གལ་སྲིད་མི་ཞིག་གིས་རང་ཉིད་ལ་དྲང་བདེན་མ་བྱས་པ་དང་། གནས་སྟངས་དེ་ལ་ཁ་གཏད་མ་བཅག་པར་བཞག་ན། དྲང་བདེན་མི་བྱེད་མཁན་དེས་སྡིག་པ་ཚབས་ཆེན་བསག་སྲིད། དེ་འདྲའི་གནས་སྟངས་ཀྱི་ནང་དུ་ང་ཚོས་ཕར་ཁ་གཏད་འོས་ཤིང་འཚམ་པ་ཞིག་གཅོག་དགོས་ཀྱི་ཡོད། ཡིན་ན་ཡང་། ཕ་རོལ་པོ་དེས་སྡིག་པ་བསགས་པ་ལ་ཁོང་ཁྲོའམ་ཞེ་སྡང་ལང་བའི་ཚབ་ཏུ་སྙིང་རྗེ་སྐྱེས་ནས་ཁ་གཏད་གཅོག་པ་དང་ཡ་ལན་སྟེར་ཆོག །དངོས་གནས་བྱས་ན། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནང་གི་གཅིག་ནི། ཁ་གཏད་གཅོག་དགོས་པའི་གནས་སྟངས་ལ་གཉེན་པོ་སྟོབས་ལྡན་བསྟེན་རྒྱུ་དེ་ཡིན། གལ་སྲིད་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གནས་སྟངས་ཤིག་ལ་ཁ་གཏད་གཅོག་དགོས་པའི་སྐབས་སུ། དེ་ལ་ཁ་གཏད་མ་བཅག་པ་ཡིན་ན། དེ་ནི་ཉེས་ལྟུང་ཞིག་ཡིན།
དེར་མ་ཟད། དབུ་མ་ལ་འཇུག་པའི་ནང་དུ་གསུངས་པ་ལྟར། ཞེ་སྡང་གི་བསམ་ངན་བཅངས་པ་དེས་རང་ཉིད་ངན་སོང་དུ་འཕེན་པར་མ་ཟད། ད་ལྟའི་གནས་སྐབས་སུའང་རང་གི་སེམས་ལ་ཁོང་ཁྲོ་དྲག་པོ་ཞིག་སྐྱེས་ཡོད་ན། ང་ཚོས་རང་གི་ཕྱིའི་རྣམ་འགྱུར་མ་འཆོལ་བར་འབད་པ་ཇི་ཙམ་བྱས་ཀྱང་། ང་ཚོའི་ཁ་ངོ་ནི་མདོག་ཉེས་པོར་འགྱུར་འགྲོ། ང་ཚོའི་ངོ་གདོང་ལ་འཕྲལ་དུ་རྣམ་འགྱུར་མི་ལེགས་པ་ཞིག་ཐོན་ཞིང་། ཉེ་འཁོར་གྱི་མི་ཚོས་ཁོང་ཁྲོ་དེ་རང་གི་གཟུགས་པོ་ལས་འཕྱོ་བའི་རླངས་པ་ཡིན་པ་ལྟར་དུ་ཚོར་ཐུབ་པར་མ་ཟད། ཐ་ན། ཁྱི་ལྟ་བུའི་དུད་འགྲོ་ཚོས་ཀྱང་ཚོར་ཐུབ་ཅིང་། ཁོང་ཁྲོ་ལངས་པའི་མི་དེ་ལས་གཡོལ་ཐབས་བྱེད་པ་རེད།
འདི་དག་ནི་འཕྲལ་དུ་བྱུང་བའི་ཞེ་སྡང་གི་འབྲས་བུ་ཡིན། ཞེ་སྡང་གིས་མི་ཞིག་གི་ཕྱིའི་རྣམ་འགྱུར་མི་སྡུག་པ་ཞིག་ཏུ་བསྒྱུར་བར་མ་ཟད། དེ་ལྟ་བུའི་ཁོང་ཁྲོའམ་ཞེ་སྡང་སྐྱེས་པའི་སྐབས་སུ། ང་ཚོའི་ཀླད་པའི་ནུས་པ་ལེགས་ཤོས་ཏེ། འཕྲལ་ཕུགས་དང་ལེགས་ཉེས་ཀྱི་ཁྱད་པར་འབྱེད་པའི་ནུས་པ་དེའང་བརླགས་ཏེ། ང་ཚོ་ནི་ཕལ་ཆེར་སྨྱོན་པ་ལྟ་བུ་ཞིག་ཆགས་འགྲོ། ཞེ་སྡང་ངམ་ཁོང་ཁྲོ་སྐྱེས་པའི་མི་དགེ་བའི་མཇུག་འབྲས་འདི་དག་ལ་བསམ་བློ་གཏོང་སྐབས། ང་ཚོས་རང་ཉིད་ཉོན་མོངས་པའི་བློ་འདིའི་རིགས་ལས་གྲོལ་དགོས་པ་ཤེས་རྒྱུ་རེད།
ཁོང་ཁྲོའམ་ཞེ་སྡང་གི་ཉེས་དམིགས་འདི་ལ་མཚོན་ན། རྒྱུ་ནོར་གྱིས་ང་ཚོ་སྲུང་སྐྱོབ་བྱེད་མི་ཐུབ་ལ། ཐ་ན། ཨ་སྒོར་ས་ཡའི་བདག་པོ་ཞིག་ཡིན་རུང་ཞེ་སྡང་ངམ་ཁོང་ཁྲོའི་ཤུགས་རྐྱེན་འོག་ཏུ་འཚོ་སྡོད་བྱེད་དགོས། ཤེས་ཡོན་གྱིས་ཀྱང་ཤུགས་རྐྱེན་ངན་པ་འདི་དག་ལས་རང་ཉིད་སྲུང་སྐྱོབ་བྱེད་ཐུབ་པའི་ཁག་ཐེག་ཅི་ཡང་མེད། དེ་བཞིན་ཁྲིམས་ཀྱིས་ཀྱང་ང་ཚོ་དཀའ་ངལ་འདི་ལས་སྲུང་སྐྱོབ་བྱེད་མི་ཐུབ་ལ། ཐ་ན། རྡུལ་ཕྲན་མཚོན་ཆ་དང་། སྲུང་སྐྱོབ་མ་ལག་ཅི་འདྲའི་ཡར་ཐོན་ཅན་ཞིག་ཡིན་ཀྱང་། དེ་དག་གིས་ང་ཚོ་ཉེས་དམིགས་དེ་དག་ལས་སྲུང་སྐྱོབ་བྱེད་མི་ཐུབ། ཞེ་སྡང་ངམ་ཁོང་ཁྲོའི་ཉེས་དམིགས་ལས་ང་ཚོ་སྲུང་སྐྱོབ་བྱེད་ཐུབ་མཁན་གཅིག་པུ་དེ་བཟོད་པའི་ཉམས་ལེན་ཡིན།
(ཁོང་ཁྲོ་བཅོས་ཐབས། ནང་པའི་བཟོད་སྒོམ་གྱི་ནུས་སྟོབས་ཞེས་པ་ལས་བཏུས།)