༄༅། །བློ་སྦྱོང་ཚིག་བརྒྱད་མ་བཞུགས་སོ།།
བདག་ནི་སེམས་ཅན་ཐམས་ཅད་ལ། །
ཡིད་བཞིན་ནོར་བུ་ལས་ལྷག་པའི། །
དོན་མཆོག་སྒྲུབ་པའི་བསམ་པ་ཡིས། །
རྟག་ཏུ་གཅེས་པར་འཛིན་པར་ཤོག །
གང་དུ་སུ་དང་འགྲོགས་པའི་ཚེ། །
བདག་ཉིད་ཀུན་ལས་དམན་བལྟ་ཞིང༌། །
གཞན་ལ་བསམ་པ་ཐག་པ་ཡིས། །
མཆོག་ཏུ་གཅེས་པར་འཛིན་པར་ཤོག །
སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ། །
རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག །
བདག་གཞན་མ་རུངས་བྱེད་པས་ན། །
བཙན་ཐབས་གདོང་ནས་བཟློག་པར་ཤོག །
རང་བཞིན་ངན་པའི་སེམས་ཅན་རྣམས། །
སྡིག་སྡུག་དྲག་པོས་ནོན་མཐོང་ཚེ། །
རིན་ཆེན་གཏེར་དང་འཕྲད་པ་བཞིན། །
རྙེད་པར་དཀའ་བས་གཅེས་འཛིན་ཤོག །
བདག་ལ་གཞན་གྱིས་ཕྲག་དོག་གིས། །
གཤེ་བསྐུར་ལ་སོགས་མི་རིགས་པའི། །
གྱོང་ཁ་རང་གིས་ལེན་པ་དང༌། །
རྒྱལ་ཁ་གཞན་ལ་འབུལ་བར་ཤོག །
གང་ལ་བདག་གིས་ཕན་བཏགས་པའི། །
རེ་བ་ཆེ་བ་གང་ཞིག་གིས། །
ཤིན་ཏུ་མི་རིགས་གནོད་བྱེད་ནའང༌། །
བཤེས་གཉེན་དམ་པར་བལྟ་བར་ཤོག །
མདོར་ན་དངོས་སམ་བརྒྱུད་པ་ཡིས། །
ཕན་བདེ་མ་རྣམས་ཀུན་ལ་འབུལ། །
མ་ཡི་གནོད་དང་སྡུག་བསྔལ་ཀུན། །
གསང་བས་བདག་ལ་ལེན་པར་ཤོག །
དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི། །
རྟོག་པའི་དྲི་མས་མ་སྦགས་ཤིང༌། །
ཆོས་ཀུན་སྒྱུ་མར་ཤེས་པའི་བློས། །
ཞེན་མེད་འཆིང་བ་ལས་གྲོལ་ཤོག །
ཅེས་པ་འདི་ནི་དགེ་བཤེས་གླང་ཐང་པ་རྡོ་རྗེ་སེངྒེའི་གསུང་ངོ༌།། །།
བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཁྲིད་བཞུགས་སོ། །
བློ་སྦྱོང་གླང་ཐང་ཚིག་བརྒྱད་འདི་བཞིན་པོ་ཏོ་བའི་སློབ་མ་ཤ་ར་བ་དང༌། དགེ་བཤེས་གླང་རི་ཐང་པ་སྟེ་གླང་ཤར་གཉིས་ཞེས་བློ་སྦྱོང་གི་ཉམས་བཞེས་ཚད་དུ་འཁྱོལ་བ་གནང་སྟེ་ཉམས་མྱོང་མཚན་ཉིད་ཚང་བ་སྐྱེས་པའི་སྐྱེས་བུ་དམ་པ་གཉིས་ལས་དགེ་བཤེས་གླང་རི་ཐང་པས་མཛད་པ་ཞིག་ཡིན། ཀུན་བཟང་བླ་མའི་ཞལ་ལུང་ནང་གླང་ཐང་ངོ་ནག་པ་ཞེས་མཚན་ཐོགས་པ་ཡིན་ཚུལ་གསལ་འདུག་པ་ལྟར་ཧ་ལས་པའི་བློ་སྦྱོང་གི་ཉམས་བཞེས་པ་ཞིག་རེད།
བློ་སྦྱོང་གི་རིགས་ཕལ་ཆེར་བྱང་ཆུབ་སེམས་སྦྱོང་གི་གདམས་པ་ལ་མན་ངག་རྒྱུ་འབྲས་བདུན་མ་དང༌། བདག་གཞན་མཉམ་བརྗེ་ཞེས་གཉིས་ཡོད་པ་ལས་ཡོངས་གྲགས་བློ་སྦྱོང་ཞེས་མིང་ཐོགས་ས་གཙོ་ཆེ་བ་བདག་གཞན་མཉམ་བརྗེའི་བློ་སྦྱོང་བ་དེར་བློ་སྦྱོང་གི་མིང་ཤུགས་ཆེ་བ་ཐོབ་ཀྱི་མེད་དམ་སྙམ། བླ་མ་མཆོད་པའི་ནང་གསུངས་པ་ལྟར་ཐོག་མར་བདག་གཞན་མཉམ་པ། དེ་ནས། རང་ཉིད་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ། །ཞེས་སོགས་ཀྱིས་གཞན་གཅེས་འཛིན་གྱི་ཕན་ཡོན་ནམ་ཡོན་ཏན་སྒོ་དུ་མ་ནས་བསམ་པ་དང༌། རང་གཅེས་འཛིན་གྱི་ཉེས་དམིགས་སྒོ་དུ་མ་ནས་བསམས་པ། དེ་ནས་བདག་གཞན་བརྗེ་བ་དང༌། དེ་ལ་བརྟེན་ནས་གཏོང་ལེན་སྒོམ་ཚུལ་བཅས་ས་བཅད་ལྔ་ཙམ་གསུང་རྒྱུན་ལ་ཡོད་པ་ལམ་རིམ་ཆེན་མོའི་ནང་གསལ་བ་ལྟར་ཡིན། མདོ་དོན་བློ་གཟུ་བོར་གནས་པའི་ཐོག་ནས་འདི་ལྟར་བསམ་བློ་བཏང་ན་རང་གཅེས་པར་འཛིན་པའི་གཅེས་འཛིན་ཞེས་པ་དེས། བསམ་རྒྱུ་རང་ཉིད་སྐྱིད་པ་ཞིག་བྱུང་ན་བསམ་པའི་དམིགས་ཡུལ་བཟུང་སྟེ་བྱེད་ཀྱི་ཡོད་ཀྱང༌། བསམ་བློ་གཏོང་སྟངས་དེ་བསམ་རྒྱ་དོག་པོ་དང་ཧ་ཅང་གཏི་ཐུག་ཅིག་ཡིན་པར་བརྟེན་མགོ་ལོག་ཁོ་ན་རྩེད་མཁན་ཞིག་ཆགས་ཀྱི་ཡོད།
གཞན་གཅེས་པར་འཛིན་པ་ཞེས་པའི་བསམ་བློ་དེ་གུ་ཡངས་པོ༑ རྣམ་དཔྱོད་དང་ལྡན་པ། ཕུག་ཐག་རིང་པོའི་བསམ་བློ་ཞིག་ལ་སོང་གཞན་གཅེས་པར་འཛིན་པའི་བློ་དེ་སྦྱང་ན་རང་དོན་ཞར་ལ་སྒྲུབ་པ་ཞིག་ཡོང་གི་རེད། དཔེར་ན་ང་རང་ཚོའི་མཐོང་ཆོས་ལ་རྣམ་དཔྱོད་ཡོད་པའི་མི་ཞིག་དང༌། གཏི་ཐུག་ཅན་གྱི་མི་ཞིག་སྟེ་མི་གཉིས་ཀ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་མཚུངས་རེད། གཉིས་ཀས་སྡུག་བསྔལ་སེལ་ཐབས་དང་བདེ་བ་སྒྲུབ་རྒྱུའི་དམིགས་ཡུལ་གཅིག་མཚུངས་ཡིན། གཉིས་ཀས་རང་ཉིད་ལེགས་པ་ཞིག་བྱུང་ན་བསམ་ཀྱང༌། མི་གཅིག་དེ་གཏི་ཐུག་གླེན་པ་ཡིན་སྟབས་ནམ་དུ་ཡང་རང་དོན་དེ་ཡང་སྒྲུབ་རྒྱུ་མེད་པ་མ་ཟད། མགོ་ལོག་ཁོ་ན་རྩེད་མཁན་ཞིག་ཡོང་གི་ཡོད། གཅིག་ཤོས་མི་རྣམ་དཔྱོད་དང་ཉམས་མྱོང་ཡོད་པ། བསམ་བློ་རྒྱ་ཆེན་པོ་གཏོང་ཐུབ་མཁན་དེས་གཞན་ལའང་ཕན་ཐོགས་ཡོད་པ། དེའི་ཞར་ལ་རང་དོན་ཡང་སྒྲུབ་ཐུབ་མཁན་ཞིག་ཡོང་གི་ཡོད།
