བདག་མེད་རྟོགས་པ་ལ། ཆོས་ཐམས་ཅད་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་ཞེས་བདེན་པ་གཉིས་སུ་འདུས་པའི་ཚུལ་དེ་ཤེས་དགོས། ང་ཚོར་སྣང་ཞིང་སྲིད་པའི་ཉེ་འཁོར་གྱི་ཆོས་རྣམས་ནི། རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་བཟང་པོ་ནས་ངན་པའམ་ངན་པ་ནས་བཟང་པོར་འགྱུར་འགྲོ་བ་ལས། ཡུལ་རང་གི་ངོས་ནས་བཟང་ངན་གང་ཡིན་བཤད་མི་ཐུབ།
ལེགས་ཉེས་དང་། རིང་ཐུང་། མཛེས་སྡུག་སོགས་ནི་ལྟོས་ས་ལྟོས་འཇོག་གི་ཆ་ནས་ཡིན་པ་ལས། ཡུལ་གྱི་ངོས་ནས་དེ་ལྟར་དུ་གྲུབ་པ་ཅི་ཡང་མེད། དེ་དག་ལྟོས་གྲུབ་ཀྱི་རང་བཞིན་ཡིན་པས། དེའི་ཐོག་ནས་ང་ཚོས་ཆོས་རྣམས་ཀྱི་སྣང་ཚུལ་དང་གནས་ཚུལ་དབར་ལ་མི་མཐུན་པ་ཡོད་པ་ཤེས་ཐུབ། དཔེར་ན། དངོས་པོ་ཞིག་རང་ཉིད་སྣང་ཚུལ་གྱི་ཆ་ནས་བཟང་པོར་སྣང་ནའང་། དེའི་ནང་གི་གནས་ཚུལ་དེ་གཞན་ཞིག་ཡིན་པས། ནམ་ཞིག་རྒྱུ་རྐྱེན་གྱི་དབང་གིས་ངན་པར་འགྱུར་བ་ཡོད། ཟ་ཁང་ནང་དུ་རོ་ཞིམ་པར་སྣང་བའི་ཟས་དེ་རང་གི་གྲོད་ཁོག་ནང་དུ་མ་བདེ་བ་ཡོང་སྲིད། དེ་ནི་སྣང་ཚུལ་དང་གནས་ཚུལ་དབར་གྱི་མི་མཐུན་པའི་རྟགས་མཚན་གསལ་པོ་ཞིག་རེད།
གནས་ལུགས་མཐར་ཐུག་ལས་གཞན་པའི་ཆོས་རྣམས་ལ་ཀུན་རྫོབ་ཀྱི་བདེན་པ་ཟེར་ཞིང་། ཐ་སྙད་དཔྱོད་བྱེད་ཀྱི་བློའི་ཡུལ་ཡིན། འོན་ཀྱང་། ཆོས་འདི་དག་ལ་རྒྱུ་རྐྱེན་གྱི་བྱ་བ་བྱེད་དུ་འཇུག་མཁན་གྱི་ནང་གི་གནས་ལུགས་ཤིག་ཡོད་ལ། དེ་དོན་དམ་བདེན་པ་རེད། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས། ཆོས་རྣམས་ང་ཚོར་སྣང་ཙམ་གྱིས་མ་ཚིམས་པར་དེ་དག་རང་ངོས་ནས་གྲུབ་པར་སྣང་བ་ལྟར་དོན་ལ་དེ་ལྟར་ཡོད་མེད་འཚོལ་སྐབས། ཡུལ་དེ་རང་ངོས་ནས་མེད་པ་རྙེད་ཅིང་། དེས་སྣང་ཙམ་ལས་འདས་ཏེ་རང་ངོས་ནས་གྲུབ་པས་སྟོང་པ་ངེས་ཀྱི་ཡོད།
(འཚོ་བའི་དོན་སྙིང་འཚོལ་བ་ཞེས་པ་ལས་བཏུས།)