བླང་དོར་གྱི་སྒྲིག་ཁྲིམས་ནི། བཀག་སྡོམ་ཙམ་གྱི་ངོ་བོ་ནས་གྲུབ་པ་ཞིག་མིན་པ་སླར་ཡང་བརྗོད་ན་ཕན་རླབས་ཆེ་ཞིང༌། དགེ་བ་འཚོལ་སྒྲུབ་ཀྱང་སྒྲིག་ཁྲིམས་དེའི་གྲུབ་ཆ་ཞིག་ཡིན། བྱམས་པ་དང༌། སྙིང་རྗེ། བཟོད་པ། བཟོད་བསྲན། དགོངས་ཡངས་བཅས་ནི་མེད་དུ་མི་རུང་བའི་བློའི་ཡོན་ཏན་ཁག་ཅིག་ཡིན་ཞིང༌། ཡོན་ཏན་འདི་དག་ང་ཚོའི་འཚོ་བའི་ནང་དུ་ཡོད་སྐབས། ང་ཚོའི་བྱ་བྱེད་ཐམས་ཅད་འགྲོ་བ་མིའི་རིགས་ཀྱི་ཁྱིམ་གཞི་ཧྲིལ་པོར་ཕན་པའི་ལས་ཤིག་ཏུ་འགྱུར་བ་དང༌། ཐ་ན། ང་ཚོའི་ཉིན་རེའི་ལས་ཀ་སྟེ། ཁྱིམ་དུ་ཕྲུ་གུར་ལྟ་སྐྱོང་དང༌། བཟོ་གྲྭ་ཞིག་ཏུ་ལས་ཀ་བྱེད་པ། ཡང་ན། དགེ་རྒན་དང༌། ཚོང་པ། ཁྲིམས་རྩོད་པ། སྨན་པ་སོགས་ཆེད་ལས་གང་རུང་ཞིག་གི་སྒོ་ནས་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་པ་གང་ཞིག་ཡིན་རུང༌། ང་ཚོའི་བྱ་སྤྱོད་ཀྱིས་ཐུན་མོང་གི་བདེ་སྐྱིད་ལ་མཐུན་རྐྱེན་སྐྲུན་གྱི་ཡོད། ང་ཚོའི་འཚོ་གནས་ལ་དོན་སྙིང་དང་རིན་ཐང་སྦྱིན་པའི་ཡོན་ཏན་དེ་དག་ནི། བླང་དོར་གྱི་སྒྲིག་ཁྲིམས་ལ་བརྟེན་ནས་འབྱུང་གི་ཡོད་པས། ང་ཚོས་བརྩོན་འགྲུས་དང་སྤྲོ་སེམས་ཀྱི་ངང་ནས་བླང་དོར་གྱི་སྒྲིག་ཁྲིམས་དེ་དང་དུ་ལེན་དགོས་པ་ཞིག་ཡིན།
(སྟོང་ལོ་གསར་བའི་བླང་དོར་གྱི་རྣམ་གཞག་ཅེས་པ་ལས་བཏུས།)