དེས་ན་རང་གཅེས་པར་འཛིན་པའི་གཅེས་འཛིན་གྱི་གཞན་དབང་དུ་བཏང་ན། དུས་ད་ལྟ་བར་དུ་ང་རང་ཚོ་སྡུག་བསྔལ་འཛད་རྒྱུ་མེད་པ་ཞིག་མྱོང་བའི་རྐྱེན་རྩ་གཅིག་དེ་རང་གཅེས་པར་འཛིན་པའི་གཅེས་འཛིན་དེ་དང༌། རྩ་བ་གཞན་ཞིག་ནི་བདག་ཏུ་འཛིན་པའི་བདག་འཛིན་དེ་རེད། དེ་གཉིས་ལ་མགོ་འབུལ་ལུས་འབུལ་ཞུས་ནས་དེའི་གཞན་དབང་དུ་དུས་ད་ལྟ་བར་དུ་བཏང་བ་རེད། བཏང་བའི་འབྲས་བུར་ཁ་སྟབས་འདི་ལས་མ་བྱུང་བ་རེད། ད་དུང་ཡང་རང་གཅེས་པར་འཛིན་པའི་གཅེས་འཛིན་དང༌། བདག་ཏུ་འཛིན་པའི་བདེན་འཛིན་གཉིས་པོ་དེར་མགོ་འབུལ་ལུས་འབུལ་ཞུས་ནས་དེའི་གཞན་དབང་དུ་བཏང་ན། འབྱུང་འགྱུར་ལའང་སྡུག་བསྔལ་མཐའ་མི་མངོན་པ་ཞིག་མྱོང་དགོས་པ་ཕལ་ཆེར་ཐག་ཆོད་པ་རེད།
དེར་བརྟེན་ད་ལྟ་ཕན་ཆད་ཀྱི་ང་ཚོའི་ཉམས་མྱོང་གི་སྟེང་ནས་རང་གཅེས་པར་འཛིན་པའི་གཅེས་འཛིན་དང༌། བདག་ཏུ་འཛིན་པའི་བདག་འཛིན་གཉིས་པོ་དེར་བློ་གཏད་བཅོལ་ནས་བསྡད་ན་ཁ་སྟབས་འདི་ལས་ཡོང་རྒྱུ་མེད་པས། དེ་ལ་བསྒྱུར་བཅོས་ཤིག་བཏང་ན་རེ་བ་ཞིག་ཡོང་རྒྱུ་ཡོད། དེས་ན་དུས་ད་རེས་རང་གཅེས་པར་འཛིན་པའི་གཅེས་འཛིན་ལ་སྒོ་དུ་མ་ནས་ཉེས་དམིགས་སུ་བལྟས་ནས་དེ་དང་དུ་མི་ལེན་པར་ཤུགས་ཇེ་ཆུང་དུ་འགྲོ་ཨེ་ཐུབ་ཅིག་བལྟས། གཞན་གཅེས་པར་འཛིན་པའི་གཅེས་འཛིན་དེ་ཡོན་ཏན་ཀུན་གྱི་གཞི་མར་མཐོང་བའི་སྒོ་ནས། མདོར་ན་སྟོན་པ་བཅོམ་ལྡན་འདས་ལ་དཔེ་བལྟས་ནས་རང་གཅེས་པར་འཛིན་པ་དེར་ཉེས་དམིགས་སུ་བལྟས་ནས་དེ་དང་དུ་མི་ལེན་ཞིང༌། གཞན་གཅེས་པར་འཛིན་པ་དེ་ཡོན་ཏན་དུ་བལྟས་ནས་དེ་དང་དུ་ལེན། དུས་ནམ་དུ་ཡང་གཅེས་འཛིན་གཉིས་པོ་དེའི་སྐྱོན་དང་ཡོན་ཏན་ཤེས་པའི་ཐོག་ནས། གཅིག་དང་དུ་མི་ལེན་པར་བཟློག་ཐབས་བྱེད་རྒྱུ་དང༌། ཅིག་ཤོས་དེ་དང་དུ་བླངས་ནས་ནུས་པ་བརྟས་ཐུབ་རྒྱུར་འབད་བརྩོན་བྱེད་དགོས་པ་ཡིན། དེ་ལྟར་རང་གཅེས་པར་འཛིན་པའི་གཅེས་འཛིན་ད་ལྟ་ལམ་སེང་མེད་པ་བཟོ་ཐུབ་ཐབས་མེད་ཀྱང༌། རང་གཅེས་པར་འཛིན་པའི་གཅེས་འཛིན་ལ་ཉེས་དམིགས་མཐོང་བའི་ཐོག་ནས་གཅེས་འཛིན་ཁོ་ནའི་གཞན་དབང་དུ་མི་གཏོང་བ་ཞིག་ང་ཚོས་བྱེད་དགོས།
ཀ༽ ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྐོར།
བདག་ནི་སེམས་ཅན་ཐམས་ཅད་ལ། །
ཡིད་བཞིན་ནོར་བུ་ལས་ལྷག་པའི། །
དོན་མཆོག་སྒྲུབ་པའི་བསམ་པ་ཡིས། །
རྟག་ཏུ་གཅེས་པར་འཛིན་པར་ཤོག །
ཅེས་གསུངས་ཤིང༌། རྩ་ཚིག་འདིར། རྟག་ཏུ་གཅེས་པར་འཛིན་པར་དགོས། །ཞེས་པའི་ཚིག་དེ་སྨོན་ལམ་ལ་ཚུར་བསྒྱུར་ནས་ཤོག་ཅེས་སྦྱར་བ་ཡིན་འདུག་ཅིང༌། དོན་ནི་བློ་སྦྱོང་གླང་ཐང་ཚིག་བརྒྱད་འདིས་དོན་དམ་བྱང་ཆུབ་ཀྱི་སེམས་བཟུང་བ་དང༌། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བཟུང་བ་གཉིས་ལས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བཟུང་ཚུལ་དེ་གཙོ་བོ་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་བཟུང་བ་དེ་མཇུག་ཏུ་མདོར་བསྡུས་ཤིག་གསུངས་སོ།།
དེ་ལྟ་ན་ཡང་ཤོ་ལོ་ཀ་དང་པོར། བདག་ནི་སེམས་ཅན་ཐམས་ཅད་ལ། །ཞེས་པའི་བདག་ཅེས་བརྗོད་པའི་སྐབས་དེ་ཉིད་ནས་བདག་ཅེས་པའི་བདག་གི་ཡིན་ལུགས་དེ་ཤེས་དགོས་ཤིང༌། དེ་ཡང་མདོ་ཞིག་གི་ནང་དུ།
བདག་ཅེས་བྱ་བ་བདུད་ཀྱི་སེམས། །
ཁྱོད་ནི་ལྟ་བར་གྱུར་པ་ཡིན། །
འདུ་བྱེད་ཕུང་པོ་འདི་སྟོང་སྟེ། །
འདི་ལ་སེམས་ཅན་ཡོད་མ་ཡིན། །
