སེམས་པ་བཟང་ཞིང་མི་གཞན་དང་གཞན་ལ་ཕན་ཐོགས་པ་དང་། ནམ་ཡང་བརྗེད་དཀའ་བའི་བག་ཆགས་ཟབ་མོ་ཞིག་ཤུལ་དུ་བཞག་ཡོད་པའི་སྐྱེས་བུ་ཞིག་ཡིན་ན། འཛམ་བུའི་གླིང་གི་མི་རྣམས་ཀྱིས་ཁོང་ཆོས་པ་ཞིག་ཡིན་མིན་ལ་མ་ལྟོས་པར་བརྩི་བཀུར་བྱེད་ཀྱི་ཡོད། དེ་ལས་ལྡོག་སྟེ། ལྟ་བ་མཁྲེགས་ཤིང་ཁེངས་དྲེགས་ཆེ་ལ། རྨོངས་པའི་མི་ཚོ་ནི། ཁོ་ཚོའི་ཀུན་སློང་བཟང་མིན་ལ་མ་ལྟོས་པར། ལོ་རྒྱུས་ཀྱི་ནང་དུ་བྱུང་བའི་ཡིད་སྐྱོ་བའི་གནས་ཚུལ་དག་གི་འབྱུང་རྐྱེན་དུ་གྱུར་ཡོད། ཡ་ང་སྙིང་རྗེ་མེད་པའི་དབང་འཛིན་པ་གདུག་རྩུབ་ཅན་དེ་དག་གི་མིང་ཙམ་གྱིས་ཀྱང་ཞེད་སྣང་དང་ཞེ་སྡང་སློང་གི་ཡོད། དེར་བརྟེན། གཞན་རྣམས་ང་ཚོར་ཇི་ཙམ་དགའ་མིན་གྱི་ཚད་གཞི་ནི། ང་ཚོས་གཞན་གྱི་ཕྱོགས་ལ་བསམ་བློ་ཇི་ཙམ་གཏོང་མིན་ལ་ཐུག་ཡོད།
ང་རང་གིས་རང་གི་ཉམས་མྱོང་གི་སྐོར་ལ་ཞུས་ན། མི་མང་པོས་ང་རང་ལ་དགའ་སྣང་བྱ་དགོས་དོན་ཅི་ཡིན་ནམ་སྙམ་པའི་བསམ་བློ་མཚམས་རེར་ཡོང་གི་འདུག །ང་རང་གིས་འདིའི་སྐོར་ལ་བསམ་བློ་གཏོང་སྐབས། རང་སྟེང་དུ་ཡོན་ཏན་ཕྲན་བུ་གཅིག་ལས་དམིགས་བསལ་གྱི་ཡོན་ཏན་བཟང་པོ་གང་ཡང་རྙེད་མི་ཐུབ། ཡོན་ཏན་ཕྲན་བུ་དེ་ནི་རང་ཉིད་ལ་ཡོད་པའི་དགེ་བའི་སེམས་པ་དེ་ཡིན། ང་རང་གིས་དེ་གཞན་ལ་ཤོད་ཀྱི་ཡོད་ལ། ང་རང་གིས་དེ་ཡར་རྒྱས་སུ་གཏོང་ཐབས་བྱེད་ཀྱི་ཡོད། སྐབས་རེར། ང་རང་ཁྱུག་ཙམ་རིང་ལ་ཁོང་ཁྲོ་ལང་གི་ཡོད་པ་བཤད་ག་ལ་དགོས། འོན་ཀྱང་། ང་རང་གིས་རང་གི་སེམས་གཏིང་ནས་མི་སུ་དང་གང་གི་ཕྱོགས་སུ་ངན་སེམས་ཤིག་འཆང་གི་མེད། ང་རང་གིས་བྱང་ཆུབ་ཀྱི་སེམས་ཉམས་སུ་ལེན་ཐུབ་པའི་རྣམ་པ་སྟོན་མི་ཐུབ་ནའང་། དེས་ང་རང་ལ་སྤོབས་པ་ཆེན་པོ་སྟེར་ཞིང་། བྱང་ཆུབ་ཀྱི་སེམས་ནི་ཅི་འདྲའི་ཕན་ཡོན་ཅན་དང་རྩ་ཆེན་ཞིག་ཡིན་པ་ང་རང་གིས་རང་གི་སེམས་གཏིང་ནས་ཤེས་ཀྱི་ཡོད། འདི་ཙམ་ཡིན། ང་རང་གིས་མི་གཞན་ནི་རང་ཉིད་ལས་གལ་ཆེ་བའི་ཚུལ་ལ་གང་ཐུབ་ཐུབ་ཀྱིས་བསམ་བློ་གཏོང་གི་ཡོད། དེའི་ཕྱིར། ང་རང་གི་དགེ་སེམས་འདི་ནི། མི་གཞན་གྱིས་ང་རང་ལ་དོ་སྣང་བྱས་ནས་དགའ་སྣང་བྱེད་པའི་རྒྱུ་མཚན་དེ་རེད་སྙམ།
