གུ་ཡངས་དང་མཉམ་འབྲེལ་གྱི་བསམ་བློ་ནི། རྒྱལ་སྤྱིའི་རིམ་པར་ཡང་ཁ་ཚ་དགོས་གཏུགས་སུ་འགྱུར་བཞིན་ཡོད་ལ། དེང་གི་དཔལ་འབྱོར་གྱི་དཀའ་ངལ་ལ་མཚོན་ན། ཁྱིམ་ཚང་ལྟ་ཅི། ཐ་ན། རྒྱལ་མཚམས་ཀྱང་མེད་པར་གྱུར་ཡོད། འཛམ་གླིང་ནི་རྒྱལ་ཁབ་ནས་རྒྱལ་ཁབ་དང་། གླིང་ཆེན་ནས་གླིང་ཆེན་ལ་གཅིག་ཏུ་དམ་པོར་འབྲེལ་ཡོད། རྒྱལ་ཁབ་རྣམས་ཕན་ཚུན་ལ་བརྟེན་ཞིང་། རྒྱལ་ཁབ་གཅིག་གིས་རང་གི་དཔལ་འབྱོར་ཡར་རྒྱས་སུ་གཏོང་དགོས་ན། རྒྱལ་ཁབ་གཞན་གྱི་དཔལ་འབྱོར་གྱི་གནས་སྟངས་ལ་ཡང་བསམ་བློ་མི་གཏོང་རང་གཏོང་ཡིན། དྲང་པོར་བཤད་ན། རྒྱལ་ཁབ་གཞན་གྱི་དཔལ་འབྱོར་ལ་འཕེལ་རྒྱས་བྱུང་ན། མཐའ་མཇུག་དེས་སོ་སོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡང་གོང་འཕེལ་དུ་གཏང་རྒྱུ་རེད། དེང་གི་འཛམ་གླིང་གི་གནས་སྟངས་འདི་ལ་གཞིགས་ཚེ། ང་ཚོའི་བསམ་ཕྱོགས་དང་གོམས་ཕྱོགས་ལ་ཕྱོགས་ཡོངས་ནས་གསར་བརྗེ་ཞིག་བྱ་དགོས་ཤིང་། ཀུན་ཁྱབ་འགན་ཁུར་གྱི་འདུ་ཤེས་རྣལ་མ་ཞིག་གཞི་ལ་བཞག་པའི་དཔལ་འབྱོར་གྱི་སྒྲིག་འཛུགས་ཁ་ཡོད་ལག་ཡོད་ཅིག་ང་ཚོར་མཁོ་བ་ནི་ཉིན་རེ་བཞིན་མངོན་གསལ་དུ་འགྱུར་གྱིན་ཡོད། ཚིག་གཞན་ཞིག་གིས་བརྗོད་ན། ང་ཚོར་མཁོ་བ་ནི་འགྲོ་བ་མི་ཐམས་ཅད་སྤུན་ཟླ་ཡིན་པའི་བློ་ཞིག་གོང་འཕེལ་དུ་གཏོང་བའི་འདུན་པ་དེ་ཡིན་པ་དང་། མི་ཚང་མས་དགོས་མཁོ་འདི་རྟོགས་ཡོད་ལ། འདི་ནི་ཆོས་ལུགས་དང་བཟང་སྤྱོད་ཀྱི་ཕུགས་བསམ་ཙམ་ཞིག་མ་ཡིན་པར། དེང་གི་འགྲོ་བ་མིའི་རིགས་ཀྱི་འཚོ་གནས་ལ་ཁ་ཚ་དགོས་གཏུགས་ཤིག་ཏུ་གྱུར་ཡོད།
གལ་སྲིད་ཁྱེད་ཚོས་བསམ་གཞིག་ནན་མོ་ཞིག་བྱས་ན། ང་ཚོར་ག་ས་གང་དུ་སྙིང་རྗེ་དང་གཞན་ཕན་གྱི་བསམ་པ་མཁོ་བ་རྟོགས་ངེས་ཤིང་། གནད་ཆེ་བའི་དོན་དག་འདི་ནི། ད་ལྟའི་འཛམ་གླིང་གི་གནས་སྟངས་ཏེ། དེང་གི་དཔལ་འབྱོར་དང་འཕྲོད་བསྟེན་གྱི་ཁྱབ་ཁོངས་དང་། ཡང་ན། ཆབ་སྲིད་དང་དམག་དོན་གྱི་གནས་བབ་གང་ལ་བལྟས་ཀྱང་མཐོང་ཐུབ། སྤྱི་ཚོགས་དང་ཆབ་སྲིད་ཀྱི་དཀའ་རྙོག་འདྲ་མིན་ཡོད་པའི་ཁར། ང་ཚོ་ད་དུང་རང་བྱུང་ཁོར་ཡུག་གི་ཆག་སྒོ་ལ་འཕྲད་པའི་ཉེན་ཁ་ཡང་ཆེ་རུ་འགྲོ་བཞིན་ཡོད། འཛམ་གླིང་གི་གནམ་གཤིས་ལ་འགྱུར་བ་ཆེན་པོ་བྱུང་ནས་ཡུལ་གྲུ་འདྲ་མིན་དུ་གོད་ཆག་ཚབས་ཆེན་ལོ་ནས་ལོ་ལ་འབྱུང་གི་ཡོད་པ་ང་ཚོས་མཐོང་ཞིང་། རྒྱལ་ཁབ་ཁག་ཅིག་གི་ནང་དུ་ཆར་པ་མང་དྲགས་ནས་ཆུ་ལོག་གི་གནོད་འཚེ་ཐེབས་པ་དང་། ཡང་། རྒྱལ་ཁབ་གཞན་དུ་ཆར་པ་ཉུང་བས་གནོད་འཚེ་ཆེ་བའི་ཐན་པ་འབྱུང་གི་ཡོད། སྟབས་ལེགས་པ་ཞིག་ལ། ད་ལྟ་རང་བྱུང་ཁོར་ཡུག་དང་སྐྱེ་ཁམས་མ་ལག་ལ་སེམས་ཁུར་བྱེད་པའི་ཚོར་བ་ཞིག་དར་ཁྱབ་ཏུ་འགྲོ་བཞིན་པ་རེད། ང་ཚོས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་ནི། སའི་གོ་ལའི་ཐོག་ཏུ་གནས་པའི་འགྲོ་བ་མིའི་འཚོ་གནས་དང་འབྲེལ་བ་ཡོད་པར་ཤེས་མགོ་བརྩམས་ཡོད། འགྲོ་བ་མི་ཡིན་པའི་ཆ་ནས་ང་ཚོས་སོ་སོའི་གྲོགས་པོ་དང་། ཁྱིམ་མཚེས། ད་དུང་འགྲོ་བ་མིའི་རིགས་ཀྱི་ཁྱིམ་གཞི་ཆེན་པོའི་མི་གཞན་ཐམས་ཅད་ལ་བརྩི་བཀུར་བྱེད་དགོས། བྱམས་དང་སྙིང་རྗེ། གཞན་ཕན་གྱི་བློ། ཕན་ཚུན་སྤུན་ཟླའི་འདུ་ཤེས་བཅས་ནི། འགྲོ་བ་མིའི་དར་རྒྱས་ཀྱི་མཐུན་རྐྱེན་གཙོ་བོ་ཁག་ཅིག་ཡིན།
(བོད་བརྒྱུད་ནང་བསྟན་གྱི་ལྟ་བ་དང་ཉམས་ལེན་གྱི་རྣམ་བཤད་ཅེས་པ་ལས་བཏུས།)