ཞེས་པའི་མདོའི་ཚིག་འདི་བཅོམ་ལྡན་འདས་རྒྱ་གར་ལ་ཕེབས་པའི་སྐབས་དང༌། སྤྱིར་ང་རང་ཚོ་སྲོག་ཆགས་འབུ་སྲིན་ཚུན་ཆད་ཀྱིས་བདག་གམ་ང་ཞེས་པ་ཞིག་བློ་ལ་ཤར་གྱི་ཡོད་ཅིང༌། ང་རང་ཚོའི་བདེ་བ་དང་སྡུག་བསྔལ་ཞེས་པ་འདི་དག་རྒྱུ་དང་རྐྱེན་ལ་བརྟེན་ནས་ཡོང་གི་ཡོད་པ་ཞིག་ལ་ངོས་འཛིན་བྱས་ནས། རྩ་བ་སེམས་དུལ་ན་བདེ་སྐྱིད་ཡོང་བ་དང༌། སེམས་མ་དུལ་ན་སྡུག་བསྔལ་ཡོང་གི་ཡོད་པར་ངོས་འཛིན་བྱས་ཏེ། སེམས་མ་དུལ་བར་བྱེད་མཁན་གྱི་ཉོན་མོངས་ཞེས་པ་དེར་སྐྱོན་དུ་བལྟ་བ་དེ་བཅོམ་ལྡན་འདས་རྒྱ་གར་ལ་ཕེབས་པའི་སྐབས་སུ་འདི་བཤད་མཁན་མང་དུ་ཡོད། འདོད་པའི་ཉོན་མོངས་ལ་ཉེས་དམིགས་སུ་བལྟས་ཏེ་ཆགས་བྲལ་གྱི་ལམ་སྒོམ་པ་དེ་འདྲ་ཡོང་གི་ཡོད། འོན་ཀྱང་བཅོམ་ལྡན་འདས་ཕེབས་པའི་གནས་སྐབས་ལ་དེ་ལྟ་བུའི་ཉོན་མོངས་ལ་ཉེས་དམིགས་སུ་བལྟས་ནས་ཉོན་མོངས་དང་དུ་མི་ལེན་པ་དེ་དག་རྩ་བ་འཁྲུལ་ཡོད་པ་རེད།
བདག་ཅེས་པ་འདི་བློ་ལྷན་སྐྱེས་ལ་ཕུང་པོ་ལ་དབང་སྒྱུར་མཁན་གྱི་བདག་རང་དབང་བ་ཞིག་ང་རང་ཚོའི་བློ་ལ་སྣང་ཞིང་ཞེན་པ་འདི་ལྷན་སྐྱེས་སུ་ཡོད་པའི་ཐོག་ལ། ད་དུང་ཕུང་པོ་དོར་ལེན་བྱེད་མཁན་གྱི་བདག་ཅིག་ཡོད་དགོས་སོ་ཞེས་ཕུང་པོ་ལས་དོན་གཞན་པའི་བདག་ཅིག་སྒྲུབ་ནས་དེ་གཞིར་བཞག་པའི་ཆོས་ཚུལ་ཞིག་ཡོད། འོན་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་གྱི་རྩ་བ་བདག་ཏུ་འཛིན་པ་དེས་བྱེད་པར་དགོངས་པས་ན། བདག་ཅེས་བྱ་བ་བདུད་ཀྱི་སེམས། །ཅེས་བདག་ཅེས་པའི་བསམ་བློ་འཁོར་བ་དེས་རྐྱེན་པས་ཆགས་སྡང་སྐྱེས་པ་དང༌། དེས་རྐྱེན་པས་ང་རྒྱལ། དེས་རྐྱེན་པས་ཕྲག་དོག་ཀྱང་སྐྱེས་ཤིང༌། སེམས་མ་རུང་བར་བྱེད་མཁན་ཉོན་མོངས་ཀྱི་རིགས་མཐའ་དག་བདག་ཏུ་འཛིན་པའི་བློ་དེས་ཡོང་བས་ན། ང་རང་ཚོའི་བློ་ལ་ང་ཞེས་ཤར་བ་ཞིག་ཡོང་བ་འདིས་ཕུང་ཁྲོལ་གྱི་རྩ་བ་བྱེད་ཀྱི་ཡོད་པ་འདི་གསུངས་ཀྱི་ཡོད། དེས་ན་དེ་འདྲའི་བདག་དེ་མེད་ཅིང༌། གང་ལགས་ཤེ་ན། འདུ་བྱེད་ཕུང་པོ་འདི་སྟོང་སྟེ། །ཞེས་བདག་དེ་འདུ་བྱེད་ཀྱི་ཕུང་པོ་དེའི་མགོ་ཞབས་མྱོང་བ་གང་ཞིག་ནས་བསམ་བློ་བཏང་ཡང་རྩ་བ་ནས་བཞག་རྒྱུ་མེད་པས། ཇི་ལྟར་བློ་ལ་ང་ཞེས་ཤར་བ་ལྟར་གྱི་བདག་ཅིག་མེད། འོ་ན་ང་མེད་པ་རེད་དམ་ཞེ་ན་དེ་ལྟར་མིན་པར། དེའི་རྗེས་ཀྱི་ཤོ་ལོ་ཀ་དེར།
ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །
བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །
དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །
ཀུན་རྫོབ་སེམས་ཅན་བརྗོད་པ་ཡིན། །
ཞེས་གསུངས་པ་ལྟར། བདག་མེད་པ་མ་ཡིན་པར་བདག་ཡོད་ཅིང༌། ཡོད་ཚུལ་ཇི་ལྟར་ཡིན་ཞེ་ན། ཤིང་རྟའི་ཡན་ལག་ལ་བརྟེན་ནས་ཤིང་རྟ་ཞེས་བཏགས་པ་ལྟར། བརྟེན་ནས་བཏགས་པ་སྟེ་གཞི་དེ་ཉིད་ལ་ཤིང་རྟ་ཞེས་པ་ཞིག་མེད་ཀྱང༌། ཤིང་རྟ་གང་དུ་འཇོག་སའི་གཞི་དེ་ལ་བརྟེན་ནས་ཤིང་རྟ་ཞེས་ཐ་སྙད་བཏགས་པའི་དབང་གིས་ཡོད་པ་ཞིག་སྟེ། མདོར་ན་མིང་རྐྱང་བཏགས་ཡོད་ཙམ་ཞིག་ཡོད་ཅེས་གསུངས་ཀྱི་ཡོད།
དེས་ན་ཐོག་མ་ནས། བདག་ནི་སེམས་ཅན་ཐམས་ཅད་ལ། །
ཞེས་པའི་བདག་དེ་གང་འདྲ་ཞིག་ལ་བརྗོད་ཀྱི་ཡོད་མེད་བསམ་བློ་ཞིག་གཏོང་དགོས་པ་ཆགས་ཀྱི་ཡོད། བསམ་བློ་བཏང་ནས་སངས་རྒྱས་པའི་ཆོས་དང༌། ཆོས་འདི་ལས་ཕྱི་རོལ་ཏུ་གྱུར་པའི་ཆོས་གཉིས་ཀྱི་དབྱེ་འབྱེད་དེའི་ཐོག་ནས་ཧ་ཅང་གསལ་པོ་ཆགས་ཀྱི་ཡོད། དེ་ལྟར་ན། མདོ་ལས་གསུངས་པ་ལྟར། ཕུང་པོ་ལ་བརྟེན་ནས་བཏགས་པའི་བདག་ཅིག་ཡོད་ཅིང༌། དེ་ལྟ་བུའི་ཕུང་པོ་ལ་བརྟེན་ནས་བཏགས་པའི་བདག་དང༌། དེ་བཞིན་ང་རང་ཚོས་བྱམས་དང་སྙིང་རྗེ་བསྒོམ་སའི་སེམས་ཅན་དེ་དག་ཀྱང་སྡུག་བསྔལ་གྱིས་མནར་བའི་ངའམ་གང་ཟག་དེ་བཙལ་བ་ན་དེ་ཡང་རྙེད་རྒྱུ་མེད་པ་ཞིག་རེད། དེ་ལྟའི་སྒོ་ནས།
བདག་ནི་སེམས་ཅན་ཐམས་ཅད་ལ། །
ཡིད་བཞིན་ནོར་བུ་ལས་ལྷག་པའི། །
དོན་མཆོག་སྒྲུབ་པའི་བསམ་པ་ཡིས། །
རྟག་ཏུ་གཅེས་པར་འཛིན་པར་ཤོག །
