། ས་ཁང་སོགས་གང་ཡང་མེད་བཞིན་དུ་བོད་པ་རང་གི་སློབ་གྲྭ་ཟུར་དུ་བཙུགས་ཡོད་པ་དང༌། ང་རང་ཚོ་རང་གིས་འགྲོ་གྲོན་ཡང་མང་པོ་བཏང༌། རྩ་བ་རྒྱ་གར་གཞུང་དང་མཉམ་འབྲེལ་མ་བྱས་པར་ཡོང་ཐབས་མེད་སྟབས་རྒྱ་གར་དབུས་ཤེས་རིག་བློན་ཆེན་དབུ་བཞུགས་ཀྱི་དབུས་ཤེས་རིག་ཚོགས་པ་ཞེས་པ་ཞིག་བཙུགས་ནས་དམིགས་བསལ་གྱིས་བོད་ཀྱི་སློབ་གྲྭ་བཙུགས། ཐོག་མའི་བསམ་བློར་སློབ་གྲྭའི་ནང་འཛམ་བུ་གླིང་པའི་ཆེས་མཐོའི་ཤེས་རིག་རྣམས་རང་སྐད་ཐོག་སློབ་ཐུབ་པ་བྱུང་ན་བསམ་བྱུང་ཡང༌། སྐབས་དེར་ཆ་རྐྱེན་མ་ཚང་བས་ཨིན་ཡིག་ཐོག་བསླབ་རྒྱུ་བྱས་པ་བཞིན། དེང་སང་ཨིན་སྐད་ཐོག་ནས་སློབ་མུས་ལ་མ་འོངས་པར་དེ་དག་ཀྱང་ངེས་པར་དུ་ང་རང་ཚོའི་སྐད་ཡིག་ཐོག་བསྒྱུར་དགོས།
ང་རྒྱ་ནག་ཏུ་བསྐྱོད་སྐབས་རྒྱ་ནག་བྱང་ཤར་གྱི་ས་མཚམས་སུ་ཡན་ཕན་ཞེས་ཁྲའོ་ཤན་མི་རིགས་ཀྱི་ས་ཁུལ་དེར་ལྟ་སྐོར་སྐབས་མཐོ་རིམ་སློབ་གྲྭའི་ནང་སློབ་ཚན་ཚང་མ་ཁྲའོ་ཤན་ཁོ་རང་ཚོའི་ཡུལ་སྐད་ཐོག་སློབ་ཀྱི་ཡོད་ཟེར་འདུག་པར་ངོ་མཚར་ཆེན་པོ་མཐོང་བྱུང༌། དེར་བརྟེན་འཛམ་གླིང་ནང་ཆེས་མཐོའི་ཤེས་རིག་རྣམས་ཨིན་ཇིའི་སྐད་ཡིག་བརྒྱུད་ནས་སློབ་མ་དགོས་པར་བོད་པའི་སྐད་ཡིག་ནས་བསླབ་རྒྱུའི་ལས་ཀ་དེར་བརྟག་ཞིབ་ནན་ཏན་བྱ་དགོས་པས་ལོ་ཤས་ནང་ལག་ལེན་བསྟར་རྒྱུ་དཀའ་ཡང༌། འབད་བརྩོན་བྱས་ཏེ་ནམ་ཞིག་ལག་ལེན་བསྟར་ཐུབ་པ་བྱ་དགོས། དོན་སྙིང་མི་རིགས་རང་ཉིད་ཀྱི་ཁྱད་ཆོས་དང༌། གཟི་འོད་མ་ཉམས་པའི་བོད་ཕྲུག་འཚར་ལོངས་ཡོང་བའི་ཆེད་དུ་སློབ་གྲྭ་འདི་འདྲ་ཞིག་བཙུགས་པ་རེད།
མི་སྒེར་དང། མང་འདུས་ཀྱི་ཚོགས་པ་གཉིས་ཁ་འབྲལ་ཐབས་མེད།
འདིར་དྲི་བ་གཞན་ཞིག་ཡོང་མདོག་ཁ་པོ་རེད། མི་སྒེར་རེ་རེ་དང༌། མང་འདུས་ཀྱི་ཚོགས་པ་ག་རེ་གལ་ཆེ་ཟེར་ན། སྤྱིར་འཛམ་གླིང་དང༌། ནུབ་ཕྱོགས་པ། ཡང་སྒོས་ཨ་རིའི་བསམ་ཚུལ་ལ་ཨིན་ཇིའི་སྐད་དུ་ཨིན་ཌི་ཝི་ཇུའལ་(Individual)ཟེར་བའི་མི་སྒེར་རེ་རེ་གལ་ཆེན་པོར་ངོས་འཛིན་བྱེད་ཅིང༌། དེ་ཡིན་ཐག་ཆོད་ཡིན་ཀྱང༌། ཚུར་ཕྱོགས་ནས་བསམ་ན་མི་སྒེར་སོ་སོ་དང༌། མང་འདུས་ཀྱི་ཚོགས་པ་གཉིས་ཁ་འབྲལ་ཐབས་མེད། སྒེར་གྱི་ཁེ་ཕན་ཚགས་སུ་མ་ཚུད་ན། སྤྱི་ཚོགས་འཐུས་ཤོར་འགྲོ་རྒྱུ་དང༌། སྤྱི་ཚོགས་ཚགས་ཚུད་མེད་ན་སྒེར་གྱི་བདེ་སྐྱིད་འབྱུང་བ་ཤིན་ཏུ་དཀའ། དེ་ལྟར་སྤྱི་སྒེར་གཉིས་ཀ་གལ་ཆེ་བ་འདྲ་འདྲའི་ནང་ནས་སྤྱི་ཚོགས་གལ་ཆེ་བར་འཛིན་དགོས། སྒེར་གྱི་ཁེ་ཕན་འབའ་ཞིག་ལས། སྤྱི་དོན་སྣང་མེད་བྱས་ན་གཏན་ནས་མི་འགྲིགས་ལ། སྤྱི་དོན་འབའ་ཞིག་ལ་བསམས་ཏེ་སྒེར་གྱི་ཁེ་ཕན་རྩ་མེད་བཟོས་ཀྱང་རྒྱ་དམར་གུང་ཁྲན་གྱི་བྱེད་སྟངས་ལྟར་འགྱུར་བས་ག་ལ་འགྲིགས། རང་རེས་ཕྱོགས་གཉིས་ཀར་ཆ་སྙོམས་སུ་བལྟ་ཐུབ་པ་དགོས། སྒེར་གྱི་ཁེ་ཕན་རྩ་ཆེར་འདོད་མཁན་ཨ་རི་བ་ལྟ་བུར་དེ་ལྟར་བརྗོད་ན་གུང་ཁྲན་གྱི་ལྟ་བ་འདུག་ཟེར་ཉེན་ཡོད་ཀྱང༌། མི་རིགས་སྤྱིའི་གནས་ཚུལ་ལ་བསམ་ནས་སྤྱི་ཚོགས་གལ་ཆེན་པོར་འཛིན་དགོས།
ང་ཚོས་བོད་མི་རིགས་སྤྱིའི་བསམ་བློ་དོར་ནས་མི་བྱེ་བྲག་པ་གཅིག་གི་བསམ་བློ་བཏང་བས་འགྲིགས་ན་བོད་ཕྲུག་རྣམས་རྒྱ་གར་བའི་སློབ་གྲྭར་བཏང༌། རྒྱ་གར་བའི་མི་སེར་དུ་ཞུགས། རྒྱ་གར་བའི་ལས་དོན་བྱས་ན་སྒེར་གྱི་འཚོ་བ་འགྲིགས་ཙམ་ཞིག་ཡོང་སྲིད་ཀྱང༌། དེས་རང་གི་མི་རིགས་རྩ་བརླག་ཏུ་འགྱུར་ཉེན་ཡོད། བོད་སྐད་དང༌། རང་གི་ཤེས་རིག་ཁྱད་ཆོས་ལྡན་པ་དེ་མ་ཤེས་ན་དེང་སང་རྒྱ་གར་ནང་ཡོད་པའི་སྔར་གྱི་བོད་རྒྱུད་རེད་ཅེས་པའི་རྟ་མང་ཟེར་བ་དེ་ཚོ་ནང་བཞིན་ཡོང་རྒྱུ་རེད། དེ་ལྟར་བྱུང་ན་ཁ་ནས་མི་རིགས་དང་མི་རིགས་ཞེས་ཟེར་གྱིན་ཟེར་གྱིན་ལ། དོན་དུ་མི་རིགས་ཕུ་བརྒྱབ་པ་རེད།
ད་དུང་སྤྱི་སྒེར་སྐོར་གསལ་བཤད་ཕྲན་བུ་བྱས་ན། སྒེར་གྱི་ཁེ་ཕན་རྩ་མེད་བཟོས་ཏེ་རྒྱུ་ནོར་དང༌། མ་རྩ་ཐམས་ཅད་སྤྱིས་འཛིན་པ་དེ་ལྟ་བུ་ཡང་མི་འགྲིགས། ཤིང་ལ་ཡང་ཡལ་ག་དང༌། སྡོང་པོ་གཉིས་ཀ་དགོས་པ་ལས། གཅིག་ཁོ་ནས་མི་འགྲིགས་པ་ལྟར་ཡིན། ཨུ་རུ་སུར་ད་ཕན་མི་ལོ་༤༠ སྐོར་སྤྱི་ཚོགས་ཀྱི་ལམ་སྲོལ་བཟུང་ཡང་ད་ཆ་སྒེར་གྱི་ཁེ་ཕན་རིམ་བཞིན་ཇེ་ཆེ་ཇེ་ཡག་ཏུ་གཏོང་མུས་རེད། དེ་དག་ནི་སྤྱི་ཚོགས་རིང་ལུགས་ལ་གཙིགས་སུ་བྱེད་པའི་ཨུ་རུ་སུས་མི་བྱེ་བྲག་པའི་ཁེ་ཕན་རྩ་མེད་བཟོས་ན་ཁུངས་མི་འཁྱོལ་བའི་གནས་ལུགས་ཤེས་པའི་རྟགས་བསྟན་པ་ཡིན། རྒྱ་མི་རང་ཉིད་ཡང་དག་པ་ཡིན་ཁུལ་གྱིས་ཨུ་རུ་སུར་སྐྱོན་བརྗོད་བྱས་ནས་ད་དུང་མདུན་མཆོངས་ཆེན་པོ་དང༌། མི་མང་སྤྱི་ཁང་སོགས་ལ་ཤུགས་རྒྱག་བཞིན་པ་རེད། དངོས་དོན་ཐོག་བསམ་བྱུས་ལ་ཕམ་ཉེས་འབྱུང་བཞིན་དུ་གཏམ་འདོད་དབང་གིས་རང་བཞིན་འབྱུང་བའི་གནོད་པ་བྱུང་ཚུལ་དང༌། ཨུ་རུ་སུས་རོགས་རམ་བཅད་དེ་བསམ་གནག་བྱས་ལུགས་ཟེར།
