གནས་སྟངས་ཁག་ཅིག་གི་ནང་། མི་རྣམས་ཀྱིས་འདས་པའི་ནང་དུ་རང་ཉིད་ལ་དྲང་བདེན་མ་བྱས་པ་སོགས་བྱ་བ་གང་ཡིན་ཀྱང་དེ་གཞིར་བཟུང་སྟེ། ཁོང་ཁྲོ་སོགས་ཀྱི་ཚོར་བ་རྣམས་སེམས་གཏིང་དུ་ཉར་གྱི་ཡོད། འདི་ལྟ་བུར་མཚོན་ན། བོད་པའི་གཏམ་དཔེ་ཞིག་སྟེ། དུང་གི་ན་ཚ་ཕུད་ན་སངས་ཟེར་བ་དེ་བདེན་པ་ཆགས་ཡོད། ཡང་། ཚིག་གཞན་གྱིས་བཤད་ན། གལ་ཏེ་དངོས་པོ་ཞིག་གིས་དུང་འགག་ཏུ་བཅུག་ཡོད་ན། དེ་ལ་ཕུ་རྒྱབ་ནས་ཕྱི་རུ་བླངས་ན་དུང་དེ་གཙང་མ་ཆགས་པ་རེད། དེར་བརྟེན། གནས་སྟངས་ཁག་ཅིག་གི་ནང་དུ་ཁོང་ཁྲོའི་ཚོར་བ་སོགས་ཕྱིར་བཏོན་ན་ཡག་པོ་ཡོད་སྲིད།
དེ་ལྟར་ཡིན་ཀྱང་། སྤྱིར་བཏང་བྱས་ན། ཁོང་ཁྲོའམ་ཞེ་སྡང་བཀག་སྡོམ་མི་བྱེད་པ་དང་། སྣང་མེད་དུ་བསྐྱུར་བ་ཡིན་ན། དེ་དག་མུ་མཐུད་ནས་འཕེལ་བ་རེད། ང་ཚོས་དེ་དག་ལ་ཁ་གཏད་བཅག་ནས་གདོང་ལེན་བྱས་ན། དེ་དག་ལ་དོགས་ཟོན་བྱེད་པའི་བློ་ནི་དེའི་ཚོད་ཀྱིས་གོང་འཕེལ་དུ་སོང་ནས་དེ་དག་གི་སྟོབས་ཤུགས་ཉམས་འགྲོ་ཞིང་། ང་ཚོ་ནི་དེའི་ཚོད་ཀྱིས་དེ་དག་གི་གཞན་དབང་དུ་མི་འགྲོ།
(ཁོང་ཁྲོ་བཅོས་ཐབས། ནང་པའི་བཟོད་སྒོམ་གྱི་ནུས་སྟོབས་ཞེས་པ་ལས་བཏུས།)