ཅེས་གསུངས་སོ། །ང་རང་ཚོ་ནམ་རྒྱུན་ཡིན་ན། རང་གཅེས་པར་འཛིན་པའི་གཅེས་འཛིན་གྱི་དབང་ལས་ང་ཞེས་པ་དེ་རྨི་ལམ་ཚུན་ཆད་ལ་སྐྱིད་པ་ཞིག་བྱུང་ན་བསམ་ནས་བདེ་སྐྱིད་ཡོང་བའི་འབད་བརྩོན་བྱེད་པ་དང༌། གཞན་ཞེས་བརྗོད་ན་ང་དང་ཐད་ཀར་འབྲེལ་བ་མེད་པར་རང་གི་ཞོར་ལ་སྐྱིད་པོ་བྱུང་ཡང་ཡག་པོ་རེད། འོན་ཀྱང་སོ་སོའི་དོན་དག་ལ་ཐུག་སྐབས་གཞན་གཡུགས་བཞག་བསམ་པ་ཞིག་ང་རང་ཚོའི་བློ་ལ་འཆར་བ་འདི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པས་བསམ་བློ་དེ་ལྟར་གཏོང་རྒྱུ་མེད།
ནམ་མཁའི་མཐས་གཏུགས་པའི་སེམས་ཅན་རྣམས་ང་རང་ཚོའི་ཚེ་འདིའི་གོ་ལྟོས་གཏམ་གསུམ་མཐའ་དག་ཇོ་བོ་སེམས་ཅན་ལ་བརྟེན་ནས་ཡོང་དགོས་པ་དང༌། ང་རང་ཚོའི་ལུས་འདིར་ཆ་བཞག་ཀྱང་ཕ་མ་ལ་བརྟེན་ནས་ཡོང་དགོས་པ། མངལ་དུ་གནས་པའི་རིང་ལའང་མ་ཡིས་སེམས་འཁུར་བླངས་ནས། རང་གི་ཁོག་པའི་ནང་དུ་ཡོད་པའི་བུ་དེར་ལྷག་པར་བརྩེ་བའི་བསམ་པས་བསྐྱངས་ནས་ཟླ་དགུ་ངོ་བཅུར་འདི་ལྟར་འཚོ་བ་རེད། མངལ་ནས་སྐྱེས་རྗེས་ཀྱང་ལོ་བདུན་བརྒྱད་དང༌། ལོ་བཅུ་གྲངས་བར་མའི་ལྟ་རྟོག་གི་འོག་ཏུ་རང་ཉིད་འཚོ་བ་ལས། མ་ལ་སོགས་པ་སོ་སོར་ལྟ་རྟོག་བྱེད་མཁན་དེ་དག་དང་བྲལ་ན། དུས་ད་ལྟ་ང་ཚོ་བསྡད་མེད་པ་དེ་ཧ་ཅང་གསལ་པོ་རེད། དེར་བརྟེན་ད་ལྟའི་ལུས་འདི་ཚེ་འདིའི་མ་དང་དེས་མཚོན་པའི་ཆོས་སྒྲུབ་པའི་རྟེན་བཟང་ཞེས་སྐད་གྲགས་ཆེན་པོར་བརྩི་བ་འདི་ཡང་ཇོ་བོ་སེམས་ཅན་ལ་བརྟེན་ནས་ཡོང་དགོས་པ་དང༌། ལུས་འདི་འཚོ་བའི་ལྟོ་གོས། རྒྱུ་ནོར་ལོངས་སྤྱོད། གནས་མལ་ཐམས་ཅད་ཀྱང་ཇོ་བོ་སེམས་ཅན་ལ་བརྟེན་ནས་ཡོང་དགོས་ལ༑ གཏམ་སྙན་གྲགས་དེ་ཡང་ཇོ་བོ་སེམས་ཅན་ལ་བརྟེན་ནས་ཡོང་དགོས། ཕྱི་མ་མངོན་མཐོ་ཐོབ་པའི་རྒྱུ་ཚུལ་ཁྲིམས་ཡིན་ཞིང༌། ཚུལ་ཁྲིམས་ཞེས་པ་དེ་ཡང་གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པ་ཞིག་ལ་བརྗོད་ཅིང༌། དེ་ཡང་ཇོ་བོ་སེམས་ཅན་ལ་བརྟེན་ནས་ཡོང་དགོས། མཐར་ཐུག་ངེས་ལེགས་ཐོབ་པ་དེ་ཡང་བསླབ་པ་གསུམ་གྱི་ཉམས་ལེན་ལ་བརྟེན་ནས་ཡོང་དགོས་པ་ཡིན།
བསླབ་པ་གསུམ་གྱི་རྩ་བ་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་པས་དེ་ཡང་གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པ་དེའི་ཐོག་ནས་ཡོང་དགོས། ཐ་ན་ངེས་ལེགས་ཐོབ་པ་ཡང་ཇོ་བོ་སེམས་ཅན་གྱི་དྲིན་རེད། རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པ་ལ་དེ་བས་ཀྱང་བྱང་ཆུབ་ཀྱི་སེམས་ཡོད་ན་རྣམ་མཁྱེན་ཡོད། བྱང་ཆུབ་ཀྱི་སེམས་མེད་ན་རྣམ་མཁྱེན་མེད་པ་ཐག་ཆོད་པ་རེད། དེ་ཡོང་བ་ལ་སྙིང་རྗེ་ཆེན་པོ་དགོས་ཤིང༌། དེར་བརྟེན་ཉམ་ཐག་པའི་སེམས་ཅན་ལ་དམིགས་ནས་དེ་སྡུག་བསྔལ་ལས་བྲལ་ན་བསམ་པ་ཞིག་དང༌། བདེ་བས་ཕོངས་པའི་སེམས་ཅན་ལ་དམིགས་ནས་དེ་བདེ་བ་དང་ལྡན་ན་བསམ་པ་དེ་ལྟ་བུའི་བྱམས་དང་སྙིང་རྗེས་རྩ་བ་བྱས་ནས་དེ་ལ་བརྟེན་ནས་ལྷག་བསམ་དང༌། དེས་དྲངས་པའི་བྱང་ཆུབ་ཀྱི་སེམས་ཞེས་པ་ཞིག་ཡོང་གི་ཡོད་པས། དེས་ན་ཇོ་བོ་སེམས་ཅན་ཁོ་ནའི་དྲིན་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་སྐྱེས་ཀྱི་ཡོད།
སངས་རྒྱས་ཀྱི་གོ་འཕང་གཅིག་པུར་དམིགས་ནས་དེ་ཐོབ་ན་བསམ་པའི་བློ་དེ་བྱང་ཆུབ་སེམས་ཀྱི་ཕྱོགས་གཅིག་ལས་ཆ་ཚང་ཡོང་གི་མེད། གཙོ་བོ་དེ་ཆེད་དུ་བྱ་བ་གཞན་དོན་ལ་བསམས་ནས་རྣམ་མཁྱེན་དོན་དུ་གཉེར་བའི་བློ་ཞིག་ཡིན་པས། ཇོ་བོ་སེམས་ཅན་ཞེས་པ་དེ་ཧ་ལས་པའི་དྲིན་ཆེན་པོ་རེད། མདོར་ན་རྣམ་མཁྱེན་བསྒྲུབ་རྒྱུ་དེ་སེམས་ཅན་ལ་བརྟེན་ནས་སྒྲུབ་དགོས་པ་ཞིག་ཡིན་པས། དེས་ན་ཇོ་བོ་སེམས་ཅན་རྣམས། ཡིད་བཞིན་ནོར་བུ་ལས་ལྷག་པའི། །དོན་མཆོག་སྒྲུབ་པའི་བསམ་པ་ཡིས། །རྟག་ཏུ་གཅེས་པར་འཛིན་པར་ཤོག །ཅེས་གསུངས་སོ།།
གང་དུ་སུ་དང་འགྲོགས་པའི་ཚེ། །
བདག་ཉིད་ཀུན་ལས་དམན་བལྟ་ཞིང༌། །
གཞན་ལ་བསམ་པ་ཐག་པ་ཡིས། །
མཆོག་ཏུ་གཅེས་པར་འཛིན་པར་ཤོག །