འདིར་གྲྭ་རིགས་མང་བས་དཔེ་ཞིག་ཞུས་ན། བཅོམ་ལྡན་འདས་ཀྱིས་སྤྱི་ཚོགས་གཙོ་བོར་དགོངས་ཏེ་དབྱར་གནས་སྐབས་སྒེར་སོ་སོར་དངོས་ནོར་ཅི་བྱུང་ཉར་ཚགས་ཀྱིས་སྤྱི་བགོས་བྱ་དགོས་པ་དང༌། དངོས་པོ་ཕྲན་བུ་ལ་ཡང་བྱིན་རླབས་བྱ་དགོས་པ་སོགས་སྦུག་སྲུབ་དོག་པོ་མཛད་པ་དང༌། ཁོང་གིས་སྤྱི་ཚོགས་ཡར་རྒྱས་དང༌། སྒེར་གྱི་ཁེ་ཕན་ལ་གནོད་པའི་ཆེད་མིན་ཡང༌། རྗེས་འཇུག་གྲྭ་རིགས་ཚོས་འདོད་ཆུང་ཆོག་ཤེས་བསྟེན་ཏེ་འཕགས་པའི་རིགས་བཞི་ལ་གནས་དགོས་པར་གསུངས་པ་ལྟར། ལྟ་བ་མཐོ་ལ་སྤྱོད་པ་བཙུན་པ་ཞིག་དགོས་པ་དང༌། བཅོམ་ལྡན་འདས་ཀྱི་བཀའ་ནི་ཚེ་འདི་ཙམ་མིན་པར་ཚེ་རབས་གཏན་གྱི་འདུན་མ་ལ་ཐུག་པ་ཡིན་ཡང་རང་རེས་ལག་ལེན་བྱེད་མི་ཐུབ་ན་མའོ་ཙེ་ཏུང་གིས་ཚེ་འདིའི་སྤྱི་ཚོགས་ཙམ་དང་འབྲེལ་བར་བརྗོད་པ་དེ་ལག་ལེན་ག་ལ་ཐུབ། འདི་དག་ལ་ཡང་ཆོས་ཀྱི་རྨང་གཞིའི་གོ་བ་ཡོད་མཁན་ཞིག་ཡིན་ན་བསམ་བློ་གཏོང་རྒྱུ་འདུག དེ་ལྟར་སྒེར་གྱི་ཁེ་ཕན་རྩ་མེད་མིན་ལ། སྒེར་གྱི་ཁེ་ཕན་འབའ་ཞིག་ཀྱང་མིན་པར་སྤྱི་སྒེར་ཆ་སྙོམས་ཡོང་དགོས།
ཤེས་རིག་གི་ཚད་མཐོ་བ་ཞིག་དགོས་པ་ལས། ལྟོ་གོས་ཚད་མཐོ་བའི་ཆེད་དུ་མིན།
རང་རེ་ཁ་ཐབས་བཙན་བྱོལ་བ་ཡིན་ཡང༌། སྤོབས་པ་རང་ཡུལ་དུ་ཡོད་དུས་ལས་ལྷག་པ་ཞིག་གཟུང་རྒྱུ་གལ་ཆེན་པོ་འདུག བོད་དུ་རྩེ་སློབ་གྲྭ་ཞིག་ཡོད་པ་དེ་ཐོག་མར་འཛུགས་པའི་གནས་སྐབས་སུ་ཕན་ཐོགས་དང༌། ནུས་པ་ཡོད་ངེས་ཀྱང༌། དེ་རྗེས་སྤྱི་ཚོགས་ཀྱི་གནས་ཚུལ་རིམ་བཞིན་འགྱུར། སྤྱི་ཚོགས་ལ་ཞབས་འདེགས་ཞུ་མཁན་སློབ་གྲྭའི་གནས་ཚུལ་མ་འགྱུར་བ་དེས་སྒྲིག་འཛུགས་དུས་ཚོད་དང་མ་མཐུན་པ། དཔེར་ན། བྱིས་པ་ཆུང་ངུའི་སྐབས་ཀྱི་ཞྭ་མོ་ངའི་ཡིན་ཞེས་ལུས་སྟོབས་རྫོགས་ནས་ཀྱང་ཨུ་ཚུགས་ཀྱིས་གྱོན་པ་ལྟ་བུར་གྱུར། ལས་དོན་དེ་ཚོའི་ཐོག་ནོར་འཁྲུལ་དང༌། རྗེས་ལུས་ཀྱི་གནས་ཚུལ་མང་པོ་ཡོད། དེ་ཚོ་བསམ་པ་ངན་པ་མིན་ཡང༌། བྱེད་སྟངས་མ་ཤེས་པའི་སྐྱོན་ཡིན། ལར་ནས་སྔར་མེད་གསར་སྤྲོས་ཞེས་པའི་ཚིག་འདི་ཡང་ཡ་མཚན་ཞིག་འདུག
དྲང་པོར་བརྗོད་ན། རྒྱ་གར་ནང་ལས་དོན་རང་ཡུལ་ལས་ལེགས་ཙམ་ཡོང་གི་ཡོད་སྟབས། ང་ཚོས་སྤོབས་པ་འདི་ལས་ལྷག་པ་དང༌ཆེ་ཙམ་བཟུང་ནས། རྒྱ་གར་ནང་གཟི་བརྗིད་དང་ལྡན་པའི་འདི་ཕྱི་གཉིས་ཡོད་ཀྱི་འཛུགས་སྐྲུན་ཆེད་དུ་སློབ་གྲྭ་གཞན་ལས་ཚད་མཐོ་བ་ཞིག་ཡོང་བ་བྱ་དགོས་སྙམ་ནས་བློ་སྤོབས་བསྐྱེད་རྒྱུ་ཤིན་ཏུ་གལ་ཆེ། དེ་ལྟར་བྱུང་ན་ཨ་རི་བའམ། ཨིན་ཇི། རྒྱ་གར་བ་སོགས་མི་རིགས་གཞན་དག་རང་རེའི་སློབ་གྲྭར་ཞུགས་འདོད་ཡོང་རྒྱུ། དེ་དག་ལའང་དགའ་བསུ་ཞུ་རྒྱུ་ལས་གཞན་མེད། དེ་ལྟ་བུའི་སེམས་ཤུགས་འཛིན་རྒྱུ་གལ་ཆེན་པོ་འདུག
གོང་དུ་གཞན་ལས་ཚད་མཐོ་བ་དགོས་ཞེས་བརྗོད་པ་གང་གི་ཚད་ཡིན་སྙམ་ན་ཤེས་རིག་གི་ཚད་མཐོ་བ་དགོས་ལུགས་བརྗོད་པ་ལས། ལྟོ་གོས་ཚད་མཐོ་བ་དགོས་བརྗོད་པ་མིན།
བོད་ཕྲུག་རྣམས་ངལ་རྩོལ་ལ་བརྟེན་པའི་ཤེས་ཡོན་ཅན་ཞིག་ཡོང་བ་བྱེད་དགོས།
རང་རེའི་བོད་ཡུལ་ནི་ཤར་ཕྱོགས་ཨེ་ཤ་ཡ་ནང་གནས་ཡོད་པ་དང༌། དེང་དུས་ནི་རང་ཅག་གནས་ཡུལ་རྒྱ་གར་ཡིན། རྒྱ་གར་ནང་ལོ་ལྔ་ཚུན་གྱི་འཆར་གཞི་བཏིངས་ནས་ཡར་རྒྱས་འགྲོ་བཞིན་ཡོད་ཀྱང༌། ད་ལྟའི་ཆར་སྤྱིར་བཏང་གྲོང་གསེབ་ཁག་ལ་རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བའི་གནས་ཚད་ལ་གཞིགས་ན། མི་རེར་ཉིན་རེ་ཨ་ན་འགའ་ཤས་ལས་མེད་ཚོད་འདུག་སྟབས། འཕྲལ་སེལ་རང་རེས་འདི་དག་ལ་བསྟུན་དགོས་པ་མ་གཏོགས། ཡོན་ཏན་སྦྱངས་མཇུག་ལྟོ་གོས་གནས་ཚད་མཐོ་ས་ཡུལ་གཞན་དུ་འགྲོ་ཐབས་སོགས་གང་ཡང་མེད། མ་འོངས་པར་བོད་ཡུལ་དུ་མི་འབོར་ཉུང་ལ། ས་རྒྱ་ཆེ་བས་ཐོན་འབབ་ལེགས་པོ་བཟོ་ཐུབ་ན། མི་ཡི་སྐྱེ་སྒོ་འགོག་དགོས་པ་སོགས་དཀའ་ངལ་དེ་ཙམ་ཨེ་ཡོང་སྙམ་ཡང༌། རེ་ཞིག་བར་འཛུགས་སྐྲུན་གྱི་ལས་འགོ་གཞི་ནས་འཛུགས་དགོས་པས་དཀའ་ངལ་ཆེན་པོའི་ལམ་དུ་མ་བསྐྱོད་ཐབས་མེད་ཡོང་རྒྱུ། གོང་དུ་ཤེས་རིག་བཀའ་བློན་ནས་སློབ་སྦྱོང་ཐོན་རྗེས་ལས་ཀ་འགྲོ་ཡུལ་ལ་བསམ་གཞིགས་དགོས་ཚུལ་ཟེར་བ་འདི་ཡང་གལ་ཆེན་པོ་འདུག བསམ་བློ་སྡུག་པ་མིན་ཡང༌། སྐྱིད་ལང་ཤོར་དྲགས་ན་སྐྱོན་ཡོད།
ཨ་རིར་སློབ་སྦྱོང་དུ་ཕྱིན་ནས་ཕྱིར་འཁོར་བ་འགའ་ཞིག་ནས་རྩྭ་ཐག་གི་ཉལ་ཁྲིའི་སྟེང་ཉལ་མི་ཐུབ་པ་དང༌། ལྟོ་ཟས་གང་བྱུང་ཟ་སྤྱོད་མི་ཐུབ་པ་ཡོང་གི་ཡོད་པ་འདྲ། ཁག་མེད། རང་ལས་གཞན་གཅེས་པར་འཛིན་པའི་བྱང་ཆུབ་ཀྱི་སེམས་དང༌། ཡང་ན། རང་རིགས་ལ་གཅེས་ཞེན་དཔྱིས་ཕྱིན་པ་ཞིག་མེད་ན་ཁག་པོ་རེད། རྒྱ་གར་དང༌། ཨ་རིའི་གཞུང་ནས་རང་ཡུལ་གྱི་གྲོང་གསེབ་སོ་ནམ་པར་དོ་སྣང་ཆེན་པོ་བྱེད་བཞིན་ཡང༌། སློབ་ཕྲུག་ཚོས་གྲོང་ཁྱེར་ནང་ཡིག་ཚང་གི་ལས་བྱེད་པ་སོགས་ཕོགས་ཟན་པ་བྱ་རྒྱུར་བློ་འདོད་ཆེ་བ་བྱས། དེས་རྐྱེན་གྲོང་ཁྱེར་དར་འཕེལ་བྱུང་ཡང༌། གྲོང་གསེབ་ལ་ཤུགས་ཀྱིས་ཉམས་རྒུད་བྱུང༌། ཨ་རིར་མཚོན་ན། སོ་ནམ་ཕལ་ཆེར་འཕྲུལ་འཁོར་གྱིས་བྱེད་བཞིན་ཡང༌། ད་དུང་ཕོགས་ཟན་བྱ་རྒྱུ་སྟབས་བདེ་པོ་ཡོད་ཚོད། དེ་བཞིན་དུ་རྒྱ་གར་ཡང་རྩ་བའི་མི་ཤུགས་སོ་ནམ་གྲོང་གསེབ་ཁག་ཏུ་ཡོད་པ་དང༌། གྲོང་གསེབ་རྩྭ་ཁང་ནས་སྐྱེས་པའི་བུ་ཕྲུག་ཅིག་ཡིན་རུང༌། སློབ་གྲྭ་ཐོན་རྗེས་རང་གི་ཨ་མར་ཞེ་བསུན་བྱས། རང་ཉིད་སྐྱེས་སར་སྡོད་མི་འདོད་པ་འབྱུང་མུས་སྟབས་རང་རེའི་སློབ་གྲྭ་ཁག་ཏུ་འཚོ་བའི་གནས་ཚད་བབ་མཚུངས་འགྲིགས་ངེས་ཤིག་གི་ཐོག་ཡོན་ཏན་གནས་ཚད་གོང་ནས་གོང་དུ་གཏོང་དགོས་པ་ཡིན།
