མི་རྣམས་ཀྱིས་ང་ཚོར་མ་རུངས་པ་བྱེད་པ་འདི་དག་ནི། རང་ཉིད་ཀྱི་འདས་ཟིན་པའི་ལས་ཀྱི་འབྲས་བུ་རེད། ལས་དེ་དག་གིས་དགྲ་བོར་བསྐུལ་ནས་ང་ཚོར་གནོད་འཚེ་བྱས་པ་རེད། ཕྱོགས་འདི་ནས་བཤད་ན། དགྲ་བོས་ང་ཚོར་གནོད་པ་བྱེད་པ་ལས་ང་ཚོས་དགྲ་བོར་འཚེ་བ་བྱེད་ཀྱིན་ཡོད་པ་སྟེ། ང་ཚོས་བསླངས་པའི་འཚེ་བའི་ལས་དེ་དག་གི་རྐྱེན་པས་ཁོ་ཚོས་མ་འོངས་པར་སྡུག་བསྔལ་མྱོང་བར་འགྱུར། མི་གཞན་གྱིས་ང་ཚོར་གནོད་པ་སྐྱེལ་སྐབས། དེ་ཡིས་ང་ཚོར་བཟོད་པ་སྒོམ་པར་གོ་སྐབས་སྤྲོད་པར་མ་ཟད། སྡིག་པ་རྣམས་བཤགས་ནས་བསོད་ནམས་ཀྱི་ཚོགས་གསོག་པའི་གོ་སྐབས་ཀྱང་སྤྲོད་ཀྱི་ཡོད། དེ་འདྲའི་གོ་སྐབས་གལ་ཆེན་པོ་ཞིག་སྤྲོད་མཁན་ནི་ང་ཚོའི་དགྲ་བོ་དེ་ཡིན་པས། ཁོ་ཚོས་དོན་དངོས་སུ་ང་ཚོར་རོགས་རམ་བྱེད་ཀྱི་ཡོད། ཡིན་ན་ཡང་། ཁོ་ཚོས་མི་དགེ་བའི་ལས་གསོག་བཞིན་ཡོད་པ་དང་། ང་ཚོ་ནི་དེ་དག་གི་རྒྱུ་རུ་འགྱུར་བཞིན་ཡོད་པར་བརྟེན། ང་ཚོས་དོན་ངོ་མར་དེ་རྣམས་ལ་གནོད་པ་སྐྱེལ་བཞིན་ཡོད། དེ་བས་ན། ང་ཚོ་ཁོང་ཁྲོ་ལང་དགོས་པ་ཡིན་ན། ཁོང་ཁྲོ་ལང་དགོས་ས་ནི་ང་ཚོ་རང་ཉིད་རེད། དགྲ་བོས་ཀུན་སློང་ཅི་འདྲ་ཞིག་ཁྱེར་ཡོད་རུང་། ཁོ་ཚོས་ང་ཚོར་ཕན་པ་སྒྲུབ་ཀྱིན་ཡོད་པས། ང་ཚོ་ནམ་ཡང་ཁོ་ཚོའི་ཕྱོགས་སུ་ཁོང་ཁྲོ་ལང་མི་རུང་།
འོ་ན། དགྲ་བོ་རྣམས་ཀྱིས་མི་དགེ་བའི་ལས་གསོག་པའི་རྒྱུ་བྱེད་པ་དེའི་རྐྱེན་གྱིས་མི་དགེ་བའི་ལས་གསོག་གི་ཡོད་དམ། དགྲ་བོས་ང་ཚོར་བཟོད་པ་ཉམས་སུ་ལེན་པའི་གོ་སྐབས་སྦྱིན་གྱི་ཡོད་པས། ཁོ་ཚོས་དགེ་བ་གསོག་གི་ཡོད་དམ་ཞེ་ན། དེ་ནི་མིན་ཞིང་། ང་ཚོ་ནི་དགྲ་བོས་མི་དགེ་བའི་ལས་དེ་བྱས་པའི་རྒྱུ་རྐྱེན་ཡིན་རུང་། ང་ཚོས་བཟོད་པ་ཉམས་སུ་བླངས་པར་བརྟེན་ནས་དགེ་བའི་ལས་གསོག་གི་ཡོད་པ་དང་། ང་ཚོ་སྐྱེ་བ་ཕྱི་མར་ངན་སོང་དུ་མི་སྐྱེ། བཟོད་པ་ཉམས་སུ་ལེན་མཁན་ནི་ང་ཚོ་རང་ཉིད་ཡིན་ཞིང་། དེས་ང་ཚོའི་དགྲ་བོ་ལ་ཕན་མི་ཐོགས། དེ་ལས་ལྡོག་སྟེ། གལ་ཏེ། ང་ཚོར་གནོད་པ་སྐྱེལ་སྐབས་ང་ཚོས་བཟོད་སྒོམ་བྱེད་མ་ཐུབ་ཚེ། དེ་ནས། ང་ཚོའི་དགྲ་བོ་རྣམས་ཀྱིས་གནོད་པ་སྐྱེལ་བ་དེ་ནི་སུ་དང་གང་ལའང་ཕན་ཐོགས་མེད། ལྷག་པར་དུ་བཟོད་སྒོམ་བྱེད་མ་ཐུབ་པར་ཁོང་ཁྲོ་ལངས་པ་ཡིན་ན། ང་ཚོ་བྱང་སེམས་ཀྱི་སྡོམ་པ་དང་འགལ་བའི་ཉེས་པ་འབྱུང་གི་ཡོད།
(སྤྱོད་འཇུག་གི་བཀའ་ཁྲིད་སྨག་རུམ་གློག་འགྱུ་ཞེས་པ་ལས་བཏུས།)