ཅེས་པ་ནི་དཔེར་ན་ང་རང་ཚོ་མི་ནང་ཚགས་ཤིག་ཐུག་ཀྱང་རང་ཉིད་ལས་སྤུ་མདོག་དྲག་པ་ཞིག་ཡོད་ན་དེར་སྐབས་རེ་ཕྲག་དོག་སྐྱེ་བ་དང༌། སྐབས་རེ་སྤྲེལ་ལས་བཤད་པ་ཡོང་གི་ཡོད། ཡང་རང་ཉིད་ལས་ཅུང་ཟད་སྐྱོ་བ་ཞིག་ཡོད་ན། ངམ་ངམ་ཤུགས་ཤུགས་ཀྱི་དེར་ཁྱད་གསོད་བྱེད་པ་དང༌། མཐོང་ཆུང་བྱེད་པ། དེ་འཕྱ་སྨོད་བྱེད་སའི་ཡུལ་ཞིག་ལ་སླེབས་འགྲོ་ཡི་ཡོད། ལྷག་པར་དུད་འགྲོ་འབུ་སྲིན་ཞིག་དང་འཕྲད་སྐབས་རང་མཆོག་ཏུ་འཛིན་པའི་བློ་ཞིག་ཤར་གྱི་ཡོད། དེས་རྐྱེན་པས་དེ་དག་ཡལ་བར་དོར་བ་དང༌། བརྙས་བཅོས་དང་ཁྱད་གསོད་བྱེད་པ་ཡོང་གི་ཡོད་པས་ན།
གང་དུ་སུ་དང་འགྲོགས་པའི་ཚེ། །
བདག་ཉིད་ཀུན་ལས་དམན་བལྟ་ཞིང༌། །
གཞན་ལ་བསམ་པ་ཐག་པ་ཡིས། །
མཆོག་ཏུ་གཅེས་པར་འཛིན་པར་ཤོག །
ཅེས་གསུངས་པ་འདི་གལ་ཆེན་པོ་རེད། ང་རང་ཚོ་མི་ནང་ཚགས་དང༌། དུད་འགྲོ་ཞིག་ཡིན་ཡང་ལེགས་དང་ཉེས། བཟང་དང་ངན། མཐོ་དང་དམའ་ཞེས་པ་འདི་དག་བལྟོས་ནས་གྲུབ་པ་ཤ་སྟག་རེད། བལྟོས་ནས་འཇོག་རྒྱུ་ལས་བལྟོས་པ་མེད་པའི་ལེགས་པ་ཞིག་དང༌། བལྟོས་པ་མེད་པའི་བཟང་པོ་ཞིག་དང༌། བལྟོས་པ་མེད་པའི་མཐོན་པོ་ཞིག་རྩ་བ་ནས་ཡོང་ཐབས་མེད།
དེར་བརྟེན་ང་རང་ཚོ་སྲོག་ཆགས་འབུ་སྲིན་ཞིག་དང་བསྡུར་ན། སྲོག་ཆགས་དེ་ཚོ་ཉོན་མོངས་པའི་གཞན་དབང་དུ་འགྲོ་ཡི་ཡོད་པ་དེ་ཁག་རྩ་བ་ནས་མེད། གླེན་ཞིང་གཏི་མུག་པ་དེ་ལྟ་བུའི་སྒང་ལ་འགྲོ་ཡི་ཡོད། དེ་དྲང་པོ་རེད། ང་རང་ཚོ་དལ་འབྱོར་གྱི་མི་ལུས་ཐོབ། སངས་རྒྱས་ཀྱི་བསྟན་པ་དང་མཇལ། བླ་མའི་དྲུང་ནས་ཆོས་ཞུས། སོ་སོས་ཀྱང་ཆོས་བྱེད་ཀྱི་ཡིན་ཞེས་ཁས་བླངས་དམ་བཅས་ཤིང་བྱེད་ཚུལ་ཞིག་ཀྱང་ཤེས། ད་དུང་སེམས་ཉོན་མོངས་པའི་གཞན་དབང་དུ་བཏང་ཞིང་ཉེས་སྤྱོད་ཀྱི་གཞན་དབང་དུ་སོང་ན། དེ་ལས་དུད་འགྲོ་དེ་དྲང་བ་རེད། དེས་སྐྱག་རྫུན་ཤོད་ཀྱི་མེད། དེ་དག་ནི་མ་ཤེས་པ་ཁོ་ནས་ལན་པ་ལས་དྲང་པོ་རེད། ང་རང་ཚོས་ཤེས་ཀྱི་ཡོད་ཅིང༌། ཤེས་བཞིན་དུ་ཁ་སྟབས་འདི་ལྟར་བྱས་སྟབས་དུད་འགྲོ་ཞིག་ལས་དམན་པ་རེད་བསམ་པའི་བསམ་བློ་འཁོར་ཞིང༌། འཁོར་བ་དེ་བདེན་པ་རེད། དེ་འདྲའི་བསམ་བློ་བཏང་ན༑ ངའོ་སྙམ་པའི་བློ་དེ་འདྲ་ཞིག་མི་ཡོང་བ་རེད། དེ་གལ་ཆེན་པོ་ཡིན། བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་མཁན་ཞིག་གིས་རྟག་ཏུ་དམན་ས་འཛིན་དགོས་པ་དེ་གལ་ཆེན་པོ་རེད། ང་ཞེ་པོ་གཅིག་ཡིན་བསམ་ན༑ སེམས་ཅན་ཐམས་ཅད་ཅེས་ཁ་ནས་སྨོན་ལམ་བརྒྱབ་ཀྱང་དོན་དངོས་ཁག་པོ་རེད། རྒྱལ་པོ་ལྟ་བུའི་སེམས་བསྐྱེད་ལྟ་བུ་ཡོང་གི་ཡོད་ན་ལས་དེ་མིན་ཁག་པོ་རེད།
སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ། །
རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག །
བདག་གཞན་མ་རུང་བྱེད་པས་ན། །
བཙན་ཐབས་གདོང་ནས་བཟློག་པར་ཤོག །
ཅེས་པ་ནི་ང་རང་ཚོའི་བློ་དགེ་བའི་ཕྱོགས་སུ་གཏད་ནས་ངས་གང་ཐུབ་ཀྱིས་དགེ་བ་ཞིག་སྒྲུབ་ཀྱི་ཡིན་བསམ་པའི་སྨོན་ལམ་རྒྱབ། འཕེན་པ་བཏང་ཡང་ལམ་དུ་མི་གཏོང་མཁན་དེ་ཉོན་མོངས་ཡིན། ཉོན་མོངས་ཤུགས་ཆེན་པོ་ཡོང་བ་དེ་གང་གིས་བྱས་སམ་ཞེ་ན། དེ་ནི་ཁག་མེད་པ་སྟེ༑ དུས་ད་ལྟ་བར་དུ་ང་ཚོས་ཉོན་མོངས་ལ་གོམས་འདྲིས་བསྟེན་ནས་གོམས་པ་མཐར་ཕྱིན་པ་རེད། དགེ་བའི་ཕྱོགས་དེ་དག་ད་ལྟ་བར་དུ་གོམས་མེད། དེས་ན་གོམས་པ་ཆེ་ཆུང་གི་དབང་གིས་རང་གི་ངང་གིས་ཉོན་མོངས་དེ་ཤུགས་ཆེ་བ་དང༌། དེའི་ལྡོག་ཕྱོགས་ཀྱི་དཀར་པོའི་ཡོན་ཏན་གྱི་རིགས་དེ་དག་ད་ལྟ་གོམས་འདྲིས་མེད་པའི་རྐྱེན་གྱིས་ཤུགས་ཆུང་ཆུང་ཆགས་པ་རེད།