ཡང་བུ་ཕྲུག་གི་ལུས་ཚོར་གནོད་རྐྱེན་ཡོང་གཞིའི་འཚོ་ཐབས་ཧ་ཅང་ཞན་པོ་ནི་ནམ་ཡང་མི་འགྲིགས། ཕྱིན་ཆད་བོད་ཕྲུག་རྣམས་ཇི་ལྟ་བུ་ཞིག་དགོས་ཤེ་ན། ངལ་རྩོལ་ལ་བརྟེན་པའི་ཤེས་ཡོན་ཅན་ཞིག་ཡོང་བ་བྱེད་དགོས། རྒྱ་མིས་ངལ་རྩོལ་དང་ངལ་རྩོལ་ཞེས་བརྗོད་དྲགས་པའི་དབང་གིས་ངལ་རྩོལ་ཞེས་པའི་ཚིག་འདི་གོ་དུས་རྣ་བར་ན་ཐིང་ཐིིང་ཞིག་ཡོང་གི་འདུག་ཀྱང༌། ངལ་རྩོལ་ལ་མ་བརྟེན་ན་ཡར་རྒྱས་འབྱུང་མི་ཐུབ་ལ། སྤྱི་སྒེར་གྱི་ཁེ་ཕན་ཅི་འདྲ་ཞིག་ཡིན་ཀྱང་ངལ་རྩོལ་པ་དང༌། མཁས་པ་ཐམས་ཅད་སློབ་ཕྲུག་འདི་དག་གི་ཁྲོད་ནས་ཡོང་དགོས་པར་བརྟེན་སློབ་ཕྲུག་རྣམས་ངལ་རྩོལ་ལ་བརྟེན་པའི་ཤེས་ཡོན་ཅན་ཞིག་འབྱུང་ཐབས་བྱ་དགོས། ལྟོ་གོས་འཚོ་བ་བཟང་དུ་གཏོང་རྒྱུ་ལས་སླ་ཡང༌། སྡུག་ཏུ་གཏོང་རྒྱུ་དཀའ་ངལ་ཆེ།
ད་དུང་དངོས་བྱུང་གི་དཔེ་ཞིག་ཞུས་ན། འདི་གར་ཨིན་ཡིག་ཕྲན་བུ་གལ་ཆེའི་རིགས་འབྲི་མཁན་ཁྲིམས་ལུགས་ཤེས་པའི་མི་ཞིག་དགོས་པ་ལ། ལོ་གཉིས་གོང་དུ་འབོམ་འབེ་ཁུལ་ནས་རྒྱ་གར་བ་ཞིག་གླ་འབོད་བྱས་པར། ཁོང་དྷ་སར་ཞག་གཉིས་ཙམ་བསྡད་རྗེས་མཐུན་རྐྱེན་འདི་འདྲར་སྡོད་ཐུབ་པ་མི་འདུག་ཅེས་ཕྱིར་ལོག་སོང༌། ཁོང་བློ་ངན་པ་མིན་ཡང༌། ལོ་མང་རིང་འཚོ་བ་ལང་ཤོར་གྱིས་རྐྱེན་པས་གནས་ལུགས་དེ་ལྟར་བྱུང༌། གནས་ཚུལ་གོ་ཐོས་དང༌། དངོས་བྱུང་ཉམས་མྱོང་དེ་དག་ཡོང་དུས། སློབ་ཕྲུག་གི་འཚོ་བ་སྤྱོད་སྟངས་ལ་བསམ་གཞིགས་ནན་ཏན་བྱ་རྒྱུ་གལ་ཆེན་པོ་འདུག་བསམ་པ་དྲན་བྱུང༌། རྒྱུ་མཚན་དེ་དག་ལ་གཞིགས་ན། རང་རེའི་སློབ་ཕྲུག་རྣམས་ངལ་རྩོལ་ལ་བརྟེན་པའི་ཤེས་ཡོན་ཅན་ཞིག་འབྱུང་ཐབས་བྱ་རྒྱུ་གལ་ཆེན་པོ་མཐོང་གི་འདུག ཅེས་དང༌།
ཆོས་སྲིད་གཉིས་ཀྱིས་ཐོག་ནས་ཡར་རྒྱས་མ་བཏང་ན། ད་ལྟའི་གནས་ཚུལ་འདིས་དགོས་མཁོ་སྐོང་མི་ཐུབ།
གལ་གནད་ཆེ་ཤོས་ནི། བོད་རིགས་ཚོར་མི་རིགས་རང་གི་ཁྱད་ཆོས་ལྡན་དགོས་པ་དེ་ཡིན། ཁྱད་ཆོས་ཅི་ཡིན་སྙམ་ན། རང་རིགས་ཀྱི་ཁྱད་ཆོས་ནི། འདི་ཕྱི་གཉིས་ཡོད། ཆོས་སྲིད་གཉིས་ལྡན། ལུགས་གཉིས་ཟུང་ལྡན་ཞེས་རང་རེའི་གནའ་དུས་ཕ་མེས་ཚོའི་དུས་ནས་བརྗོད་རྒྱུན་ཡོད་པའི་ལེགས་བཤད་དེ་ཡིན། དེ་ལ་ནང་པ་རྒྱབ་རྟེན་དུ་བཞག་ནས་བཤད་ན། སྐྱེ་བ་སྔ་ཕྱི་ཞེས་པའི་དྲི་དོན་འདིའི་ལན་འདེབས་ཆོས་ཀྱི་ཐོག་ནས་མ་གཏོགས། རྡུལ་ཕྲན་དང་ཡང་རླུང་ལ་སོགས་པའི་རིག་འཕྲུལ་གྱིས་ལན་འདེབས་ཐབས་མེད། འདི་ཕྱི་གཉིས་ལས་ཕྱི་མ་གཙོ་ཆེ་ཞིང༌། ཕྱི་མར་ཕན་པ་ཆོས་ལས་མེད། འོ་ན། ཆོས་ཁོ་ན་བྱས་པས་ཨེ་འགྲིགས་ཟེར་ན། བཀའ་གདམས་པའི་ཕུགས་ནོར་བཅུ་ལ་སོགས་པ་ཉམས་སུ་བླངས་ཏེ་ཆོས་གཤའ་མ་བྱེད་མཁན་ཞིག་ཡིན་ན་དེ་དོན་ལྟར་ཡིན་ཀྱང༌། མང་ཚོགས་སམ། མི་རིགས་ཀྱི་ཆ་ནས་བཤད་ན། ཆོས་པ་སྤུས་དག་གཅིག་དང༌། འབྲིང་པོ་བཅུ་བྱས་ན་བཅུ་འདེམས་ཤིང༌། ཕུགས་ནོར་བཅུ་ལག་ཏུ་བསྟར་མཁན་གཅིག་དང༌། དེ་མིན་བརྒྱ་བྱས་ན་ཕྱི་མ་གདམ་དགོས། ཆོས་སྲིད་གཉིས་ལྡན་ཟེར་བ་མི་བྱེ་བྲག་པ་གཅིག་ཁོ་ན་ལ་མིན་པར་མི་རིགས་སྤྱི་ཡི་ངོ་བོའི་ཐོག་ཏུ་ཚང་དགོས་ཤིང༌། རྡོ་རྗེ་མཆེད་གསུམ་ལྟ་བུ་བྱུང་ཡང༌། དེས་མི་རིགས་འཛུགས་སྐྲུན་བྱེད་མི་ཐུབ་ལ་མི་རིགས་ཀྱི་བསྟན་པ་འཛིན་མི་ཐུབ། མི་རིགས་ཀྱི་བསྟན་པ་རྒྱ་ཆེའི་མང་ཚོགས་ཀྱིས་འཛིན་དགོས། ཆོས་ཁོ་ན་ལས་འཇིག་རྟེན་ལ་དོ་སྣང་གཏན་ནས་མ་བྱས་ན་མི་འགྲིགས་པ་ལོ་རྒྱུས་ཉམས་མྱོང་གིས་གསལ་པོར་བསྟན་ཡོད། འཇིག་རྟེན་འབའ་ཞིག་ལས་ཆོས་ལ་དོ་སྣང་མ་བྱས་ན་ཡང་བོད་མི་རིགས་ཀྱི་ཁྱད་ཆོས་གཅིག་པུ་དེ་སྟོར་བ་ཡིན་པས་དེ་ནི་མི་རིགས་རང་ཉིད་ལ་ལྟོས་ཀྱང་མི་འགྲིགས་ལ། འཛམ་གླིང་སྤྱིར་ལྟོས་ཀྱང་མི་འགྲིགས།
སྤྱིར་ན་འཛམ་གླིང་ཤར་ཕྱོགས་པ་བསམ་བློའི་ཡར་རྒྱས་ཆེ་ཞིང༌། ནུབ་ཕྱོགས་པ་དངོས་པོའི་ཡར་རྒྱས་ཆེ་བ་ཡིན། ད་སྐབས་འགྲིམ་འགྲུལ་བདེ་བས་ཤར་ནུབ་འབྲེལ་ཐག་ཇེ་ཉེར་འགྱུར་སྐབས་ནུབ་ཕྱོགས་པ་ཤར་ཕྱོགས་ཀྱི་རིག་གནས་ལ་དགའ་བ་དང༌། ཤར་ཕྱོགས་པས་ནུབ་ཕྱོགས་ཀྱི་དངོས་པོའི་ཡར་རྒྱས་ལ་དོ་སྣང་བྱེད་བཞིན་པའི་སྐབས་ཡིན་པས། རང་རེས་ཀྱང་དེ་གཉིས་ཀ་ཚང་བ་བྱ་དགོས། དེང་དུས་དང་མཐུན་པའི་དངོས་པོའི་ཡར་རྒྱས་ཚད་ལོངས་པ་ཞིག་གི་ཐོག་སྔར་ཡོད་ཆོས་ཀྱི་སྣང་བ་མ་ཉམས་པར་འབྱུང་ཐུབ་ན་ཤིན་ཏུ་ལེགས། དཔལ་འབྱོར་ཚད་ལོངས་དགོས་པ་ཡང་གནད་གལ་ཆེན་པོ་ཡིན། རྐ་ཡུར་མ་བྲུས་པར་ཆར་འབེབས་ཁོ་ན་བྱེད་པ་དང༌། ཆར་འབེབས་ནམ་ཡང་མི་བྱེད་པ། ནད་པས་ཞབས་བརྟན་ཁོ་ན་སྒྲུབ་པ་དང༌། སྨན་ཁོ་ནར་སྤྱོད་པ་དེ་ལྟར་བྱེད་མི་རུང་བ་ལྟར། ཕྱིན་ཆད་རང་རེས་ཆོས་སྲིད་གཉིས་ཀའི་ཕྱོགས་ནས་ཡར་རྒྱས་ཤུགས་ཆེན་པོ་མ་བཏང་ན། ད་ལྟའི་གནས་ཚུལ་གྱིས་དགོས་མཁོ་མི་འདང་ཞིང༌། འགྲིགས་མི་ཐུབ།
