གནས་སྟངས་ཁག་ཅིག་ལ་མཚོན་ན། ཁྱོད་ཀྱིས་བཤད་པ་བདེན་པ་རེད། ཡ་ལན་ཤུགས་ཆེན་ཞིག་སྤྲོད་པའི་སྐབས་སུ། ཐ་ན། རང་ཉིད་ཀྱིས་ཞེ་སྡང་གི་སེམས་ཚོར་གང་ཡང་བཟུང་མེད་ནའང་། ཡ་ལན་དེས་ཕ་རོལ་པོའི་ཞེ་སྡང་ངམ་ཁོང་ཁྲོའི་སེམས་ཚོར་ཆེ་རུ་གཏོང་སྲིད། གལ་སྲིད་གནས་སྟངས་འདི་འདྲ་ཞིག་ཡིན་ན། ཡ་ལན་ཤུགས་ཆེན་པོ་མ་སྤྲད་པའི་ཐོག་ནས་བཞག་ན་ལེགས་སྲིད་པ་རེད།
དེ་ལྟར་ཡིན་ཀྱང་། འདི་རུ་ཁྱོད་ཀྱིས་ངེས་པར་དུ་རང་གིས་གནས་སྟངས་ཤིག་ལ་ཡ་ལན་སྤྲད་པའི་མཇུག་འབྲས་དེ་ཤེས་དགོས་ཤིང་། གལ་སྲིད་རང་གི་ཡ་ལན་དེས་ཕ་རོལ་པོ་དེ་མ་འོངས་པར་སྡུག་བསྔལ་བསྐྱེད་པའི་མི་དགེ་བའི་ལས་ལ་ངན་ལོབས་སུ་གཏོང་གི་ཡོད་ན། ང་ཚོས་ཡ་ལན་བཙན་པོ་ཞིག་སྤྲོད་དགོས་ཀྱི་ཡོད། ཡིན་ན་ཡང་། ཡ་ལན་ཤུགས་ཆེན་པོ་ཞིག་སྤྲད་པ་དེས་གནས་སྟངས་དེ་ཉེན་ཚབས་ཆེ་རུ་གཏོང་བ་དང་། གཞན་གྱི་ཁོང་ཁྲོའམ་ཞེ་སྡང་སོགས་ཤུགས་ཆེ་རུ་གཏོང་གི་ཡོད་ན། གནས་སྟངས་དེ་ལ་ཁ་གཏད་གང་ཡང་མ་བྱས་པའི་ཐོག་ནས་བཞག་ན་ལེགས་སྲིད། དེ་བས་ན། ཁྱོད་ཀྱིས་གནས་སྟངས་སོ་སོའི་ཕྱོགས་ཡོངས་ལ་བསམ་བློ་གཏོང་ཐུབ་དགོས།
འདི་ནི་སོ་སོ་རང་ངོས་ནས་བཤད་ན་མཉམ་ཞུགས་དང་འགན་ཁུར་དང་འདུ་འཛི་སོགས་ཉུང་ཅི་ཐུབ་བྱེད་དགོས་པའི་ནང་པའི་རྩ་དོན་ཞིག་དང་འདྲ་མཚུངས་ཤིག་ཡིན། དེ་ལྟར་ཡིན་ན་ཡང་། རྒྱ་ཆེ་བའི་སྤྱི་ཚོགས་ཀྱི་ངོས་ནས་བཤད་ན། ང་ཚོས་གང་ཐུབ་ཀྱིས་མཉམ་ཞུགས་དང་འགན་ཁུར་གང་མང་མང་ཞིག་ལེན་དགོས་ཀྱི་ཡོད།
(ཁོང་ཁྲོ་བཅོས་ཐབས། ནང་པའི་བཟོད་སྒོམ་གྱི་ནུས་སྟོབས་ཞེས་པ་ལས་བཏུས།)