སྔར་ཡང་ཉོན་མོངས་གོམས་པའི་དབང་གིས་ཤུགས་ཆེན་པོ་བྱུང་བ་ཡིན་སྟབས། ད་ཆ་གོམས་འདྲིས་དེ་དགེ་བའི་ཕྱོགས་སུ་བསྟེན། ཉོན་མོངས་ཀྱི་ཕྱོགས་ལ་གོམས་པ་མི་བསྟེན་ཞིང༌། དེ་དང་དུ་མི་ལེན་པ་བྱེད་དགོས། དང་དུ་མི་ལེན་པ་ཞེས་པ་དེ་ཡང་ཉོན་མོངས་མངོན་འགྱུར་བ་ཤུགས་དྲག་པོ་ཞིག་ནུས་པ་ཆ་ཚང་བརྟས་ཟིན་རྗེས་དེར་གཉེན་པོ་བསྟེན་རྒྱུ་ཁག་པོ་རེད། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གིས་ཉོན་མོངས་ཐོག་མར་སྐྱེ་བའི་སྐབས་ལ་ཉོན་མོངས་ཐོག་མར་འགོ་ཚུགས་ཡོང་བའི་སྐབས་ཡིན་སྟབས། སྐབས་དེ་དུས་དྲན་ཤེས་ཀྱིས་ཟིན་པ་བྱས་ཏེ་གཉེན་པོ་བསྟེན་ཐུབ་པ་དང༌། ཉོན་མོངས་ཀྱི་ནུས་པ་མ་བརྟས་པའི་གོང་ལ་གཉེན་པོ་སླེབས་ན༑ ཉོན་མོངས་བཟློག་པའི་གོ་སྐབས་མང་བ་ཡོད། དེས་ན། སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ། །ཞེས་པ་ལྟར་རྨི་ལམ་ཚུན་ཆད་དུ་རང་རྒྱུད་ལ་རྟོག་དཔྱོད་བྱས་ནས་ཉོན་མོངས་སྐྱེ་བའི་སྐབས་སམ་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གཡོ་བའི་སྐབས་ནས་འཕྲལ་དུ་འདི་མི་རུང་བ་ཡིན་བསམ་པའི་དྲན་ཤེས་ཀྱིས་ཟིན་པ་བྱས་ཏེ་ཉོན་མོངས་གང་དང་གང་སྐྱེ་གྲབས་ཡོད་པ་དེའི་ལྡོག་ཕྱོགས་ཀྱི་གཉེན་པོའི་ཕྱོགས་ལ་བསམ་བློ་བཏང་ནས་ཉོན་མོངས་གདོང་ནས་བཟློག་པའམ་བཙན་ཐབས་ཀྱིས་བཟློག་པར་བྱེད་དགོས་ཞེས་གསུངས་སོ།།
རང་བཞིན་ངན་པའི་སེམས་ཅན་རྣམས། །
སྡིག་སྡུག་དྲག་པོས་ནོན་མཐོང་ཚེ། །
རིན་ཆེན་གཏེར་དང་འཕྲད་པ་བཞིན། །
རྙེད་པར་དཀའ་བས་གཅེས་འཛིན་ཤོག །
ཅེས་གསུངས་པ་ནི་ང་རང་ཚོས་སེམས་ཅན་རང་བཞིན་ངན་པ། གཤིས་ཀ་ངན་པའི་རིགས་ལ་སྐབས་རེ་བྱམས་པ་དང༌། སྙིང་རྗེ་སྐྱེ་རྒྱུ་ཅུང་ཟད་དཀའ་བ་དང༌། དེ་བཞིན་དེ་དག་ལ་གཏོང་ལེན་གྱི་དམིགས་པ་བྱེད་རྒྱུར་ཡང་ཅུང་ཟད་དཀའ་བ་ཡོང་སྲིད་པ་རེད། ཡང་སྤྱོད་ལམ་རྩུབ་པོ་དང༌། དེ་མིན་ཉོན་མོངས་ཧ་ཅང་རགས་པ་ཡོད་པ་དེ་འདྲར་སྐབས་རེ་བྱང་ཆུབ་སེམས་སྦྱོང་གི་དམིགས་པའི་ཡུལ་ལ་བདེ་པོ་དེ་ཙམ་མི་ཡོང་བ་དེ་འདྲ་ཡོད་པས། དེ་སྒེར་བརྡུང་བཏང་ནས་བསམ་བློ་གཏོང་དགོས།
བདག་ལ་གཞན་གྱིས་ཕྲག་དོག་གིས། །
གཤེ་བསྐུར་ལ་སོགས་མི་རིགས་པའི། །
གྱོང་ཁ་རང་གིས་ལེན་པ་དང༌། །
རྒྱལ་ཁ་གཞན་ལ་འབུལ་བར་ཤོག །
ཅེས་པ་ནི། ང་རང་ཚོས་བློ་སྦྱོང་དཀའ་བའི་ཡུལ་གཅིག་ནི། རང་ཉིད་ཀྱིས་བསམ་པ་རྣམ་དག་བྱས་ཀྱང་གཞི་མེད་པ་དང༌། གཞི་ཅུང་ཟད་ཡོད་པ་དེ་འདྲར་སྒྲོ་བཏགས་པ། ཡང་ན་འཁྱོག་བཤད་ཀྱི་ཐོག་ནས་རང་ལ་སྐྱོན་འདོགས་བྱས་པ། བསྙོན་བཙུགས་པ་སོགས་ཡོང་སྐབས་སྤྱིར་བཏང་འཇིག་རྟེན་ཡ་རབས་ཀྱི་ཁྲིམས་ཐོག་ནས་བཤད་ན། རང་ལ་ཉེས་པ་མེད་བཞིན་དུ་གཞན་གྱིས་བསྙོན་བཙུགས་ནས་ཉེས་པ་བཤད་ན་དེ་མ་འོས་པ་རེད།
རང་ལ་བདེན་པ་ཡོད་ཅིང༌། ཕ་རོལ་པོར་བདེན་པ་མེད་པས་ཁྲིམས་ས་ལྟ་བུར་གཏུགས་ན་ཕལ་ཆེར་གཏུགས་ཆོག་པ་ཞིག་ཡིན་ནའང་བློ་སྦྱོང་ཉམས་ལེན་བྱེད་མཁན་གྱིས་དེ་འདྲ་བྱེད་མི་རུང་ཞིང༌། གཞན་གྱིས་རང་ལ་གཤེ་བ་དང་བསྐུར་བ་ལ་སོགས་པ་གང་ཞིག་བྱས་ཀྱང་དེ་དང་དུ་བླངས་ནས། ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན། གྱོང་དང་བུག་ཁ་རང་གིས་བླངས། །ཞེས་གསུངས་པ་ལྟར་དགོས་ཤིང༌། དེས་ན་གྱོང་ཁ་རང་གིས་ལེན་པ་དང༌། །རྒྱལ་ཁ་གཞན་ལ་འབུལ་བར་ཤོག །ཅེས་གསུངས་སོ། །དེ་ནས་ལྷག་པར་དུ་བློ་སྦྱོང་དཀའ་བའི་ཡུལ་གཅིག་ནི།
གང་ལ་བདག་གིས་ཕན་གདགས་པའི། །
རེ་བ་ཆེ་བ་གང་ཞིག་གིས། །
ཤིན་ཏུ་མི་རིགས་གནོད་བྱེད་ནའང༌། །
བཤེས་གཉེན་དམ་པར་བལྟ་བར་ཤོག །
ཅེས་པ་ནི་ལྷག་པར་དུ་རང་གིས་སྔར་ཕ་རོལ་པོར་ཕན་མང་དུ་བཏགས་ཤིང༌། རང་གིས་དྲིན་གྱིས་བསྐྱངས་པའི་སེམས་ཅན་ཞིག་གིས་རང་ལ་མི་འོས་མི་འཚམས་པ་དེ་འདྲ་བྱས་ན་དེ་ལ་ལྷག་པར་དུ་ཡང་བསམ་བློའི་ནང་དུ་ཁོས་དྲིན་ལན་ལོག་འཇལ་བྱས་བྱུང་བསམ་པ་བསམ་བློའི་ནང་ལ་འཁོར་བ་ནི་རྒྱུ་མཚན་ལྡན་པ་ཞིག་ཆགས་ཡོད་ཀྱང༌། བློ་སྦྱོང་ཉམས་ལེན་བྱེད་མཁན་གྱིས་དེ་འདྲའི་སྐབས་ལ་ལྷག་པར་དུ་ཡང་དེར་བཟོད་པ་སྒོམ་པའི་རྟེན་མཆོག་ཏུ་གྱུར་པ། རྣམ་མཁྱེན་ཐོབ་པ་ལ་སྙིང་རྗེ་ཆེན་པོ་དང་བྱམས་པ་དགོས་པ་རེད།
དེའི་ལྡོག་ཟླའམ་འགལ་རྐྱེན་ཆེ་ཤོས་དེ་ཞེ་སྡང་རེད། ཞེ་སྡང་ལ་ཐད་ཀར་གདོང་ཐུག་བྱས་ཏེ་ཞེ་སྡང་ལ་གདོང་ལེན་བྱེད་མཁན་དེ་བཟོད་པ་ཆགས་ཡོད། བཟོད་པའི་ཉམས་ལེན་བྱེད་པར་རང་ལ་གནོད་པ་བྱེད་མཁན་གྱི་དགྲ་ཞིག་དགོས་པ་ཡིན། དེས་ན་རང་ལ་ཤིན་ཏུ་མི་འོས་མི་འཚམས་པ་དེ་འདྲའི་ཐོག་ནས་རང་ལ་གནོད་པ་བྱེད་མཁན་གྱི་དགྲ་བོ་འདི་ལྷག་པར་དུ་ཡང་བཟོད་པའི་རྟེན་མཆོག་ཏུ་གྱུར་པ་རེད་ལ། དེ་ཡིན་པ་ཤེས་པར་བྱས་ཏེ་བཤེས་གཉེན་དམ་པར་བལྟ་བར་ཤོག་ཅེས་གསུངས་སོ།།