ཆོས་སྲིད་གཉིས་ལྡན་ཞེས་པའི་སྲིད་དེ་ཨིན་སྐད་ཀྱི་པོ་ལེ་ཀྲིག་(Politic)ཟེར་བའི་སྲིད་བྱུས་དེ་མིན་པར་འཇིག་རྟེན་སྲིད་ལུགས་ཀྱི་སྲིད་ལ་གོ་དགོས་ཤིང༌། དེང་དུས་སྲིད་བྱུས་ཕལ་ཆེར་གཡོ་འཕྲུལ་གྱི་ཐབས་བྱུས་ལ་བརྟེན་པ་འགའ་ཞིག་ནས་ཆོས་སྲིད་གཉིས་ལྡན་ཟེར་བ་འབྱུང་མི་ཐུབ་ཟེར་མཁན་ཡང་འདུག ང་ཚོས་ཆོས་སྲིད་ཟུང་འབྲེལ་བྱེད་པའི་སྲིད་ནི་དེ་འདྲའི་སྲིད་བྱུས་མིན་པར་འཇིག་རྟེན་སྲིད་ལུགས་ཀྱི་སྲིད་ཡིན་པས། དེ་དང་ཆོས་ཟུང་འབྲེལ་ཡོང་དགོས་ལ་ཡོང་ཐུབ་པ་ཡང་ཡིན། དཔེར་ན། ཞིང་པ་ཞིག་གིས་སྔར་གྱི་སོ་ནམ་མཁོ་ཆས་ཐབས་ཞན་པོ་རྣམས་མིན་པར་དེང་དུས་དང་མཐུན་པའི་འཕྲུལ་འཁོར་གྱི་རིགས་ལ་བེད་སྤྱོད་བྱེད་སྐབས་དེས་སྲིད་ལུགས་ཡར་རྒྱས་ཀྱི་ཁྱད་ཆོས་ཚང་ཞིང༌། ནང་གི་བསམ་བློའི་ཐོག་ཆོས་མེད་ཀྱི་མི་དང་མི་འདྲ་བར་ཆོས་དད་བརྟན་པོ་དང༌། ཁ་འདོན་དགེ་སྦྱོར་བྱས་ཚེ་ཆོས་ཀྱི་ཁྱད་ཆོས་ཚང་བས་དེ་འདྲའི་སོ་ནམ་པ་དེས་ཆོས་སྲིད་ཟུང་འབྲེལ་སྤྱོད་ཐུབ་པ་ཡིན། དེ་ལྟ་བུའི་སྲིད་ལུགས་དེ་ཡར་རྒྱས་བྱ་འཕུར་བ་ལྟར་འགྲོ་ངེས་པ་ལས། འདི་མུར་ནམ་ཡང་སྡོད་མི་ཐུབ། འོ་ན་རང་རེས་ཁྱད་ཆོས་གལ་ཆེ་བ་ཅི་ཞིག་ལ་འབད་དགོས་ཟེར་ན། ཆོས་དང་ལྡན་པའི་ཁྱད་ཆོས་ཚང་ཐབས་ལ་འབད་དགོས། དེ་ཡང་ང་ཚོར་ཆོས་དགོས་ཞེས་པའི་དོན་ནི། དགོན་པ་དང༌། ལྷ་ཁང་བཞེངས་པ། གྲྭ་པར་ཆོས་གཞིས་དགོས་ལུགས། བླ་མ་དགོས་པ། དེ་ལ་ཕྱག་མཛོད་དང༌། གསོལ་དཔོན་དགོས་པ་སོགས་ཀྱི་དོན་གཏན་ནས་མིན། དེ་རྣམས་ནི་རུལ་པའི་ལམ་དུ་བསྐྱོད་པ་ཞིག་ལས། དགེ་མཚན་སྤུ་རྩེ་ཙམ་མེད་པ་དངོས་བྱུང་ལོ་རྒྱུས་ནས་ར་འཕྲོད་གསལ་པོ་བྱུང་ཟིན། བླ་མ་རང་གིས་བྱུང་ན། བླ་བྲང་དང༌། ཕྱག་མཛོད་སོགས་དགོས་པ་མེད་ལ། ལྷ་ཁང་ཀླད་པའི་ནང་ཡོད་ན་ཟུར་དུ་དགོས་དོན་མེད། དགོན་པ་ཞེས་ཞག་དྲི་བྱིང་ངེར་བསྡད་པ་དེ་ལས། སློབ་གྲྭ་ཁག་ཏུ་དགེ་འདུན་གྱི་བསྟི་གནས་ཕུན་སུམ་ཚོགས་པ་ཞིག་ཚུགས་ན་དེ་ག་ལེགས། དེ་ནས་ཆེས་མཐོའི་སློབ་གྲྭ་བཙུགས་པས་ཆོག
ཚེ་དང་སྒྲུབ་པ་མཉམ་པའི་ཉམས་ལེན་བྱེད་མཁན་ཚོ་ནི་གནས་གང་བཟང་དང༌། ཆུ་གང་བཟང་དུ་བསྐྱོད་པ་ལས། མཐའ་གཅིག་ཏུ་དགོན་པ་ཞིག་ནང་སྡོད་པའི་ངེས་པ་གང་ཡང་མེད། སྔར་རྒྱ་གར་གྱི་ནཱ་ལེནྡྲ་སོགས་ཀྱང་ཆོས་ཀྱི་སློབ་གྲྭ་རང་ཡིན་ཞིང༌། བོད་དུ་ཡོད་པའི་གདན་ས་ཆེ་ཁག་ཚོ་ཡང་ཆོས་ཀྱི་སློབ་གྲྭ་ཁོ་ན་ཡིན་རུང༌། ལེགས་ཆའི་དོན་དང་རྣམ་འགྱུར་རྣམས་མ་ཐོན་པར་དེའི་ནང་ཚོང་ལས་དང༌། འབྲུ་གཉེར། དངུལ་གཉེར། མི་སེར་གྱི་འགོ་ཚིས་བྱེད་པ་སོགས་གཞིས་ཆགས་ཀྱི་གནས་ཡུལ་ལྟ་བུའི་རྣམ་འགྱུར་ངན་པ་རྣམས་ཐོན་དུས་རུལ་གཡའ་ཕོག་པ་གསལ་པོར་བསྟན་ཡོད། གནས་ཚུལ་དེ་ལྟ་བུས་ཕྱིན་ཆད་ཁུངས་མི་འཁྱོལ་བས་མ་ཚད། སྤྱི་ཚོགས་ཡར་རྒྱས་ཀྱི་གནས་ཚུལ་ལ་སྐྱོན་འབྱུང་ངེས་ཡིན།
ཆོས་ལྡན་ཞེས་པའི་ཁྱད་ཆོས་དེ་བོད་མི་རིགས་སྤྱི་ལ་ཚང་དགོས་པ་ལས། གྲྭ་རིགས་གཅིག་པུར་ཚང་བའི་དོན་མིན། ཕྱིན་ཆད་སྐྱ་སེར་ཕོ་མོར་མ་ལྟོས་པར་བོད་མི་རིགས་སྤྱི་ལ་ཆོས་ལྡན་གྱི་ཁྱད་ཆོས་ཚང་དགོས། དེ་ཡོང་བ་ལ་སློབ་གྲྭའི་ནང་ནས་ཆོས་སྲིད་གཉིས་ལྡན་དུ་ཁྲིད་རྒྱུ་གལ་གནད་ཤིན་ཏུ་ཆེ་བས། ལག་ལེན་འགེལ་སྟངས་ཀྱང་དུས་བསྟུན་ཁྱད་པར་བ་ཞིག་དགོས་པ་ལས་སྔར་ལུགས་ཁོ་ནས་མི་འགྲིགས།
ཆོས་ཁྲིད་དེ་གོ་བ་ཆགས་པ་དང། ཡིད་ཆེས་རྙེད་དེ་ཤེས་ནས་དད་པ་ཐོབ་པ་ཞིག་བཟོ་རྒྱུ་གལ་ཆེ།
དེ་རིང་འདིར་ཆོས་སྐོར་མང་པོ་ཞུས་དགོས་དོན་མེད་ཀྱང༌། ཤེས་རིག་སློབ་སྦྱོང་སྤྲོད་ཕྱོགས་དང་འབྲེལ་བ་ཡོད་སྟབས་ཕྲན་བུ་མ་བརྗོད་མཐུ་མེད་ཡིན། ང་ཚོས་སློབ་ཕྲུག་ཚོའི་བསམ་བློའི་འགོ་ཁྲིད་བྱ་དགོས། ཆོས་ཞེས་པ་ཡང་ནང་བསམ་བློའི་བྱེ་བྲག་ཅིག་ཡིན་ཞིང༌། དེ་ཡང་བློ་ཕུགས་སུ་མ་རྩ་འམ་རྒྱུ་མཚན་དང་ལྡན་པ་དགོས་པ་ལས། དཀོན་མཆོག་ཡོད་མེད་དང༌། ཅི་ཡིན་ངོ་མ་ཤེས་པར་སྐྱབས་སུ་འགྲོ་བ་ལྟ་བུར་མ་སོང་བ་དགོས། ཚུལ་དེས་མི་བྱེ་བྲག་པར་ཕན་ཡོན་འབྱུང་སྲིད་ཀྱང༌། མི་རིགས་སྤྱིའི་ཆ་ནས་དེས་མི་འགྲིགས།
དབང་རྣོན་ཆོས་ཀྱི་རྗེས་འབྲང་དང༌། དབང་རྟུལ་དད་པའི་རྗེས་འབྲང་གཉིས་ཡོང་རྒྱུར། རང་རེས་སྔ་མའི་ལུགས་སུ་བྱས་ནས་ཁྲིད་དགོས་པ་མ་གཏོགས་རྒྱུ་མཚན་གང་ཡང་མ་བརྗོད་པར་བླ་མ་དང༌། སངས་རྒྱས་རྩ་བ་ཆེན་པོ་ཡིན་ཟེར་བ་སོགས་བྱས་པས་ནམ་ཞིག་རང་གྲི་རང་ལ་འཛུགས་ཉེན་ཡོད། རང་རེས་ཆོས་ལ་ཁྲིད་སྟངས་འདྲ་མིན་བྱུང་བ་ལས། ཆོས་ལ་ཁྲིད་རྒྱུ་མེད་པ་མིན། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཐམས་ཅད་རིགས་པ་ཡང་དག་དང་ལྡན་པ་ཤ་སྟག་ཡིན། མངོན་སུམ་གྱིས་གཞལ་མི་ཐུབ་པའི་རིགས་རྗེས་དཔག་གིས་གཞལ་དགོས་ཀྱང༌། དོན་གྱི་མཐར་གཏུགས་ན་མངོན་སུམ་ཉིད་ལ་ཐུག་པ་ཤ་སྟག་ཏུ་གསུངས་པ་ལྟར་ཡིན་ཐག་ཆོད་ཡིན། གནས་ལུགས་དེ་རྣམས་གྲྭ་རིགས་དང༌། མཚན་ཉིད་པས་མ་གཏོགས་མི་ཤེས་ཟེར་བ་ལྟ་བུར་སྦས་ནས་མ་བཞག་པར་སློབ་ཕྲུག་ཡོངས་རྫོགས་ལ་བསླབ་དགོས།
