ངལ་གསོ་བྱོས་ཞེས་པའི་དོན་ནི། ཉལ་ཁྲིའི་སྒང་ལ་བསྣར་ནས་སྡོད་པ་ཙམ་ལ་བཤད་པ་མིན་པར། སེམས་ཁམས་ཀྱི་ཆ་ནས་ལྷོད་པོར་གནས་པའི་དོན་རེད། སྨན་པས་འགྲེལ་བཤད་གསལ་པོ་ཞིག་གནང་ཐུབ་ཡོད་མེད་གང་ལྟར་ཡང་། ཁོས་ངལ་གསོ་དགོས་པའི་བསླབ་བྱ་གནང་སྐབས། སེམས་ཁམས་ཀྱི་ཆ་ནས་ལྷོད་པོར་གནས་པ་དང་། སེམས་འཚབ་ཀྱི་དབང་དུ་འགྱུར་མི་རུང་བར་བརྗོད་ཀྱི་ཡོད་པར་མ་ཟད། ད་དུང་ལུས་རྩོལ་གྱི་བྱེད་སྒོ་ལ་གཡོལ་དགོས་པར་ཤོད་ཀྱི་ཡོད། དེ་ལྟར་བྱས་ན་ད་གཟོད་དོན་དམ་པའི་ངལ་གསོ་བྱས་པ་རེད། སེམས་ཀྱི་ངལ་གསོ་ནི། བཟང་ཕྱོགས་ཀྱི་ཚོར་བ་དང་བཟང་ཕྱོགས་ཀྱི་བསམ་བློ་གཏོང་ཚུལ་ཞིག་ཡོད་པ་ལ་བརྟེན་ནས་འབྱུང་། གལ་སྲིད་ང་ཚོའི་སེམས་ལ་བསམ་བློ་གཏོང་ཚུལ་ངན་པས་དབང་བསྒྱུར་ཞིང་། རྣམ་རྟོག་གི་ངང་ནས་བསམ་བློ་བཏང་ཚེ། སེམས་ཀྱི་ངལ་གསོ་ཡོང་མི་སྲིད། དེར་བརྟེན། ཐ་ན། ཕྱིའི་ལུས་ཁམས་དང་འབྲེལ་ནས་བཤད་ནའང་། ང་ཚོར་ངལ་གསོ་བྱོས་ཞེས་བཤད་སྐབས། དེ་ལ་སེམས་བཟང་པོ་ཅན་གྱི་མི་ཞིག་ཏུ་འགྱུར་བའི་བསླབ་བྱའི་ནང་དོན་ཡོད། རྒྱུ་མཚན་ནི། འདི་སེམས་འཚབ་ལས་གཡོལ་བྱེད་ཀྱི་ཐབས་ལམ་ལེགས་ཤོས་དེ་ཡིན་པས་རེད།
དེའི་ཕྱིར། དེང་སྐབས་ང་ཚོ་དུས་ནམ་ཞིག་ལ་མི་སུ་ཞིག་དང་ཐུག་སྐབས། ཁྱོད་བདེ་མོ་ཡིན་ནམ་ཞེས་འདྲི་བ་དང་། ཚུལ་འདི་རྒྱ་གར་གྱི་མཁས་པ་དཔལ་ལྡན་ཨ་ཏི་ཤས་ཁྱེད་ལ་སེམས་པ་བཟང་པོ་ཞིག་ཡོད་དམ་ཞེས་འདྲི་ལ། འདི་ནི་ཁོང་གིས་སྐད་ཆ་བཤད་ཡུལ་གྱི་མི་དེའི་སེམས་རྒྱུད་བཟང་མིན་དྲིས་པ་མིན་པར། མི་དེ་བདེ་ཐང་ཡིན་མིན་དང་། ཉི་མ་དེ་ཅི་འདྲ་ཞིག་བྱུང་མིན་དྲིས་པ་རེད། འོན་ཀྱང་། ཁོང་གི་དྲི་བ་འདྲི་སྟངས་ཀྱི་ཁྲོད་དུ་ནང་དོན་ཟབ་མོ་ཞིག་ཡོད། ང་རང་གིས་བལྟས་ན་ཁོང་གིས་མི་ཚོར་འདི་ལྟར་བཤད་པ་དེ་ཆོས་ལུགས་ཀྱི་ལྟ་ཚུལ་ཙམ་ཞིག་མིན་པར་སྙམ། ང་ཚོས་ཁྱོད་གཉིད་ཡག་པོ་ཁུག་བྱུང་ངམ་ཞེས་འདྲི་སྲིད་པའི་དྲི་བ་དེ། ཁོང་གིས་ཁྱོད་ལ་ངལ་གསོ་ལེགས་པོ་ཞིག་ཐོབ་སོང་ངམ་ཞེས་དྲིས་པ་རེད། དེའི་རྒྱུ་མཚན་ནི། བཟང་ཕྱོགས་ཀྱི་བསམ་བློ་ལ་བརྟེན་ནས་ད་གཟོད་ངལ་གསོ་འཐོབ་རྒྱུ་ཡོད་པས་རེད།
(འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་། འཆི་བའི་སྐབས་ཀྱི་ཞི་བདེ་ཞེས་པ་ལས་བཏུས།)