མདོར་ན་དངོས་སམ་རྒྱུད་པ་ཡི། །
ཕན་བདེ་མ་རྣམས་ཀུན་ལ་འབུལ། །
མ་ཡི་གནོད་དང་སྡུག་བསྔལ་ཀུན། །
གསང་བས་བདག་ལ་ལེན་པར་ཤོག །
ཅེས་པ་འདིས་གཏོང་ལེན་གསུངས་པ་རེད། དེ་ལྟར་གཏོང་ལེན་བྱས་ནས་དངོས་སུ་གཞན་གྱི་སྡུག་བསྔལ་རང་གིས་བླངས་རྒྱུ་ཞིག་དང༌། རང་གི་བདེ་དགེ་གཞན་ལ་སྦྱིན་ནས་གཞན་ལ་ཕན་ཐོགས་པ་དེ་ཧ་ཅང་ཁག་པོ་རེད། དམིགས་བསལ་རང་ཉིད་དང་ལས་སྨོན་གྱི་འབྲེལ་བ་ཧ་ཅང་ཡོད་པ་དེ་འདྲ་རེ་ཟུང་ཡོང་སྲིད་པ་ལས་དེ་མིན་ཧ་ཅང་ཁག་པོ་རེད། ལག་ལེན་གྱི་ཐོག་ནས་དངོས་སུ་ཡོང་རྒྱུ་ཡོད་མེད་མི་ཤེས་ཏེ། གང་ལྟར་རང་གི་སྙིང་སྟོབས་དང༌། རང་གཅེས་པར་འཛིན་པའི་གཅེས་འཛིན་ལ་མགོ་ལྕག་ཞུ་རྒྱ། གཞན་གཅེས་པར་འཛིན་པའི་གཅེས་འཛིན་གོང་ནས་གོང་དུ་འཕེལ་བའི་སྤྲོ་ཤུགས་འཕེལ་བ་ལ་གཏོང་ལེན་གྱི་དམིགས་པ་བྱེད་རྒྱུ་དེ་ནུས་པ་ཆེན་པོ་ཡིན།
མདོར་ན་དངོས་དང་རྒྱུད་པས་རང་གིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་དང༌། དེའི་འབྲས་བུ་བདེ་བ་དང༌། བཟང་པོའི་ནུས་པ་ཡོད་པ་དེ་དག་ཇོ་བོ་སེམས་ཅན་རྣམས་ལ་ཞེ་ཐག་པ་ནས་གཏོང་བ་དང༌། ནམ་མཁའི་མཐས་གཏུགས་པའི་སེམས་ཅན་གྱི་རྒྱུད་ལ་ཡོད་པའི་འབྲས་བུ་སྡུག་བསྔལ། དེའི་རྒྱུ་ལས་དང་ཉོན་མོངས་བག་ཆགས་དང་བཅས་པ་དེ་དག་རང་གཅེས་འཛིན་གྱི་མགོ་ཐོག་ཏུ་བླངས་པའི་སྒོ་ནས་གཏོང་ལེན་སྦྱང་རྒྱུ་དེ་རེད། དེ་ཡང་སྙིང་རྗེའི་དམིགས་པ་རྩལ་དུ་བཏོན་ནས་ལེན་པ་དེ་སྔོན་དུ་གཏོང་བ་རེད།
དེ་ནས་སྡུག་བསྔལ་མཐའ་དག་རང་གིས་བླངས་ཟིན་པ་ཡིན་བསམ་པའི་རྗེས་སུ་སྡུག་བསྔལ་བྲལ་བ་ཙམ་གྱིས་མི་ཆོག་པར། དེ་ཐམས་ཅད་བདེ་བ་མཐའ་དག་དང་ལྡན་པ་ཞིག་བྱ་བསམ་པ་དང༌། བདེ་བ་མཐའ་དག་དང་ལྡན་ན་ཅི་མ་རུང༌། བདེ་བ་མཐའ་དག་དང་ལྡན་པ་བདག་གིས་བྱ་སྙམ་པ་ཞིག་དགོས། བདག་གིས་ཇི་ལྟར་བྱ་དགོས་སམ་ཞེ་ན། རང་གི་དགེ་བའི་རྩ་བ་དགེ་ཚུལ་སློང་གི་སྡོམ་པ་བླངས་པ། བྱང་ཆུབ་ཀྱི་སེམས་ལ་བློ་སྦྱངས་པ། སྟོང་ཉིད་ཀྱི་ལྟ་བ་བསྒོམས་པ། ལྷ་ཡི་རྣལ་འབྱོར་བསྒོམས་པ་སོགས་མདོར་ན་ལུས་ཀྱི་སྒོ་ནས་བསགས་པའི་དགེ་བ་དང༌། ངག་གི་སྒོ་ནས་བསགས་པའི་དགེ་བ། ཡིད་ཀྱི་སྒོ་ནས་བསགས་པའི་དགེ་བ་ཡོད་པ་དེ་དག་ཐམས་ཅད་རང་དོན་ཡིད་བྱེད་ཀྱི་བསམ་པས་མ་འདྲེས་པར་ཞེ་ཐག་པ་ནས་སམ། སྙིང་ཁོང་རུས་པའི་གཏིང་ནས་དགའ་བཞིན་སྤྲོ་བཞིན་ཕངས་པ་མེད་པའི་ཐོག་ནས་གཞན་ལ་བཏང༌། དེ་ནས་རང་གི་ལུས་ཀྱང་བཏང༌། ལོངས་སྤྱོད་ཀྱང་གཏོང་བའི་སྒོ་ནས་གཏོང་ལེན་གྱི་དམིགས་པ་བྱེད་རྒྱུ་དེ་ལྟར་གསུངས་པ་རེད། གསང་བས་བདག་ལ་ལེན་པར་ཤོག །ཅེས་གསང་བས་བདག་ལ་ལེན་པ་ནི་རིམ་བཞིན།
གཏོང་ལེན་གཉིས་པོ་སྤེལ་མར་སྦྱར། །
ལེན་པའི་གོ་རིམ་རང་ལས་བརྩམས། །
དེ་ཉིད་རླུང་ལ་སྐྱོན་པར་བྱ། །
ཞེས་གསུངས་པ་བཞིན་དབུགས་ཚུར་རྔུབ་པའི་སྐབས་སུ་གཞན་གྱི་སྡུག་བསྔལ་ཚུར་བླངས་པ་དང༌། དབུགས་ཕར་གཏོང་བའི་སྐབས་རང་གི་བདེ་དགེ་གཞན་ལ་སྦྱིན་པ་དེ་ལྟ་བུའི་སྒོ་ནས་བློ་སྦྱོང་འགྲོ་ཞོར་འདུག་ཞོར་གང་གི་སྐབས་སུ་ཡིན་ནའང་ཉམས་ལེན་བྱེད་རྒྱུ་གསུངས་པ་རེད།
ཁ༽ དོན་དམ་བྱང་ཆུབ་ཀྱི་སེམས་སྐོར།
དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི། །
རྟོག་པའི་དྲི་མས་མ་སྦགས་ཤིང༌། །
ཞེས་པའི་རྐང་པ་གཉིས་པོས་སྤྱིར་དགེ་བ་གང་བསགས་པ་རྣམས་འཇིག་རྟེན་ཆོས་བརྒྱད་ཀྱི་རྣམ་རྟོག་དང་འདྲེས་པའི་ཉེན་ཁ་ཆེན་པོ་ཡོད། ངས་བྱང་ཆུབ་ཀྱི་སེམས་བསྒོམས་ཏེ་དེ་ལ་བརྟེན་ནས་གཞན་གྱིས་བསྟོད་ར་བཏང་མི་ཡོང་ངམ་བསམ་པ་དང༌། ཡང་ན་བྱང་ཆུབ་ཀྱི་སེམས་བསྒོམས་ན་ཚེ་རིང་པོ་ཡོང་བ་དང༌། བསོད་ནམས་འཕེལ་ནས་ལོངས་སྤྱོད་ཆེན་པོ་ཡོང་གི་རེད་བསམ་པ་དང༌། དེ་ལ་བརྟེན་ནས་མི་ཚེ་འདི་སྐྱིད་པོ་ཡོང་གི་རེད་བསམ་ན་ལྟས་ངན་ཡིན་པ་རེད། དེ་འདྲའི་བསམ་བློ་གཏོང་རྒྱུ་མེད།