ཕྱི་རོལ་པ་འགའ་ཞིག་ནས་ཐར་པ་གདུགས་ཁ་གྱེན་དུ་བསླངས་པ་ལྟ་བུ་ཡོད་ཚུལ་བརྗོད་པ་ལ་རང་རེས་རྟོག་བཏགས་སུ་མཐོང་བ་ལྟར། སློབ་ཕྲུག་ཚོས་ཀྱང་དཀོན་མཆོག་ཡོད་མེད་ཀྱི་རྒྱུ་མཚན་མ་མཐོང་ན་རང་རེས་ཇི་ལྟར་བཤད་ཀྱང་རྟོག་བཏགས་སུ་མཐོང་ཉེན་ཡོད། ཆོས་ཀྱི་ཁྲིད་སྟངས་ལེགས་པོ་དགོས་པའི་སྐོར་སྔོན་དུ་གླེང་མོལ་བྱུང་དོན་ཕྲན་བུ་གསར་ཤོག་ཏུ་ཐོན་སོང་སྙམ་པ་ལྟར། ནང་པ་སངས་རྒྱས་པའི་ཆོས་ལ་ཡིད་ཆེས་ཡོད་པ་གཞི་བཞག་གི་ཐོག་ནས་ཁྲིད་སྟངས་བོད་ཀྱི་སྔར་ལུགས་ལྟ་བུ་མིན་པར། སྔ་དུས་རྒྱ་གར་མཁས་པའི་ཁྲིད་ལུགས་ལྟར་བྱ་དགོས་པར་མཐོང་གི་འདུག
དེ་ལ་སྤྱིར། ཆོས་སྲིད་ཀྱི་ཡ་གྱལ་ཆོས་སུ་གྲགས་པའི་ཆོས་ཡོད་མེད་གཉིས་དང༌། དེ་ལའང་ཕྱི་ནང་གཉིས། དེ་དག་ལའང་ནང་གསེས་འདྲ་མིན་མང་པོ་ཞིག་ཡོད་པའི་ཆོས་ལུགས་འདྲ་འདྲའི་ནང་ནས་དཔུང་པ་བརྡར་ཏེ་ནང་པ་སངས་རྒྱས་པའི་གྲུབ་མཐའ་གོང་མ་རྨ་མེད་པར་འཁྲིད་པ་ལ། རྩ་བ་གཞི་ལམ་འབྲས་བུའི་རྣམ་གཞག་འདི་དང་འདི་ལྟ་བུ་ཡིན། འབྲས་བུ་འདི་འདྲ་ཡོང་བ་ལ་ལམ་འདི་འདྲར་བརྟེན་དགོས། ལམ་འདི་འདྲར་བརྟེན་དགོས་པའི་གནས་གཞི་ཡི་གནས་ཚུལ་འདི་ལྟ་བུ་ལ་ཐུག་པ་རེད་ཅེས་མིག་སྟོན་མཛུབ་བཙུགས་ཀྱིས་ཚུལ་དུ་མྱངས་ན་རོ་དང༌། བལྟས་ན་མཐོང་རྒྱུ་ཡོད་པ་ཞིག་ཤོད་དགོས།
སེམས་ཞེས་པར་དབྱིབས་དང༌། ཁ་དོག་མེད་ཀྱང༌། སེམས་ཡོད་པ་ངོ་སྤྲད། སེམས་ཀྱི་དྲི་མ་ཟད་རུང་ཡིན་པ་ལ་སོགས་པ་ཐོག་མར་རང་གི་མྱོང་བ་ལ་གཏུགས་ནས་གཞལ། དེ་ནས་རིམ་བཞིན་རིགས་པས་དཔག་སྟེ། ཆོས་ཀྱི་ཚུལ་ལ་ཐོག་མ་ནས་རིགས་ལམ་དུ་བཀྲི་རྒྱུ་གལ་ཆེ་བ་ལས། དེ་མིན་ཁྱོད་བོད་པ་ཡིན་པས་མ་ཎི་བགྲང་དགོས་ཟེར་བ་ལྟ་བུ་བྱུང་ན་མི་འགྲིགས།
ལག་ལེན་དུ་འཁེལ་ཡོད་མེད་ཇི་ལྟར་ཡང༌། སུད་སི་ཁུལ་དུ་སློབ་ཕྲུག་ཕོ་མོ་ཁྱད་མེད་ལ་མཚན་ཉིད་བསླབ་རྒྱུའི་གླེང་མོལ་ཞིག་བྱུང་བར་དེ་དག་ལེགས་པོ་ཡོང་གི་རེད་བརྗོད་རྒྱུ་བྱུང༌། མ་འོངས་པར་བོད་མི་རིགས་སེར་སྐྱ་ཕོ་མོ་དབྱེར་མེད་ཚང་མར་མཚན་ཉིད་ཀྱི་རིག་པའི་རྣམ་གཞག་གི་འགྲོ་ལུགས་སློབ་དགོས། རྣམ་འགྲེལ་ལེའུ་བཞིའི་བདག་ཉིད་ཅན་ལྟ་བུ་ཆ་ཚང་མིན་ན་ཡང༌། ཚུལ་གསུམ་ལ་སོགས་པའི་འགྲོ་ལུགས་རྣམས་ངེས་པར་བསླབ་དགོས། གཞི་རྩ་སློབ་དེབ་རིམ་བཞིན་བཟོ་རྒྱུའི་འཆར་རྩིས་ཡོད་པ་ལྟར། འདི་ལྟ་བུ་བྱུང་ན་རིག་པའི་སྒོ་ཕྱེ་ཐུབ་པ་ཡིན་པས་ངེས་པར་དགོས་མཁོ་ཆེ་བར་མངོན། ད་ཡོད་སློབ་དེབ་ཁག་གི་ནང་ཆོས་ཀྱི་སྐོར་སྤྱི་ཡི་དབང་དུ་བྱས་པ་ཙམ་ལས། ཆོས་རང་གི་སློབ་དེབ་འདི་ཡིན་ལོགས་སུ་མེད་སྟབས་མ་སུ་རི་དང༌། སིམ་ལ། རྡོར་གླིང་སོགས་སློབ་གྲྭ་ཁག་ལ་ཁྲིད་སྟངས་ཕྲན་བུ་མི་འདྲ་བ་བྱུང་ཡོད་འདུག་ཅིང༌། དེ་དག་སོ་སོར་ལེགས་ཆ་རེ་ཡང་བྱུང་འདུག གང་ལྟར་འདི་སྐོར་རང་རེས་བསམ་གཞིགས་བྱེད་དགོས་པར་མཐོང༌། ཕྲན་གྱི་བསམ་པར། སློབ་གྲྭ་ཚང་མར་གཅིག་གྱུར་གྱི་གཞུང་ཞིག་རྩ་བར་བཟུང་ན་སྙམ། བསྟན་དོན་ལམ་གྱི་རིམ་པར་བསྒྲིགས་ཏེ་སྟན་ཐོག་གཅིག་ཏུ་ཇི་ལྟར་ཉམས་སུ་ལེན་ཚུལ་འཆད་པ་ཤིན་ཏུ་ལེགས་ཀྱང༌། དེའི་སྔ་རོལ་དུ་ནང་པའི་ཆོས་ལ་རྨང་གཞིའི་ཡིད་ཆེས་སྐྱེ་བའི་རྒྱུ་མཚན་རྣམས་ནང་པ་ཡིན་མིན་ལ་མ་ལྟོས་པར་ཚང་མར་ལེགས་པར་བཤད་དེ། བསྟན་པའི་་རྒྱུ་མཚན་ཤེས་ནས་དད་པ་ཐོབ་པའི་འོག་ཏུ། གཞི་ནས་འགོ་དགེ་བའི་བཤེས་གཉེན་བསྟེན་ཚུལ་ནས་མཇུག་མི་སློབ་པའི་ཟུང་འཇུག་བར་གྱི་ལམ་ཇི་ལྟར་ཉམས་སུ་ལེན་པའི་རིམ་པ་རྣམས་བཤད་ན་ལེགས་པར་མངོན།
དྭགས་པོའི་ཐར་རྒྱན་ལའང་ཐོག་མར་རིགས་བཤད་དེ། རིགས་དེ་རང་ལ་ཡོད་ན་སངས་རྒྱས་འགྲུབ་རུང་དང༌། དྲི་མ་འབྲལ་རུང་ཡིན་པ་བཤད་པའི་འོག་ཏུ་ལམ་དངོས་གཞི་བྱིངས་དང་མཐུན་པར་བཤད་པ་ལེགས་ཤིང་མཛེས། གང་ལྟར་ཐོག་མར་ཆོས་ཀྱི་གཞི་རྩའི་རྒྱུ་མཚན་རྣམས་ལེགས་པར་བཤད་ནས་གོ་བ་ཆགས། ཡིད་ཆེས་རྙེད། ཤེས་ནས་དད་པ་ཐོབ་པ་ཞིག་བྱ་རྒྱུ་གནད་ཆེན་པོ་འདུག དེ་ཡང་རྒྱ་གཞུང་ཕར་ཕྱིན། མངོན་རྟོགས་རྒྱན་ལྟ་བུ་ཐོག་མའི་དུས་རྒྱས་དྲགས་པར་སྣང་ན། ནང་གསེས་སེམས་བསྐྱེད་དང༌། སྐྱབས་གསུམ་སྐོར་གདམས་ངག འབྲས་བུའི་རྣམ་གཞག་སྐོར་འཁྲིད་པ་ལེགས་སམ། ཡང་ན། ནང་པ་སངས་རྒྱས་པར་ཐོག་མར་འཇུག་པའི་སྒོ་སྐྱབས་འགྲོ་ཡིན་ལ། རིགས་ཀྱི་སྐོར་ཡང་ཡོད་པས་རྒྱུད་བླ་མ་ལྟ་བུའམ། དེ་མིན་རྒྱ་གཞུང་ཉུང་བསྡུས་ཤིག་གང་ལེགས། ངེད་རང་དཔེ་ཆ་སློབ་གཉེར་ཞན་པས་བརྗོད་མི་ཤེས་ཀྱང༌། གཞན་དག་ནས་དགོངས་འཆར་འདོན་ཐུབ་རྒྱུར་ཅི་ལེགས་བསམ་གཞིགས་བྱེད་དམ། ཡང་གྲུབ་མཐའ་ཞིག་གི་སྟེང་ནས་འཁྲིད་ན། འཇམ་དབྱངས་བཞད་པ་དང༌། ལྕང་སྐྱ་ལ་སོགས་པ་ཤིན་ཏུ་ལེགས་ཀྱང༌། རེ་ཞིག་རྒྱས་དྲགས་ཤིང༌། སློབ་ཕྲུག་ཚོས་གནས་སྐབས་དོན་ཇི་བཞིན་མ་རྟོགས་ཀྱང༌། ས་བཅད་ཀྱི་གོ་རིམ་ཙམ་དང༌། ཚིག་ཙམ་བློ་ངེས་ཐུབ་ན་ཇེ་རྒྱས་སུ་གཏོང་སླ་བས་རེ་ཞིག་དཀོན་མཆོག་འཇིགས་མེད་དབང་པོའི་གྲུབ་མཐའ་ཙམ་ནས་འཁྲིད་ཀྱང་ལེགས་སམ་སྙམ།
