སྔོན་མར་ང་རང་ཅུང་སྤྲོ་ཐུང་བ་ཞིག་ཡིན་ཞིང༌། ངང་རྒྱུད་ཐུང་ལ། མཚམས་རེར། ཁོང་ཁྲོའི་དབང་དུ་ཤོར་མྱོང་ཡོད། ཐ་ན། དེང་སང་ཡང་བློ་བདེ་བག་ཕེབས་ཀྱི་རང་ཚུགས་འཆོར་བའི་དུས་སྐབས་ཡོད་པ་དང༌། དེ་ལྟར་བྱུང་སྐབས་ཞེ་སུན་ཕྲན་བུ་ཞིག་ཡིན་རུང༌། འཛིན་སྟངས་ཤིག་ལ། དེས་ཡོད་ཚད་ཟིལ་གྱིས་མནན་ནས་རང་གི་བློ་འཁྲུག་ཏུ་འཇུག་གི་ཡོད། དཔེར་ན། མཚམས་རེར། ཞོགས་པར་གཉིད་ལས་སད་སྐབས། རྒྱུ་མཚན་ཅི་ཡང་མེད་པར་རང་གི་སེམས་འཁྲུགས་ཡོད་པ་དང༌། སེམས་ཀྱི་གནས་སྟངས་དེ་འདྲ་ཡིན་སྐབས། ཐ་ན། རྒྱུན་དུ་རང་ལ་དགའ་སྣང་སྟེར་བའི་བྱ་དངོས་ཤིག་ཡིན་ན་ཡང་། ཞེ་སུན་གྱི་ཡུལ་དུ་འགྱུར་ཞིང༌། རང་གི་ཆུ་ཚོད་ལ་བལྟས་པ་ཙམ་གྱིས་སུན་སྣང་གི་ཚོར་བ་ཞིག་སྐྱེས་ནས་དེ་ནི། སྡུག་བསྔལ་ལྷག་མ་འབྱུང་སའི་ཞེན་ཆགས་ཀྱི་ཡུལ་ཞིག་ལས་ཅི་ཡང་མིན་པར་མཐོང་གི་ཡོད། འོན་ཀྱང༌། མཚམས་རེར། གཉིད་ལས་སད་སྐབས་རང་གི་ཆུ་ཚོད་ལ་བལྟས་པ་ན། དེ་ནི་བཟོ་བཀོད་ལེགས་ཤིང་མཛེས་པོ་ཞིག་ཏུ་སྣང་གི་ཡོད། དེ་ལྟ་ནའང༌། ཆུ་ཚོད་ནི་གཅིག་ཡིན་པས་ཅི་ཞིག་ལ་འགྱུར་བ་བྱུང་བ་ཡིན་ནམ། ཉིན་གཅིག་གི་ཞེ་སུན་གྱི་ཚོར་བ་དང༌། ཉིན་གཞན་ཞིག་གི་ཡིད་ཚིམ་གྱི་ཚོར་བ་གཉིས་ཡོངས་སུ་སྟེས་དབང་གིས་བྱུང་ངམ། ཡང་ན། དེ་གཉིས་ནི་རང་གི་བཀོད་འདོམས་འོག་མེད་པའི་དབང་རྩའི་མ་ལག་གི་ནུས་རྩོལ་ལས་བྱུང་བའི་འབྲས་བུ་ཞིག་ཡིན་ནམ། ང་ཚོའི་འབྱུང་བཞི་ནི་ཚོར་བའི་ཁྱད་པར་དེ་དང་འབྲེལ་བ་ཡོད་པ་བདེན་ཡང༌། དེའི་རྒྱུ་རྐྱེན་གཙོ་བོ་ནི་ང་ཚོའི་སེམས་ཀྱི་འཁྱེར་སོ་ཡིན། འདི་ལྟར་ང་ཚོའི་སེམས་ཀྱི་གཞི་རྩའི་འཁྱེར་སོ་སྟེ། ང་ཚོས་རང་གི་ཁོར་ཡུག་ལ་ཡ་ལན་སྤྲོད་སྟངས་ནི། སེམས་ཀྱི་ཞི་བདེའི་སྐོར་གྱི་དཔྱད་པ་འདིའི་བསམ་གཞིག་དང་པོ་ཡིན། གླེང་གཞི་འདིའི་ཐད་ལ། རྒྱ་གར་གྱི་མཁས་དབང་རྒྱལ་སྲས་ཞི་བ་ལྷས་བསམ་གཞིག་གནང་སྟེ། རང་གི་རྐང་པར་ཚེར་མ་མི་ཟུག་པའི་ཆེད་སའི་གོ་ལ་ཧྲིལ་པོར་ཁེབས་པའི་ཀོ་བ་རྙེད་པའི་རེ་བ་ང་ཚོར་མེད་པ་དང༌། ང་ཚོའི་རྐང་མཐིལ་གཉིས་ཀོ་བས་གཡོགས་ན་འགྲིག་པར་གསུངས་ཡོད། ཚིག་གཞན་ཞིག་གིས་བརྗོད་ན། ང་ཚོས་རྟག་ཏུ་ཕྱིའི་གནས་སྟངས་ལ་བཅོས་བསྒྱུར་བྱས་ནས་རང་དང་འཚམ་པར་བྱེད་མི་ཐུབ་ནའང༌། ང་ཚོས་རང་གི་བསམ་བློའི་འཁྱེར་སོ་དང་འདུ་ཤེས་འཛིན་སྟངས་ལ་བཅོས་བསྒྱུར་བྱེད་ཆོག །
(སྟོང་ལོ་གསར་བའི་བླང་དོར་གྱི་རྣམ་གཞག་ཅེས་པ་ལས་བཏུས།)