མདོར་ན་ཚེ་འདི་དང་འབྲེལ་ནས་རང་བདེ་བ་ཞིག་བྱུང་ན་བསམ་པ་དང༌། བསྟོད་ར་བྱུང་ན་བསམ་པ། ང་ལ་སྙན་གྲགས་བྱུང་ན་བསམ་པ་སོགས་དེ་འདྲའི་འཇིག་རྟེན་ཆོས་བརྒྱད་ཀྱི་བློས་མ་འདྲེས་པ་ཞིག་དང༌། ཆོས་བརྒྱད་དཀར་ནག་ཁྲ་གསུམ་ཞེས་གསུངས་པ་ལྟར་ཆོས་བརྒྱད་དང་མ་འདྲེས་པ་ཞིག་བྱེད་དགོས་པ་རེད་ཅེས་གསུངས་སོ།།
ཆོས་ཀུན་སྒྱུ་མར་ཤེས་པའི་བློས། །
ཞེན་མེད་འཆིང་བ་ལས་གྲོལ་ཤོག །
ཅེས་གསུངས་པ་ནི་གོང་ཞུས་ལྟར་ང་ཞེས་པ་དེ་ཕུང་པོའི་གསེབ་ནས་མེད་ལ། ཕུང་པོ་ཡོད་ས་དེར་ང་དེ་ཡང་ཡོད་ཅིང༌། འོན་ཀྱང་ཡོད་ས་དེ་ནས་ང་དེ་བཙལ་ན་རྙེད་རྒྱུ་མེད། མེད་པ་མིན་ཞིང༌། ཕུང་པོ་ལ་བརྟེན་ནས་བཏགས་པ་རེད། དེ་ཙམ་མ་ཟད་ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ་ཞེས་གསུངས་པ་ལྟར་གདགས་གཞི་ཕུང་པོ་དེ་ཉིད་ཀྱང་རྙེད་རྒྱུ་མེད་པ་ཞིག་ཆགས་ཀྱི་ཡོད། དེར་བརྟེན་སྤྱིར་ཕུང་པོ་རྫས་ཡོད་དང་གང་ཟག་བཏགས་ཡོད་ཅེས་བཤད་ཀྱི་ཡོད། བཏགས་ཡོད་གང་ལ་བཏགས་སའི་རྫས་ཡོད་ཕུང་པོ་དེ་ཉིད་ཀྱང་རྙེད་རྒྱུ་མེད་པ་ཞིག་ཆགས་པས། དེ་ལ་བརྟེན་ནས་བཏགས་པའི་གང་ཟག་དེ་ཡང་ལྟ་ཅི་སྨོས། དེས་མཚོན་པའི་བདེ་སྡུག་ལོངས་སྤྱོད་པ་པོའི་བདག་ཅེས་པ་དེ་ཡང་ཐ་སྙད་བཏགས་ཙམ་ཡིན་ཞིང༌། མིང་གི་དབང་གིས་ཡོད་ཙམ་དང༌། གདགས་གཞི་ལ་བརྟེན་ནས་བཏགས་ཙམ་ཡིན། གདགས་གཞི་རང་ཉིད་ཀྱང་རང་གི་ཆ་ཤས་ཚོགས་པ་ལ་བརྟེན་ནས་ཡོང་དགོས་པ་དང༌། ཤེས་པ་ལྟ་བུ་ཡིན་ན་རྒྱུན་གྱི་ཚོགས་པའི་སྟེང་ནས་ཡོང་དགོས།
དེ་བཞིན་གཟུགས་ཅན་ཞིག་ཡིན་ཀྱང་ཕྱོགས་ཀྱི་ཆ་ཅན་ཡིན་པས་ན། དེ་ལ་བརྟེན་ནས་བཏགས་པ་ཞིག་ཡིན་སྟབས་མཐར་གཏུགས་ན་ཕྱི་དང་ནང༌། བདེ་སྡུག་ལོངས་སྤྱོད་པ་པོ་དང༌། བདེ་སྡུག་ལོངས་སྤྱད་བྱའི་ཕུང་སོགས་ཀྱིས་མཚོན་པའི་ཆོས་གང་དང་གང་ཡིན་ཡང༌། དེ་ཐམས་ཅད་བརྟག་ཅིང་དཔྱད་ན་རྙེད་རྒྱུ་མེད་ཅིང༌། མ་བརྟག་མ་དཔྱད་པར་འཇོག་རྒྱུ་ཙམ་ཞིག་ལས་བརྟག་ཅིང་དཔྱད་ན་མེད་པ་རེད། མ་བརྟག་མ་དཔྱད་པའི་ངང་ལ་ཡོད་ལུགས་དེ་ཡང་དོན་གྱི་ངོས་ནས་ཡོད་པ་མིན་པ༑ གང་ལྟར་ཐ་སྙད་ཀྱི་དབང་གིས་བཏགས་ཙམ་ཞིག་ཡིན་པ་དེ་འདྲ་བློ་ལ་ཤར་བ་ཞིག་བྱུང་ན་མ་བརྟག་མ་དཔྱད་པའི་བློ་ལ་ཆོས་དེ་དང་དེའི་ཐ་སྙད་བློ་ལ་ཤར་སྐབས་དོན་གྱི་ངོས་ནས་ཡོད་པ་ཞིག་སྣང་གི་ཡོད། འོན་ཀྱང་སྣང་བ་ལྟར་དུ་གྲུབ་པ་མེད་བསམ་པ་ཞིག་རང་གི་ངང་གིས་ཡོང་བ་རེད། དེ་ལྟ་བུ་ཞིག་བྱུང་ན་སྒྱུ་མ་ལྟ་བུའི་ཉམས་ལེན་ཡོང་གི་ཡོད།
ཆོས་ཀུན་སྒྱུ་མར་ཤེས་པའི་བློས། །
ཞེན་མེད་འཆིང་བ་ལས་གྲོལ་ཤོག །
ཅེས་བདག་ཏུ་ཞེན་པའམ་བདག་ཏུ་འཛིན་པའི་འཛིན་པ་དེ་རིམ་གྱིས་ཆུང་དུ་ཕྱིན་ཏེ་མདོར་ན་སྲིད་པ་འཁོར་བར་འཆིང་བྱེད་ཀྱི་བདག་འཛིན་དེ་ལས་གྲོལ་བར་ཤོག་ཅེས་གསུངས་སོ།།
ཅེས་པ་འདི་ནི་དགེ་བཤེས་གླང་ཐང་པ་རྡོ་རྗེ་སེངྒེའི་གསུང་ངོ༌།།
གླང་ཐང་ཚིག་བརྒྱད་འདི་ཉུང་ངུ་ཞིག་ལས་མེད་སྟབས་ཡང་ཡང་བཏོན་ན་ཡག་པོ་ཡོད་ཅིང༌། ལྷག་པར་ལྷོད་ལྷོད་དང་སྐྱིད་པོ་ཡོད་པའི་སྐབས་སུ་བཏོན་ན་ཡག་པོ་ཡོད། ལྟོ་འགྲངས་ཉི་མས་དྲོས་ཚེ་ཆོས་པའི་གཟུགས། །ཞེས་གསུངས་པ་ལྟར་སྐྱིད་པོ་ཡོད་ན་གླང་ཐང་ཚིག་བརྒྱད་འདྲ་བཏོན། སྡུག་པོ་འདུག་ན་གླང་ཐང་ཚིག་བརྒྱད་དེ་ཕར་གཡུགས་ནས་རྒྱག་རེས་རྒྱབ་དགོས་བྱུང་ན་རྒྱག་རེས་རྒྱབ། ཕྲག་དོག་བྱེད་དགོས་བྱུང་ན་ཕྲག་དོག་བྱས། མི་མི་གོ་ཆོད་པ་ཞིག་བྱས། སྐྱིད་པོ་ཞིག་ཡོད་ན།
བདག་ནི་སེམས་ཅན་ཐམས་ཅད་ལ། །
ཡིད་བཞིན་ནོར་བུ་ལས་ལྷག་པའི། །
ཞེས་གླང་ཐང་ཚིག་བརྒྱད་འདྲ་འདོན་ན་མེད་པ་ལས་དྲག་གི་རེད། གླང་ཐང་ཚིག་བརྒྱད་ཀྱིས་བཤད་ལུང་མདོར་བསྡུས་འདིས་འཐུས་པ་དང༌། ང་ཆུང་ཆུང་སྐབས་ནས་བཟུང་ཉིན་ལྟར་གླང་ཐང་ཚིག་བརྒྱད་འདི་འདོན་གྱི་ཡོད་ལ། སེམས་ལ་ཕན་པོ་འདུག འདི་ཡང་ཡང་བཏོན་ན་ཡག་པོ་ཡོད། སེམས་ལ་ཡང་ཡང་གོམས་འདྲིས་བསྟེན་ན་བློ་ལ་འགྱུར་བ་ཐེབས་ཀྱི་རེད། དེ་འདྲ་རེད་ཅེས་བཀའ་བསྩལ་ཏོ།། །།