ས་རྙིང་བཀའ་བོན་བཅས་ནས་དགོངས་ཚུལ་འདྲ་མིན་ཡོང་སྲིད་རུང༌། འདི་ནི་འཕགས་ཡུལ་དུ་སྔར་ཡོད་ཕྱི་ནང་གི་གྲུབ་མཐའ་རིས་སུ་མ་ཆད་པའི་གནས་ལུགས་འཆད་པ་ཞིག་ཡིན་པས་འགལ་བ་གང་ཡང་མེད། ས་དགེ་བཀའ་རྙིང་བོན་བཅས་རིས་མེད་སློབ་གྲྭ་སྤྱི་ཡོངས་སུ་དེ་ལྟ་བུའི་གྲུབ་མཐའ་ཞིག་སློབ་འཁྲིད་བྱས་ན། བདེན་གཉིས་དང༌། ཚད་མའི་རྣམ་གཞག ཡུལ་དང་ཡུལ་ཅན་ལ་སོགས་པ་རྩ་བའམ། གཞི་རིམ་གྱི་ནང་པའི་ཆོས་ཀྱི་གནས་ལུགས་རྒྱུ་མཚན་རྣམས་གོ་ཤེས་ཐུབ་རྒྱུ་དང༌། དེའི་སྟེང་ཚད་མ་རིག་པའི་འགྲོ་ལུགས་ཀྱང་ཕྲན་བུ་བསླབས། འཛིན་གྲྭ་དྲུག་པ་བདུན་པ་ལྟ་བུ་མཐོ་རིམ་ཚོའི་བློ་ཚོད་ལ་དཔགས་པའི་གྲུབ་མཐའ་བགོས། དེ་ནས་བསྟན་དོན་ལམ་གྱི་རིམ་པར་བསྒྲིགས་ཏེ་བསྟན་རན་པའི་སྐབས་ལམ་རིམ་ཆེ་ཆུང་ལྟ་བུའི་ས་བཅད་སྟེང་ནས་ཁྲིད་རུང་ལེགས་ལ། ཐར་རྒྱན་དང༌། ཡིད་བཞིན་མཛོད་སོགས་སྒོས་ཆོས་སྐབས་བབ་གང་ཆེ་བསླབ་རྒྱུ་ཡོད་པ་དེ་ལྟ་བུ་ཞིག་བྱུང་ན་ལེགས་གནས་སྙམ།
རྗེས་སུ་མཐུན་རྐྱེན་ཚང་ན་ཆོས་ཀྱི་སློབ་དེབ་ཟུར་དུ་བཟོ་དགོས་ཀྱི་མེད་དམ་སྙམ་པས་འདི་སྐོར་བྱིངས་ལའང་དགོངས་འཆར་ཡོད་ཤག་ལྟར་དགོངས་བཞེས་གནང་ལུགས། དེ་ལྟར་སློབ་གྲྭ་ཚང་མར་གཞུང་གཅིག་གཞི་བཞག་བྱས་ནས་བསླབས་ན། བཤད་པ་རྒྱས་མིན་ཙམ་ལས། གླེགས་བམ་བྱེ་བྲག་པ་མང་པོ་སྦྱངས་པ་མིན་པར། གྲུབ་མཐའ་ཆེ་ཁག་བཞིའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་སྙིང་པོ་རགས་རིམ་རྣམས་ཆ་ཚང་ཤེས་ཐུབ་པ་བྱུང་ན་ལེགས་པོ་ཡོང་ངེས།
ཁྲིད་སྟངས་མཚོན་དོན་གཞན་ཞིག་ཞུས་ན། མངོན་རྟོགས་རྒྱན་དུ་བྱམས་པ་མགོན་པོས་ཡུམ་གྱི་གདམས་ངག་འཆད་ལུགས་དེའི་མིང་དུ་ཡང་གདམས་ངག་ཅེས་བཏགས་ཡོད་ལ། དོན་དུ་ཡང་སེམས་ལ་ཤིན་ཏུ་ཕན་ཆེ་བར་སྣང༌། དེར་ཐོག་མར་བདེན་གཉིས་བཤད་པ་ལྟར། རང་རེས་ཀྱང་མདུན་ན་ཡོད་པའི་དངོས་པོ་ཅོག་ཙེེ་ཤོག་བུ་སོགས་ལ་སྦྱར་ཏེ་དེ་དག་ཆ་ཤས་འདུས་པའི་ལྟོས་གྲུབ་ཡིན་པ་དང༌། མིང་རྐྱང་བཏགས་ཡོད་ཙམ་ཡིན་པའི་གནས་ལུགས་ལེགས་པོ་བཤད་ན། ང་ཚོས་བཅོམ་ལྡན་འདས་དང༌། ཀླུ་སྒྲུབ་ཀྱི་ལུང་འདྲེན་མ་བྱས་ཀྱང༌། དངོས་ཡོད་ཀྱི་གནས་ཚུལ་བཤད་པ་དེར་བུ་ཕྲུག་ཚོ་དང༌། ཕྱི་རྒྱལ་ཚན་རིག་མཁས་པ་སུ་འདྲ་ཞིག་གིས་ཀྱང་མ་རེད་ཅེས་བརྗོད་མི་ཐུབ། ལྟོས་གྲུབ་ཀྱི་ངོ་བོ་རང་བཞིན་སྟོང་པ་ཡིན་པའི་གནས་ཚུལ་གྱི་སྟེང་ནས་དོན་དམ་བདེན་པ་འཇོག་ཤེས་པ་དང༌། ཐ་སྙད་བྱ་བྱེད་འཐད་པའི་རྟེན་འབྲེལ་མངོན་སུམ་བསྙོན་མེད་དུ་ཡོད་པས་ཀུན་རྫོབ་བདེན་པ་འཇོག་ཐུབ་པའི་བདེན་གཉིས་ཐོག་མ་ཁོ་ནར་བཤད་པ་འདིར་ཁོང་བྱམས་པ་མགོན་པོས་དགོངས་པ་ཆེན་པོ་ཞིག་བཞེས་པ་ཡིན་ངེས་པས་གོ་རྒྱུ་ཤིན་ཏུ་ཆེན་པོ་ཡོད།
དཔལ་ལྡན་ཟླ་བས་ཚིག་གསལ་སྐབས་བཤད་པ་ལྟར། བདེན་གཉིས་འཐད་ན། སྐྱེ་འཇིག་འཐད། སྡུག་བསྔལ་འགག་པ་སོགས་འཐད་པས་བདེན་བཞི་འགྲུབ། རང་རེར་སྡུག་བསྔལ་ཡོད་པ་ནི་མངོན་སུམ་མྱོང་གྲུབ་ཡིན་ཅིང༌། སྡུག་བསྔལ་དེ་རྒྱུ་རྐྱེན་ལ་བརྟེན་ནས་སྐྱེ་བས་ན་ཀུན་འབྱུང་འགྲུབ། འགོག་ལམ་གཉིས་མྱོང་བས་ངེས་མ་ཐུབ་ཀྱང༌། དྲི་མ་ཟད་རུང་དང༌། དྲི་མ་ཆོས་ཀྱི་དབྱིངས་སུ་ཞི་བའི་འགོག་པ་དང༌། ཐོབ་བྱེད་ལམ་སྟེ་བདེན་བཞི་འཐད། བདེན་བཞི་འཐད་པས་དགེ་འདུན་དང་ཆོས། སངས་རྒྱས་རྣམས་འཐད་པའི་ཚུལ། སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །ཞེས་པ་ལྟར་ལེགས་པར་བཤད་པའི་སྐབས་སུ། བདེན་གཉིས་མེད་ན་མ་གཏོགས་དཀོན་མཆོག་ངོ་ཐོག་འདུག་སྙམ་དུ་ངེས་ཤེས་སྐྱེས་ཏེ་རྒྱུ་མཚན་ཤེས་ནས་དད་པ་ཐོབ་པའི་སྐབས་འདིར་མི་དེའི་སྐྱབས་འགྲོ་སྤུས་དག་འོང་བ་ཡིན་པ་མ་གཏོགས། བོད་མི་ཡིན་པས་སྐྱབས་འགྲོ་བྱ་དགོས་ཟེར་བ་ལྟ་བུ་བྱས་ན་ནམ་ཡང་མི་འགྲིགས།
མངོན་རྟོགས་རྒྱན་གྱི་ཚིག་ཟིན་དུ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དངོས་སུ་བཤད་པ་མེད་ཀྱང༌། བྱ་བ་ངན་ཞེན་གྱི་ལེ་ལོ་འགོག་པ་ལ་སོགས་པའི་སྐབས་སྐྱེས་བུ་ཆུང་འབྲིང་གི་ལམ་དང་སྦྱར། དེ་ནས་ལམ་གོང་མའི་ཁྱད་པར་རྣམས་བཤད་ན། བསྟན་པའི་གནས་ལ་གོ་བ་དཔྱིས་ཕྱིན་པ་སྟེར་བས། བྱམས་པ་མགོན་པོས་གཞུང་གི་གོ་རིམ་ད་ལྟའི་དུས་ཚོད་དང་མཐུན་པར་བསྒྲིགས་མེད་དམ་སྙམ་པ་ངེད་རང་སྒེར་གྱི་བསམ་ཚུལ་ཡིན་པས་འདི་དག་ཀྱང་དེ་རིང་འདིར་ཆོས་དགེ་མང་པོ་འདུས་ཡོད་སྟབས་ཞུས་པ་ཡིན།
མི་རབས་རྗེས་མ་ཚོར་དྲིན་ཆུང་ཆུད་ཟོས་སུ་མི་འགྲོ་བའི་བསམ་བློ་གཏོང་དགོས།
གང་ལྟར་འདི་སྐོར་ཇི་ལྟ་བུ་བྱས་ན་ལེགས། བསམ་བློ་གཏིང་རིང་པོ་དང༌གཟབ་གཟབ་ཅིག་མ་བཏང་བར་བོད་ཀྱི་ཁ་ཐབས་ལ་བལྟོས་ཏེ་ད་ལྟ་གང་ལེགས་ཡོད་སྙམ་དུ་ཆོག་ཤེས་ཀྱིས་འདི་མུར་ལུས་ན་འགྲིགས་ཐབས་མེད། སྤྱིར་ན་ཆོས། ཤེས་རིག རིག་གཞུང༌། སྲིད་བྱུས། དཔལ་འབྱོར། དམག གཞུང་སོགས་ཀྱི་གནད་དོན་རྣམས་འབྲེལ་མེད་ཐ་དད་ལྟ་བུར་མངོན་ཡང༌། དེ་དག་ཐམས་ཅད་ཀྱི་རྩ་བ་མིས་བྱས་པ་ཡིན་གཤིས་བྱེད་པ་པོ་མིའི་བསམ་བློར་རག་ལས། ཤེས་བྱའི་རྣམ་གྲངས་ལ་ཡོན་ཏན་དུ་མིང་བཏགས་པ་དེ་མི་ལ་མེད་ན་བྱ་ཐབས་གང་ཡང་མེད་པས། ཤེས་རིག་འདི་ཐད་ཤིན་ཏུ་གལ་གནད་ཆེན་པོ་འདུག རང་རེའི་མི་ཚེ་འདི་དང༌། མི་རབས་འདི་ཙམ་མིན་པར་མདོར་ན་ལོ་བརྒྱ་སྟོང་བར་གྱི་བོད་མི་ཇི་ལྟ་བུ་ཞིག་ཡོང་མིན་ལ་ད་སྐབས་ ༡༩༦༣ ནས་ ༡༩༦༤ ལོའི་ནང་རང་རེའི་ལས་དོན་བྱེད་ཕྱོགས་ཀྱིས་ཕན་གནོད་ཆེན་པོ་འབྲེལ་རྒྱུ་ཡིན་པས། ད་ལྟའི་མི་རབས་ཚོ་དང༌། མ་འོངས་པའི་མི་རབས་ཚོ་བཅས་པར་དྲིན་ཆུང་ཆུད་ཟོས་སུ་མི་འགྲོ་བ་ཞིག་གི་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་འདུག ད་ལྟ་རང་རེའི་ལས་དོན་འགོ་འཛུགས་ཀྱི་སྐབས་ཡིན་པས་བསྒྱུར་བཅོས་ཅི་བྱེད་ལས་སླ་བས་བསམ་གཞིགས་ལེགས་པོ་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་འདུག་པས་དགོངས་བཞེས་གང་གཟབ་གནང་དགོས།
