ང་ཚོས་དུས་རབས་བཅོ་བརྒྱད་པའི་ནང་གི་བོད་ཀྱི་ཕུལ་བྱུང་གི་མཁས་པ་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱི་རྣམ་ཐར་ལས། ཤེར་ཕྱིན་གྱི་མདོ་རྣམས་ཀྱི་གལ་གནད་མཐོང་ཐུབ་ཅིང་། ཁོང་ནི་ཀུན་གྱིས་བསྔགས་སའི་གཞུང་ཆེན་གྱི་འགྲེལ་བ་མཛད་མཁན་ཞིག་ཡིན་པར་མ་ཟད། རྟོགས་པ་མཐོ་བའི་ཉམས་ལེན་པ་ཞིག་ཀྱང་ཡིན། ཐེངས་ཤིག་མི་ཞིག་གིས་ཁོང་ལ། ཁྱེད་ནི་ཕར་ཕྱིན་ལ་མཁས་པ་ཡིན་པར་གྲགས་འདུག །འོན་ཀྱང་། དབུ་མ་ལྟ་བུའི་གཞུང་གཞན་ལ་དེ་ཙམ་མི་མཁས་པ་ཡིན་ནམ།་ཞེས་དྲིས་པར། ཀུན་མཁྱེན་བླ་མས། དབུ་མ་ནི་ཕར་ཕྱིན་གྱི་རང་ལུགས་ཀྱི་ལྟ་བ་དང་། ཚད་མ་ནི་ཕར་ཕྱིན་གྱི་རིགས་ལམ་དང་། འདུལ་བ་ནི་ཕར་ཕྱིན་གྱི་བསླབ་བྱ་དང་། མཛོད་ནི། ཕར་ཕྱིན་གྱི་གྲངས་འདྲེན་ཡིན་ཞིང་། དེར་བརྟེན། པོ་ཏི་ལྔ་པོའི་རྩ་བ་ནི་ཤེར་ཕྱིན་ཡིན་པར་གསུངས་པ་རེད།
སྤྱིར་བཤད་ན། ཤེར་ཕྱིན་གྱི་མདོ་རྣམས་ཀྱི་ནང་ན་གཞུང་རྒྱས་བསྡུས་འདྲ་མིན་མང་པོ་ཞིག་ཡོད་ཅིང་། བོད་སྐད་དུ་བསྒྱུར་ཡོད་པའི་གསུང་རབ་དེ་དག་ལ་ཐུན་མོང་གི་ཆ་ནས་ཡུམ་སྲས་བཅུ་བདུན་ཟེར། ཤེས་རབ་སྙིང་པོ་ནི་ཡུམ་སྲས་བཅུ་བདུན་ཁྲོད་ཀྱི་གཅིག་ཡིན་ཞིང་། སྐབས་རེར། དེ་ལ་ཤེར་ཕྱིན་ཉེར་ལྔ་པ་ཡང་ཟེར་གྱི་ཡོད།
ཤེས་རབ་སྙིང་པོའི་འགྱུར་ལ་མི་མཐུན་པ་ཁ་ཤས་ཤིག་ཡོད་དེ། དཔེར་ན། བོད་འགྱུར་དང་རྒྱ་འགྱུར་གྱི་དབར་ལ་མི་མཐུན་པའི་ཁྱད་པར་ཕྲན་བུ་ཞིག་ཡོད་པར་སྣང་ཞིང་། རྒྱ་འགྱུར་གྱི་ནང་། གླེང་གཞི་མེད་པར་སྟོང་པ་ཉིད་ཀྱི་ངོ་སྤྲོད་ནས་མགོ་བརྩམས་ཡོད་ནའང་། བོད་འགྱུར་ལ་སངས་རྒྱས་ཀྱིས་ཆོས་འདི་ཐོག་མར་གསུངས་པའི་རྒྱབ་ལྗོངས་ཀྱི་འགྲེལ་བཤད་ཐུང་ངུ་ཞིག་ཡོད། ད་དུང་། བོད་འགྱུར་ལ་ཡོད་པ་བཞིན། རྒྱ་འགྱུར་གྱིས་ཀྱང་"སྟོང་ཉིད་བཞི་སྐོར"གྱི་ཐོག་ནས་སྟོང་པ་ཉིད་ཀྱི་ངོ་སྤྲོད་གནང་ཞིང་། ཉི་ཧོང་གི་འགྱུར་དེས་སྟོང་ཉིད་དྲུག་སྐོར་ཞིག་གི་ཐོག་ནས་སྟོང་པ་ཉིད་གསུངས་ཡོད་པ་ང་རང་གིས་གོ་མྱོང་། ང་ཚོས་དཔེ་དེབ་འདིའི་དགོས་དམིགས་ལ་གཞིགས་ནས་ཤེས་རབ་སྙིང་པོ་བོད་འགྱུར་མ་འདི་བེད་སྤྱོད་གཏོང་རྒྱུ་ཡིན།
(ཤེས་རབ་སྙིང་པོའི་བཀའ་ཁྲིད་ཅེས་པ་ལས་བཏུས།)