མི་རྣམས་ཀྱིས་ང་རང་གིས་འཛམ་གླིང་ཞི་བདེའི་ཆེད་དུ་ལས་ཀ་མང་པོ་བགྱིས་པ་རེད་ཅེས་བཤད་སྐབས། ང་རང་གིས་བཟོད་མི་བདེ་བ་ཞིག་དང་དགོད་བྲོ་བ་ལྟ་བུ་ཞིག་ཚོར་གྱི་འདུག །ང་རང་གིས་འཛམ་གླིང་ཞི་བདེའི་ཆེད་དུ་ལས་ཀ་མང་པོར་བསྒྲུབས་པ་ཞིག་བསམ་གྱི་མེད། ང་རང་གི་ཉམས་ལེན་ནི། བྱམས་པ་དང་སྙིང་རྗེ། བརྩེ་བ་བཅས་ཀྱི་ཞི་བདེའི་ལམ་ཞིག་ཡིན་པས་རེད། འདི་ནི་ང་རང་གི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད། འདི་ནི་ང་རང་གིས་ཆེད་མངགས་ཀྱིས་དང་དུ་བླངས་པའི་ལས་འགན་གང་ཡང་མིན། ངོས་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་པ་ཙམ་ཞིག་ཡིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས། བཟོད་པ་ནི་སྡུག་བསྔལ་ལས་རྒྱལ་བའི་ཐབས་ཀྱི་མཆོག་དེ་ཡིན་པར་གསུངས་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཞིག་གིས་གཞན་ལ་འཚེ་བའི་ལས་བྱས་ན། དེ་དགེ་སློང་ཡང་དག་པ་ཞིག་མིན་པར་གསུངས་ཡོད། ངོས་ནི་ནང་པའི་དགེ་སློང་ཞིག་ཡིན་པས། ང་རང་གིས་དེ་གཞི་རྩར་བཟུང་ནས་ཉམས་ལེན་བྱེད་པར་འབད་ཀྱིན་ཡོད། མི་རྣམས་ཀྱིས་ཉམས་ལེན་འདི་ནི་དཔེ་ཟླ་བྲལ་བ་དང་དམིགས་བསལ་ཞིག་ཡིན་པར་བསམ་ཞིང་། ངོས་ལ་འཛམ་གླིང་ཞི་བདེའི་དེད་དཔོན་ཞེས་འབོད་དུས་ངོས་ནི་ཧ་ལམ་ཁ་སྐྱེངས་དགོས་པ་ལྟ་བུ་ཞིག་རེད།
སེམས་པ་བཟང་པོ་ནི་བདེ་སྐྱིད་དང་དགའ་སྤྲོ་ཡོངས་ཀྱི་འབྱུང་ཁུངས་དེ་ཡིན་ལ། ང་ཚོས་འབད་བརྩོན་བྱས་པ་ཡིན་ན་ང་ཚོ་ཚང་མ་སེམས་པ་བཟང་པོར་འགྱུར་ཐུབ། འོན་ཀྱང་། བྱང་ཆུབ་ཀྱི་སེམས་ཡོད་ན་དེ་བས་ཀྱང་ལེགས་པོ་ཡིན་ཞིང་། དེ་ནི་ཤེས་རབ་ཀྱི་གྲོགས་དང་བཅས་པའི་བློ་བཟང་པོ་ཞིག་ཡིན་པ་དང་། འགྲོ་བ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་ཕྱིར་རང་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པའི་བློ་ཞིག་ཡིན། གཞན་ཕན་གྱི་བློ་འདིའི་རྩ་བ་ནི་སྙིང་རྗེ་ཡིན་ཞིང་། སྙིང་རྗེ་ནི། སྡུག་བསྔལ་གྱིས་འགྲོ་བ་སེམས་ཅན་ཐམས་ཅད་མནར་བཞིན་པ་རྟོགས་པའི་ཚེ་ན་མི་བཟོད་པའི་བྱམས་བརྩེ་དང་། དེ་དག་གི་དྲིན་དྲན་པའི་ཚོར་བ་སོགས་ལ་བརྟེན་ནས་འབྱུང་གི་ཡོད།