སློབ་གྲྭའི་ནང་གྲྭ་རིགས་འཛུགས་པ་འདི་དག་དགོན་པ་ཡོང་བའི་ཆེད་དུ་མིན་ཞིང༌། ནང་པའི་ཆོས་ལ་སྒྲུབ་པ་པོའི་རྒྱུད་ཚོད་མཐོ་དམའི་དབང་གིས་བསྲུང་བྱར་དཀའ་སླ་དང༌། མང་ཉུང་ཡོད། བསྲུང་བྱ་མང་ཞིང་དཀའ་བའི་སྡོམ་པ་གོང་མ་གོང་མ་བླངས་ན་ཕན་ཡོན་དགེ་མཚན་གྱི་ཁྱད་ཆེན་པོ་ཡོད། དེ་ནི་སྲིད་ཀྱི་འགྲོ་སྟངས་འགའ་ཤས་དང་འདྲ་པོ་ཡོད་པ་དཔེར་ན། གུང་ཁྲན་ལ་མཚོན་ན། ཐོག་མར་གཞོན་ནུ་ཚོགས་པ་དང༌། བུད་མེད་ཚོགས་པ་ཞེས་པ་རྩེད་གྲོགས་ལྟ་བུ་དེ་ནས་གཞོན་ནུ་སྡེ་ཚོགས་ཞེས་བསྲུང་བྱ་གང་འཚམ་ཡོད་པ། དེ་ནས་རྗེས་ཞུགས་ཏང་མི་ཞེས་དགེ་སློབ་མའི་ཚོད་ལྟ་བུ། དེ་སྐབས་བརྟག་དཔྱད་བྱས་ཏེ་སྲུང་སྡོམ་མཐའ་དག་ཐུབ་པའི་ཚེ་ཏང་མིར་ཞུགས་པ་ལྟ་བུ་ཡིན།
དེ་བཞིན་སངས་རྒྱས་བཅོམ་ལྡན་འདས་ཤིན་ཏུ་ཐབས་ལ་མཁས་པའི་དབང་གིས་ཐོག་མར་ཁྱིམ་པའི་སྡོམ་པ་གནང༌། དེ་ལའང་སྣ་གཅིག་སྤྱོད་པ་དང༌། སྣ་འགའ་སྤྱོད་པ། ཕལ་ཆེར་སྤྱོད་པ། ཡོངས་རྫོགས་སྤྱོད་པ་རིམ་ཅན་དུ་གནང༌། ཐ་ན་ཉིན་གཅིག་གི་བསྙེན་གནས་ཀྱང་གནང་ནས་བསྲུང་བྱ་གྲངས་ཉུང་ལ་སླ་བ་འོག་མ་འོག་མར་ལེན་ཐུབ་པའི་སྤོབས་པའི་གདེང་འཁེལ་ན་རིམ་གྱིས་གོང་མ་གོང་མར་འཁྲིད་པའི་ཐབས་མཁས་མཛད་པར་དགོས་པ་དགེ་མཚན་བསམ་གྱིས་མི་ཁྱབ་པ་ཡོད། རང་རེ་བོད་ནང་དགེ་འདུན་སྤུས་དག་པོ་ཡོད་ཀྱང༌། སྤུས་དག་མིན་པ་ཡང་མང་པོ་ཡོད་པ་ཚོས་བསྟན་བཤིག་དང༌། སྤྱོད་ལོག་བྱས་སྟབས་མཐོང་ཚུལ་འདྲ་མིན་ཇི་སྙེད་ཡོང་མུས་མ་ཟད། གྲྭ་རྒྱུན་ཡིན་ཟེར་ནས་མདུང་བཟུང་སྟེ་ཡོང་དུས་གཡོལ་ནས་འགྲོ་དགོས་པ་ལྟ་བུ་ཚང་མས་མཁྱེན་གསལ་ཡིན། དེར་བརྟེན། ཕྱིད་ཆད་གྲྭ་རིགས་ཚོའི་སྒྲིག་ལམ་ཏན་ཏན་ཞིག་ངེས་པར་དུ་དགོས་ཀྱི་འདུག སངས་རྒྱས་ཀྱིས་དམིགས་བསལ་གང་ཡང་མ་གནང་བར་རང་རེས་འདུལ་བ་ཡུལ་དུས་དང་བསྟུན་ཟེར་བ་ལ་སོགས་པའི་སྒོ་ནས་དམིགས་བསལ་མང་པོ་རིམ་བཞིན་བཏང༌། འདུལ་བ་ཤེས་བྱའི་རྣམ་གྲངས་སུ་བཞག་སྟེ་ལྷ་རམས་དམ་བཅའི་སྐབས་ལྟུང་བ་ངོས་འཛིན་གྲངས་འདྲེན་བྱེད་པ་ཙམ་ལས། དོན་གྱི་ལག་ལེན་ཚུལ་བཞིན་འགེལ་རྒྱུ་དཀའ་ངལ་ཆེན་པོ་ཡིན། ཁྱིམ་པ་ཡིན་རུང་དགེ་བསྙེན་ཡིན་མིན་ལ་མ་ལྟོས་པར་ནང་པ་ཞིག་ཡིན་ཕྱིན་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་རྒྱུན་དུ་སྲུང་དགོས་ཀྱང༌། བསྲུང་བྱ་རྣམས་བཀའ་ཆོས་སྐབས་ཙམ་ལས་གོ་ཐོས་མེད་པར་གྱུར་རུང༌། རྣལ་འབྱོར་མ་སོགས་སྔགས་ཀྱི་རིགས་འདོན་ཁུལ་བྱེད། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ལ་སོགས་པ་བསླབ་རིམ་འོག་མ་འོག་མ་མེད་པར་དབང་ལ་སོགས་པའི་སྡོམ་པ་གོང་མ་ཡོང་ཐབས་མེད་ཀྱང༌། རང་རེའི་སྤྱི་ཚོགས་འཕེལ་འགྲིབ་དབང་གིས་དེ་ལྟ་བུར་གྱར་བ་རེད།
ད་ཆ་ཕྱོགས་གཅིག་ནས། རང་རེས་རྩ་ཁྲིམས་གསར་པ་བཏོན། སྲིད་བྱུས་དང༌། ས་ཞིང༌། ཤེས་རིག་སོགས་གང་ཅི་ནས་དུས་ཚོད་དང་མཐུན་པའི་བསྒྱུར་བཅོས་བྱེད་བཞིན་ཡོད་པའི་སྐབས་འདིར། ཕྱོགས་གཞན་ཞིག་ནས། ཆོས་ཕྱོགས་ཀྱི་ལག་ལེན་བྱེད་སྟངས་རྣམས་ཀྱང་བསྒྱུར་བཅོས་ངེས་པར་དུ་གཏོང་དགོས་པ་ལས། བསྒྱུར་བཅོས་རང་གིས་མ་བཏང་བར་མི་གཞན་ཞིག་གིས་གཏོང་དུས་འཕྱིས་པ་ཡིན།
སྤྱིར་བཏང་གི་མཚོན་དོན་ཞིག་ཞུས་ན། ངས་ནུབ་ཕྱོགས་པའི་གནས་ཚུལ་ལེགས་པོ་མི་ཤེས་ཀྱང༌། ཤེས་ཚོད་གོ་ཚོད་ལ། ཨིན་ཡུལ་རྒྱལ་པོའི་རྒྱལ་ཁབ་ཡིན་ཀྱང༌། སྤྱི་ཚོགས་ཀྱི་འཐབ་རྩོད་རྒྱ་ཆེན་པོས་ཞིག་རལ་མ་གྱུར་གོང་བསྒྱུར་བཅོས་གཏོང་དགོས་པའི་རིགས་ལ་ནང་ཁུལ་བསྒྱུར་བཅོས་ཐབས་མཁས་པའི་ཐོག་ནས་བཏང་སྟབས་ད་དུང་རྒྱལ་པོ་ཡོད་ཀྱང༌། མང་གཙོ་དཔྱིས་ཕྱིན་པ་བྱུང༌། དེ་མིན་ཕ་རན་སི་སོགས་ལ་རྒྱལ་རྒྱུད་ཚོ་དང༌། ས་བདག་སྒེར་དབང་རྒྱུད་འཛིན་ཚོས་དམ་པོ་བཟུང་སྟབས་ཚང་མར་དཀའ་སྦྱོང་ཆེན་པོ་བྱུང༌། དེ་བཞིན་ཨུ་རུ་སུར་ཡང༌། ཛར་གྱི་བསམ་བློར་བསྒྱུར་བཅོས་ལ་འདོད་མོས་ཡོད་ལུགས་ཟེར་ཡང༌། གང་ལྟར་ལག་ལེན་མ་ཐུབ་སྟབས་ཕྱོགས་གཞན་ནས་བསྒྱུར་བཅོས་གཏོང་མཁན་ཡོང་དུས་གནམ་ས་མགོ་རྟིང་བསྒྱུར་བ་ལྟ་བུའི་ཐབས་སྡུག་པོ་བྱུང༌།
