ང་ཚོ་ཁོང་ཁྲོའམ་ཞེ་སྡང་ལ་འཐབ་པའི་གཡུལ་དུ་ཞུགས་པ་ཡིན། དེ་ནི་གཡུལ་འགྱེད་པའི་གནས་སྟངས་ཤིག་ཡིན་པས། ང་ཚོའི་འཚོལ་བྱ་རྒྱལ་ཁ་ཡིན་ན་ཡང་། ཕམ་ཉེས་ཀྱང་འབྱུང་སྲིད་པའི་གྲ་སྒྲིག་ང་ཚོར་ཡོད་དགོས། རྒྱུ་མཚན་དེ་ལ་བརྟེན་ནས། ང་ཚོ་གཡུལ་ལ་ཞུགས་པའི་སྐབས་སུ། གཡུལ་འགྱེད་ཀྱི་བརྒྱུད་རིམ་ཁྲོད་ནས། དཀའ་སྡུག་དང་དཀའ་ངལ་མང་པོ་ཞིག་ལ་འཕྲད་ངེས་པ་བརྗེད་མི་རུང་། དཀའ་སྡུག་དེ་དག་ཐེག་པའི་ནུས་པ་ང་ཚོར་ཡོད་དགོས་ཤིང་། ང་ཚོས་དེ་དག་ལ་བཟོད་བསྲན་བྱེད་ཐུབ་དགོས། ཆེས་དཀའ་ཚེགས་ཆེ་བའི་གཡུལ་འགྱེད་ཀྱི་བརྒྱུད་རིམ་དེའི་ཁྲོད་ནས་ཞེ་སྡང་ངམ་ཁོང་ཁྲོ་ལས་རྒྱལ་ཁ་ལེན་མཁན་ནི་དཔའ་བོ་ངོ་མ་དེ་རེད། དེ་ལས་ལྡོག་སྟེ། ཁོང་ཁྲོའམ་ཞེ་སྡང་སོགས་ཀྱི་དབང་གིས་གཡུལ་དུ་ཞུགས་ཏེ། ཐ་ན། གཡུལ་ས་ནས་དགྲ་བོ་ཕམ་པར་བྱས་ནས་རང་ཉིད་ལ་རྒྱལ་ཁ་ཐོབ་ནའང་། དོན་དངོས་བྱས་ན། མི་དེའི་རིགས་ནི་དཔའ་བོ་ཞིག་མིན་ཞིང་། ཁོང་ཚོས་གང་བྱེད་ཀྱིན་ཡོད་པ་ནི་མིའི་བེམ་རོ་ཙམ་བསད་པ་ཡིན་ཏེ། འགྲོ་བ་མི་ནི་འཆི་བདག་གི་དབང་དུ་འགྲོ་དགོས་པ་རང་བཞིན་ཞིག་ཡིན་པས་ནམ་ཞིག་འཆི་ངེས་རེད། དགྲ་བོ་རྣམས་གཡུལ་ས་ནས་ཤི་མ་ཤི་དེ་གནད་དོན་གཞན་ཞིག་ཡིན། གཡུལ་ས་ནས་མ་ཤི་རུང་ནམ་ཞིག་འཆི་ངེས་རེད། དེར་བརྟེན། ཁོང་ཚོས་དོན་དངོས་སུ་བསད་པ་ནི་མིའི་བེམ་རོ་ཙམ་ཡིན། དཔའ་བོ་ངོ་མ་ནི་ཞེ་སྡང་ངམ་ཁོང་ཁྲོ་ལས་རྣམ་པར་རྒྱལ་མཁན་དེ་ཡིན།
ཁོང་ཁྲོའམ་ཞེ་སྡང་། ད་དུང་ཉོན་མོངས་པའི་བློ་གཞན་དག་ལ་རྒོལ་བའི་གཡུལ་ལ་ཞུགས་དགོས་པ་བདེན་པ་ཡིན་ན་ཡང་། ང་ཚོ་དེ་དག་ལས་རྒྱལ་ཁ་འཐོབ་པའི་ཁག་ཐེག་དང་གདེང་ཚོད་ཅི་ཞིག་ཡོད་དམ་ཞེས་བསམ་སྲིད། ང་རང་གིས་བལྟས་ན། འདི་ནི་གནད་དོན་གལ་ཆེན་ཞིག་ཡིན་ཞིང་། གལ་སྲིད་དཀའ་ངལ་ཁྱད་དུ་བསད་ན་ཉོན་མོངས་པའི་དགྲ་ལས་རྒྱལ་རྒྱུ་ཡོད་པའི་ཁག་ཐེག་ཅིག་ང་ཚོར་ངེས་པར་དུ་ཡོད་དགོས།
(ཁོང་ཁྲོ་བཅོས་ཐབས། ནང་པའི་བཟོད་སྒོམ་གྱི་ནུས་སྟོབས་ཞེས་པ་ལས་བཏུས།)