ང་ཚོས་རང་ཉིད་ལ་ལྷན་སྐྱེས་སུ་ཡོད་པའི་བྱམས་པ་དང་སྙིང་རྗེའི་ནུས་པ་གོང་འཕེལ་དུ་གཏོང་བར། དེ་དག་གི་ལྡོག་ཕྱོགས་སུ་སོང་བའི་བློ་རྣམས་ཀྱི་སྟོབས་ཤུགས་ལ་ཁ་གཏད་གཅོག་དགོས། ཕྱོགས་འདི་ནས་བཤད་ན། ང་ཚོས་བཟོད་པའི་ཉམས་ལེན་ཁོ་ནར་བརྟེན་ནས་སྙིང་རྗེའི་འགལ་རྐྱེན་དག་སེལ་ཐུབ་ཀྱི་ཡོད་པས། བཟོད་པའི་ཉམས་ལེན་ནི་ཤིན་ཏུ་གནད་འགག་ཅན་ཞིག་ཆགས་ཡོད།
ང་ཚོས་བཟོད་པའི་སྐོར་གླེང་སྐབས། ཤེས་དགོས་པ་ཞིག་ནི། བཟོད་པ་ལ་ཚ་གྲང་བཟོད་ཐུབ་པའི་སྤྱིར་བཏང་གི་བཟོད་པ་ལྟ་བུ་ནས་ནང་པ་སངས་རྒྱས་པའི་ལམ་མཐོན་པོར་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉམས་སུ་བཞེས་པའི་བླ་ན་མེད་པའི་བཟོད་པ་དེའི་བར་རིགས་སྣ་ཚོགས་ཤིག་ཡོད། བཟོད་པ་ནི་འགལ་རྐྱེན་ཞིག་དང་འཕྲད་སྐབས། འགལ་རྐྱེན་དེའི་དབང་དུ་མ་གྱུར་པའི་བརྟན་བརླིང་གི་བློ་ཞིག་ལས་ཡོང་གི་ཡོད་པས། བློ་ནུས་མེད་ཅིག་ཏུ་མི་སྙམ་པར། དེ་ལས་ལྡོག་སྟེ། རང་སེམས་གཡོ་བ་མེད་པར་གནས་ཐུབ་པའི་ནུས་སྟོབས་ཆེན་པོ་ཞིག་གི་མཚོན་བྱེད་ཅིག་ཏུ་བསམ་དགོས། སྤྱིའི་ཆ་ནས་ང་ཚོས་བཟོད་པ་ལ་འདི་ལྟར་འགྲེལ་བཤད་རྒྱག་ཆོག་སྟེ། ཐ་ན། གཟུགས་པོས་གདོང་ལེན་བྱེད་དགོས་པའི་ཚ་གྲང་ལྟ་བུའི་དཀའ་སྡུག་གི་ཚད་ངེས་ཅན་ཞིག་ལ་མཚོན་ནའང་། རང་ཉིད་ཀྱི་བསམ་བློའི་འཁྱེར་སོ་དེས་ཁྱད་པར་ཆེན་པོ་ཞིག་བཟོ་ཐུབ། གལ་སྲིད་འཕྲལ་གྱི་དཀའ་སྡུག་ལ་བཟོད་སྒོམ་བྱས་ན། ཕུགས་སུ་ཕན་ཐོགས་ཆེན་པོ་འབྱུང་བའི་གོ་རྟོགས་ཤིག་ང་ཚོར་ཡོད་ཚེ། ང་ཚོས་ཉི་མ་རེ་རེའི་དཀའ་སྡུག་ལ་བཟོད་སྒོམ་མང་ཙམ་བྱེད་ཐུབ་སྙམ། དེ་དང་མཚུངས་པར། བྱང་ཆུབ་སེམས་དཔའི་ས་ལ་གནས་ནས་བཟོད་པ་ཆེན་པོའི་ཉམས་ལེན་ལ་འཇུག་མཁན་ཚོར་མཚོན་ནའང་། ཤེས་རབ་ནི་ཉམས་ལེན་དེའི་གྲུབ་ཆ་ཤིན་ཏུ་གལ་ཆེན་ཞིག་ཆགས་ཡོད།
ནང་པའི་ཆོས་ནས་གསུངས་པའི་བཟོད་པའི་ཕན་ཡོན་དེ་དག་ཙམ་དུ་མ་ཟད། ཐ་ན། ཉི་མ་རེ་རེ་ཡི་འཚོ་བའི་མྱོང་བར་མཚོན་ནའང་། སེམས་ཞི་བར་གནས་པ་དང་དྲན་པ་བརྟན་པོ་ཡོད་པ་ལྟ་བུ་ལའང་བཟོད་པས་ཕན་ནུས་ཆེན་པོ་འདོན་གྱི་ཡོད། དེར་བརྟེན། མི་ཞིག་ལ་བཟོད་པ་སྒོམ་པའི་ནུས་པ་ངེས་ཅན་ཞིག་ཡོད་ན། དངངས་སྐྲག་དང་གནོན་ཤུགས་ཆེ་བའི་ཡུལ་གྲུ་ཞིག་ཏུ་བསྡད་ཡོད་ཀྱང་། མི་དེའི་སེམས་ཀྱི་ཞི་བདེ་ལ་གནོད་པ་གང་ཡང་མི་འབྱུང་།
(ཁོང་ཁྲོ་བཅོས་ཐབས། ནང་པའི་བཟོད་སྒོམ་གྱི་ནུས་སྟོབས་ཞེས་པ་ལས་བཏུས།)