དེ་བཞིན་རང་རེ་བོད་དུ་ཡང༌། སྐུ་ཕྲེང་བཅུ་གསུམ་པའི་སྐུ་ཚེའི་སྨད་ཆར། རྒྱ་དཀར་ནག་གི་གནས་ཚུལ་དང༌། དུས་ཚོད་ཀྱི་རྗེས་མ་ཟིན་ན་སྐྱོན་ཡོད་པར་གཟིགས་ཤིང༌། བསྒྱུར་བཅོས་གཏོང་བ་ལ་གཏོང་མཁན་དགོས་པས་ཨིན་ཡུལ་དུ་སློབ་ཕྲུག་འགའ་ཤས་ཆེད་གཏོང་གནང་ཡོད་ཀྱང༌། སྟབས་ཉེས་ཤིག་ལ་དེ་དག་མུ་མཐུད་མ་ཐུབ། སྔ་ལོ་ཨིན་ཡུལ་དུ་ཁོང་ཚོའི་ལོ་རྒྱུས་གསར་ཤོག་ནང་ཐོན་པ་འདི་གར་བསྐུར་འབྱོར་དང་སྦྲགས་ཁོང་ཚོའི་གནས་ཚུལ་གནས་ལུགས་རྩད་གཅོད་ཀྱི་ཡི་གེ་གཏོང་མཁན་བྱུང་ཡང༌། སེམས་སྐྱོ་བའི་གཞི་རེད། དེ་དུས་ནས་ད་བར་ལོ་ ༣༠ ནས་ ༤༠ རིང་མུ་མཐུད་ཐུབ་ཡོད་ན། དེང་སྐབས་རང་རེར་སྐད་སྒྱུར་དང༌། ཡིག་འབྲི་མི་འདང་བའི་དཀའ་ངལ་འདི་ལྟ་བུ་མི་འབྱུང་ཞིང༌། སློབ་གྲྭ་ཁག་གི་སློབ་སྤྱིར་ཡང་བོད་མི་བཞག་ན་འགྲིགས་འཐུས་རྒྱ་གར་བས་ཆ་འཇོག་དང༌། གོ་སྐབས་སྤྲད་ཡོད་ཀྱང་རང་རེར་མི་མེད་པས་དཀའ་ངལ་འདི་འདྲར་གྱར་བ་རེད། དེ་དུས་བོད་ནང་ས་ཞིང་དང༌། སྤྱི་ཚོགས་ཀྱི་གནས་ལུགས་མ་བྱུང་རུང༌། གཞུང་གི་སྒྲིག་འཛུགས་རྙིང་པ་བཀའ་ཤག རྩིས་ཁང༌། ཞོལ་པ་ཟེར་བ་སོགས་ཀྱི་འགྲོ་ལུགས་རྣམས་ཕྱི་མི་མ་སྒུག་པར་ནང་ཁུལ་ནས་བསྒྱུར་བཅོས་ཤིག་བཏང་ཡོད་ན་ལེགས་པོ་གང་འདྲ་ཞིག་ཡོང་རྒྱུ་མིན་ནམ།
དམག་ཆེན་གཉིས་པའི་མཇུག་ཏུ་ཕྱི་སོག་ལ་སོགས་པ་ཡུལ་གྲུ་མང་པོར་རང་བཙན་ཐོབ། བར་སྐབས་གོ་མིན་ཏང་གི་ནུས་ཤུགས་ཆག གུང་ཁྲན་མ་སླེབས་པའི་དུས་སྐབས་དེ་ཚོར་ད་ལྟའི་ལས་ཁུངས་ཕྱི་སྲིད་དང༌། ནང་སྲིད། ཆོས་དོན། ཤེས་རིག་ལ་སོགས་པ་བཙུགས་ཏེ་ལས་ཀ་བྱས་ཡོད་ན་ཅི་འདྲ་ཞིག་བྱུང་ཡོད་དམ། ཤེས་རིག་ནས་ད་ལྟའི་སློབ་གྲྭ་ཁག་ལྟ་བུ་བཙུགས་ཡོད་ན་ད་ཚོད་གང་འདྲ་ཞིག་ཡོང་གི་མེད་དམ། འོན་ཀྱང་ང་ཚོས་སྔར་ལམ་ཞེས་པའི་ཚིག་ལ་འཐམས་ནས་ལས་ཀ་བྱེད་མ་ཐུབ་པར་ལུས། རྒྱ་མིས་བསྒྱུར་བཅོས་གཏོང་དུས་མ་འཚམས་མི་འདོད་བཞིན་དུ་འཁུར་དགོས་པ་འདི་ལྟ་བུ་བྱུང༌། དེ་དག་ནི་འཇིག་རྟེན་སྲིད་ལུགས་ཀྱི་གནས་ཚུལ་ཡིན།
རྒྱ་མིས་ང་ཚོར་རྐུན་མ་དམར་པོ་དང༌། ཇག་པ་སེར་པོ་ཞེས་མི་བདེན་པའི་སྐད་ཆ་ཧམ་པ་ཆེན་པོ་དེ་ལྟ་བུ་བརྗོད་མུས་ལྟར། གྲྭ་པ་ཚོའི་ཕྱིན་ཆད་ཀྱི་འཚོ་བ་སྐྱེལ་སྟངས་སོ་སོས་ངལ་རྩོལ་བྱས་ཏེ་འཚོ་བ་སྐྱེལ་ཐུབ་པའི་བསྒྱུར་བཅོས་བྱེད་དགོས་ཀྱི་འདུག སྦག་སའི་ཆོས་སྒར་དེ་ཆོས་ཀྱི་སློབ་གྲྭར་བསྒྱུར་རྒྱུའི་འཆར་གཞི་ཡོད་པ་ལྟར་རིམ་བཞིན་སློབ་གྲྭའི་རྣམ་པར་བསྒྱུར་ཏེ་ཡག་པོ་བྱུང་མཚམས་སློབ་གྲྭའི་ནང་ཆོས་ཀྱི་སློབ་སྤེལ་བྱེད་སྟངས་ཅི་འདྲ་ཞིག་དགོས་པའི་སྐོར་ལ་ཡང་བསམ་གཞིགས་གྲ་སྒྲིག་བྱེད་འོས།
གྲྭ་པ་ཚོས་ཚེམ་བུའི་འཁོར་ལོའི་ལག་རྒྱུན་སོགས་ཆོས་དང་རྩ་འགལ་མིན་པའི་བཟོ་ལས་ཆུང་ངུའི་ལག་ཤེས་ཀྱང་ཕྲན་བུ་བསླབ་དགོས་པ་དང༌། (ཡེ་ཤུའི་ཆོས་ཕྱོགས་ནས་ཅི་བྱེད་གསལ་བ་ལྟར་)སྨན་ཁང་དང༌། སློབ་གྲྭའི་དགེ་རྒན་སོགས་མང་པོ་ཞིག་གྲྭ་པས་བྱེད་དགོས།
བོད་མི་ཚོས་ཤེས་ཡོན་ཡར་རྒྱས་བཏང་སྟེ་རང་གི་ལུང་པ་འཛིན་སྐྱོང་བྱེད་ཐུབ་པ་དགོས།
རྒྱ་མི་བོད་ནས་ཕྱིར་ལོག་བྱས་པ་ཙམ་གྱིས་བོད་རང་བཙན་འགྲུབ་པའི་ངེས་པ་མེད། བོད་མིའི་ཤེས་ཡོན་ཡར་རྒྱས་བཏང་སྟེ་རང་གི་ལུང་པ་རང་བཙན་དུ་འཛིན་སྐྱོང་བྱེད་ཐུབ་པ་དང༌། སྲུང་སྐྱོབ་བྱེད་ཐུབ་པ་དགོས་པས་དཔལ་འབྱོར་མི་ཤུགས་ཀྱིས་མི་འདང་བའི་དཀའ་ངལ་སེལ་ཆེད་གྲྭ་པ་ཚོ་ལས་ཀ་མང་པོ་ཞིག་གི་ཐོག་ཏུ་གཞུག་དགོས།
གྲྭ་རིགས་རྣམས་ནས་ལུས་རྩལ་བྱེད་ཆོག་མིན་སྐོར་སྦག་ས་ཆོས་སྒར་གྱི་ལས་སྣེ་རྣམས་ལ་གོ་བསྡུར་བགྱིས་དོན། ཁོང་ཚོས་སྦག་ས་ཆོས་སྒར་རང་ལ་གོ་བསྡུར་གྱིས་ཚིག་ཐོ་ཤོག་ལྷེ་ཟུར་དུ་ཕུལ་འབྱོར་སྙན་སྒྲོན་ཞུ་རྒྱུ་ཡོད་པ་ལྟར། དེའི་སྐོར་རང་རེ་ཚང་མས་གོ་བསྡུར་ཏན་ཏན་བྱེད་དགོས། ལུས་རྩལ་དེ་མི་དགེ་བར་འགྲོ་དང་མི་འགྲོ་བསམ་པ་རང་ལ་རག་ལས་པ་རེད། འདི་སྐོར་ཀང་རའི་དགེ་རྒན་འོས་སྦྱོང་གི་སྐོར་ནས་གླེང་སློང་གོ་བསྡུར་བྱུང༌། དེ་ཡང་གྲྭ་པ་༣༠ ཙམ་གྱི་དོན་མིན། ཕྱིན་ཆད་གྲྭ་རིགས་ཡོངས་ཀྱི་ལྟ་སྤྱོད་དང་འབྲེལ་བ་ཡོད་སྟབས་བརྟག་དཔྱད་ནན་ཏན་བྱེད་དགོས། ལུས་རྩལ་དེ་གཟུགས་པོར་ཕན་ཐོགས་ཡོད་པ་ཞིག་ཡིན་ནའང༌། ཆོས་ཕྱོགས་ལ་འགལ་བ་ཡོད་པར་ངོས་འཛིན་གྱིས་མཐའ་གཅིག་ཏུ་བསྐྱུར་འཇོག་བྱེད་རྒྱུ་ནི་འཛམ་གླིང་ནང་མི་འབུམ་ཕྲག་མང་པོས་གཟུགས་པོར་ཕན་ཆེད་དུ་ཁས་ལེན་ངོས་འཛིན་བྱེད་ཀྱི་ཡོད་སྟབས་གང་དགེ་གོ་བསྡུར་ཏན་ཏན་ཞིག་བྱེད་དགོས།
དེ་རིང་ཚོགས་འདུ་འདི་ཐེངས་གཅིག་ཙམ་མིན། རྗེས་སུའང་རིམ་པས་ཚུགས་ཆོག་རྒྱུར། ད་ལམ་ངོས་ཀྱི་བསམ་འཆར་གང་ཡོད་ཁྱེད་རྣམས་ལ་ཞུས་པ་ལྟར། ཁྱོད་རང་རྣམས་ནས་ཀྱང་དགོངས་འཆར་གང་ཡོད་ལྷུག་པོར་གནང་ཐུབ་ན་བསམ་བློའི་མ་རྩ་གསར་འཛུགས་ཀྱི་ལེགས་ཆ་སྤེལ་རྒྱུར་ཕན་ཐོགས་ཡོང་གི་རེད།
བོད་རང་བཙན་ཡང་མི་རིགས་རང་ཉིད་ཀྱི་འབད་རྩོལ་དང༌། ཐབས་ཤེས་ལ་བརྟེན་ནས་ལོན་ཐུབ་པ་དགོས་རྒྱུ་ལས། རྒྱབ་ཁབ་གཞན་ཞིག་གིས་དམག་བརྒྱབ་སྟེ་ང་ཚོར་སྤྲོད་རྒྱུ་དེ་ཡོང་ཐབས་མེད་ལ་བྱུང་ཡང་དགའ་རྒྱུ་མེད། རང་རེའི་ཤེས་རིག་ཡར་རྒྱས་གཏོང་རྒྱུ་འདི་ནི་བོད་རང་བཙན་ལེན་ཐབས་ཀྱི་ཆ་རྐྱེན་གཙོ་བོ་ཞིག་ཡིན་པས་དེ་རྩིས་ཚང་མས་དགོངས་པ་ཟབ་བཞེས་ཀྱིས་དགོངས་འཆར་གསུང་འོས་ཅི་ཡོད་ལྷུག་པོར་གསུང་དགོས་ཞེས་བཀའ་སྩལ།། །།