སྲོལ་རྒྱུན་ལྟར་ན། བྱམས་པ་དང་དྲིན་དྲན་གྱི་བློ་འདི་གོང་འཕེལ་དུ་གཏོང་ཐབས་གཉིས་ཡོད། གཅིག་ནི། ཚེ་རབས་ཐོག་མ་མེད་པ་ནས་རང་གི་མ་དང་། གཉེན་ཉེ་རུ་མ་གྱུར་པའི་སེམས་ཅན་གཅིག་ཀྱང་མེད་པ་དྲན་དགོས་ཤིང་། ང་ཚོས་དེ་ལྟར་སྒོམ་པ་ཡིན་ན་སེམས་ཅན་ཐམས་ཅད་ལ་དྲིན་གཟོ་དགོས་པ་ཤེས་ཏེ། ཁོ་ཚོའི་སྡུག་བསྔལ་ཚུར་བླངས་ནས་རང་གི་བདེ་བ་ཕར་སྦྱིན་ཐུབ། གཉིས་པ་ནི། སེམས་ཅན་གཞན་གྱིས་ཀྱང་རང་དང་གཅིག་མཚུངས་སུ་སྡུག་བསྔལ་མྱོང་བ་ཤེས་པར་བྱེད་ཅིང་། སེམས་ཅན་ཐམས་ཅད་འདྲ་མཉམ་ཡིན་པ་དང་། རང་གཅེས་འཛིན་གྱི་ཉེས་དམིགས་དང་གཞན་གཅེས་འཛིན་གྱི་ཕན་ཡོན་སོགས་སྒོམ་རྒྱུ་དེ་ཡིན། ང་ཚོས་ཐབས་ལམ་འདི་གཉིས་ལས་གང་ཞིག་འོས་ཤིང་འཚམས་པ་དེ་ཉམས་སུ་ལེན་རུང་བར་མ་ཟད། དེ་གཉིས་ཟུང་འབྲེལ་གྱིས་ཉམས་སུ་བླངས་ནའང་ཆོག །
འདི་གཉིས་གང་ཡིན་རུང་། ང་ཚོས་ཐོག་མར་སྡུག་བསྔལ་གྱི་ངོ་བོ་ཤེས་རྒྱུ་གལ་ཆེན་པོ་ཡིན། ང་ཚོར་མཚོན་ན། བཀྲེས་སྐོམ་དང་ན་ཟུག་ལྟ་བུའི་སྡུག་བསྔལ་གྱིས་མནར་བཞིན་པའི་མི་དང་། ཡང་ན། གཞན་གྱི་ལག་ཏུ་གདུག་རྩུབ་མྱོང་བཞིན་པའི་དུད་འགྲོ་སོགས་ལ་སྙིང་རྗེ་བྱེད་པ་སླ་མོ་ཡིན། འོན་ཀྱང་། ང་ཚོས་བདེ་སྐྱིད་ལ་རོལ་བའི་འགྲོ་བ་མི་དང་ལྷ་སོགས་ཀྱི་སྐོར་ལ་བསམ་བློ་གཏོང་སྐབས། ང་ཚོ་ཕྲག་དོག་ལང་གི་ཡོད། འདི་ནི་སྡུག་བསྔལ་ཅི་ཞིག་ཡིན་པ་དང་། འགྲོ་བ་ཀུན་གྱིས་སྡུག་བསྔལ་མྱོང་གི་ཡོད་པ་མ་ཤེས་པས་ལན་པ་ཡིན། སྡུག་བསྔལ་ལ། མངོན་གྱུར་ཡིན་པའི་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་ཡོད་པར་མ་ཟད། ད་དུང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་པ་ཞིག་ཀྱང་ཡོད། སྡུག་བསྔལ་ཕྱི་མ་འདིའི་རྐྱེན་གྱིས་ང་ཚོ་ཇི་སྲིད་འཁོར་བར་གནས་པ་དེ་སྲིད་དུ་ང་ཚོར་གཏན་གྱི་བདེ་སྐྱིད་ཅིག་མེད་པ་ཡིན། ང་ཚོས་སྡུག་བསྔལ་གྱི་རང་བཞིན་བསྒོམས་ནས་དེ་ལ་ངེས་ཤེས་རྙེད་ན། འཁོར་བར་གནས་པའི་སེམས་ཅན་ཐམས་ཅད་ཀྱིས་སྡུག་བསྔལ་མྱོང་གི་ཡོད་པ་རྟོགས་རྒྱུ་རེད། དེ་ནས། ང་ཚོ་སྙིང་རྗེའི་གཞན་དབང་དུ་གྱུར་ནས་སེམས་ཅན་དེ་རྣམས་སྡུག་བསྔལ་ལས་སྒྲོལ་འདོད་ཀྱི་བློ་འབྱུང་གི་རེད།
(སྤྱོད་འཇུག་གི་བཀའ་ཁྲིད་སྨག་རུམ་གློག་འགྱུ་ཞེས་པ་ལས་བཏུས།)