ཆོས་ཉམས་ལེན་བྱེད་པའི་མི་སུ་འདྲ་ཞིག་ཡིན་རུང་། ཉོན་མོངས་པའི་བློ་སྟེ་ནང་གི་དགྲ་བོ་ལ་འཐབ་འཛིང་བྱ་དགོས་པའི་འགན་འཁྲི་ཞིག་ཡོད། གལ་ཏེ། ང་ཚོས་མཐར་ཐུག་གི་བདེ་སྐྱིད་ཅིག་འཚོལ་གྱིན་ཡོད་ཚེ། ང་ཚོས་ངེས་པར་དུ་དགྲ་བོ་དེའི་ཁ་གཏད་དུ་ལངས་ནས་དེའི་གཉེན་པོ་བསྟེན་དགོས། དེ་ལྟར་གཉེན་པོ་བསྟེན་པའི་སྐབས། ང་ཚོར་དུས་ནས་དུས་སུ་དཀའ་ངལ་མང་པོ་འཕྲད་སྲིད། ཡིན་ན་ཡང་། སྤྱིར་བཏང་གི་དམག་འཁྲུག་ཁྲོད་དུ། མི་ཚོས་དཀའ་ཁག་ལ་གདོང་ལེན་བྱེད་ཅིང་། ཐ་ན། དགྲ་བོའི་ཁ་གཏད་དུ་འཐབ་འཛིང་ཤུགས་ཆེན་བྱེད་པར་དེ་རྣམས་ལ་ཆེད་དུ་གདོང་ལེན་བྱེད་ཀྱི་ཡོད། དེར་མ་ཟད། འཇིག་རྟེན་གྲགས་ཚོད་ལ། དམག་མི་ཞིག་གི་རྨ་ཁ་ནི་རྟགས་མ་ལྟར་དཔའ་རྟགས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན། ནང་གི་དགྲ་བོ་ངོ་མ་འདིར་འཐབ་རྩོད་བྱེད་མཁན་ཞིག་ལ་མཚོན་ན། དགྲ་བོ་དེའི་རང་བཞིན་ཡང་འཚེ་བ་ཅན་ཞིག་ཡིན་པས། ང་ཚོར་དཀའ་ངལ་མང་པོ་འཕྲད་རྒྱུ་ཡིན་པ་ཤེས་དགོས་པར་མ་ཟད། དཀའ་ངལ་དེ་རྣམས་ནི། རྒྱལ་ཁའི་མཚོན་རྟགས་ལྟ་བུར་ངོས་འཛིན་ཡང་བྱ་དགོས།
སྤྱིར་བཏང་གི་དགྲ་བོ་ཞིག་གིས་བདེ་འཇགས་ཀྱི་ས་ཁུལ་ཞིག་ཏུ་སོང་ནས་དཔུང་ཚོགས་བསྐྱེད་ནས་ཚུར་སླར་ཡང་རྒོལ་བ་བྱེད་སྲིད། འོན་ཀྱང་། ང་ཚོས་སོ་སོའི་རྒྱུད་ཀྱི་ཉོན་མོངས་རྣམས་གཉེན་པོར་བསྟེན་ནས་ཐེངས་གཅིག་ལ་མེད་པར་བཟོས་ན། ཉོན་མོངས་དེ་རྣམས་གང་དུ་ཡང་གཡོལ་ས་མེད་ལ། ང་ཚོར་གནོད་པ་སྐྱེལ་བར་ཕྱིར་ཡོང་མི་ཐུབ། ཡིན་ཀྱང་། ནང་གི་དགྲ་བོ་འདི་འདུལ་བར་ང་ཚོར་སྤྱིར་བཏང་གི་དགྲ་བོ་ཞིག་རྩ་མེད་བཟོ་བྱེད་ཀྱི་རྡུལ་ཕྲན་མཚོན་ཆ་ལྟ་བུའི་ནུས་ཤུགས་ཆེ་བའི་གོ་མཚོན་གང་ཡང་མི་དགོས། ཉོན་མོངས་རྣམས་སྟོབས་ཤུགས་ཞན་པོ་ཡིན་ཞིང་། མ་རིག་པའི་དབང་གིས་བྱུང་བ་ཡིན་ལ། མ་རིག་པ་དེ་ཉིད་ཀྱང་སྟོབས་ཤུགས་དྲག་པོ་ཅན་ཞིག་མིན། ང་ཚོས་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་གོ་ཆས་ཉོན་མོངས་པའི་བློ་རྣམས་སྟབས་བདེ་བའི་ངང་ནས་ཕམ་པར་བྱེད་ཐུབ། དེ་འདྲའི་ཤེས་རབ་ཀྱིས་ཉོན་མོངས་རྣམས་ཀྱི་རང་བཞིན་ངོ་མ་དེ་རྟོགས་ཀྱི་ཡོད།
(སྤྱོད་འཇུག་གི་བཀའ་ཁྲིད་སྨག་རུམ་གློག་འགྱུ་ཞེས་པ་ལས་བཏུས།)