སྡུག་བསྔལ་གྱིས་མནར་ཞིང་ཉམ་ཐག་པའི་སེམས་ཅན་ཐམས་ཅད་ལ་ང་ཚོས་སྙིང་རྗེ་དང་། བྱམས་པ། བརྩེ་བ་བྱེད་བཞིན་ཡོད་སྙམ་ནས་རང་ཉིད་གཞན་ལས་ལྷག་པ་ཡིན་སྙམ་པའི་བློ་ཞིག་ཡོད་མི་རུང་ཞིང་། དེ་ལས་ལྡོག་སྟེ། གཞན་མཆོག་ཏུ་བཟུང་ནས་མཐོ་སར་འཛིན་དགོས་པ་དང་། ང་ཚོས་གཞན་ལ་འབྲེལ་བ་བྱེད་དུས་རང་ཉིད་གཞན་ལས་དམན་པར་བལྟ་དགོས།
འདི་ནི། སྙིང་རྗེའི་ཉམས་ལེན་དང་བྱང་ཆུབ་ཀྱི་སེམས་སྐྱེ་བ་ལ་བར་དུ་གཅོད་མཁན་གཙོ་བོ་ང་རྒྱལ་འགོག་པའི་གནད་དོན་དང་འབྲེལ་བ་ཡོད། ང་རྒྱལ་གྱི་བློ་ཅི་འདྲ་ཞིག་ཡིན་རུང་དེས་གཞན་ཕན་དོན་གཉེར་གྱི་བློ་སྐྱེ་བར་འགོག་རྐྱེན་བྱེད་ཅིང་། དེའི་གཉེན་པོ་ནུས་པ་ཆེ་ཤོས་ནི་ཁེངས་སྐྱུང་གི་བློ་དེ་ཡིན། ང་ཚོས་འབྲོམ་སྟོན་པ་ལྟ་བུའི་བཀའ་གདམས་པའི་བླ་མ་རྣམས་ལ་མིག་དཔེ་བལྟས་པ་ཡིན་ན། ཁོང་ཚོས་སྐུ་ཚེ་ཧྲིལ་པོར་གཞན་རྣམས་མཆོག་ཏུ་བཟུང་ནས་ཁེངས་སྐྱུང་ཉམས་སུ་བླངས་པའི་རྣམ་ཐར་བསྐྱངས་ཡོད། ཁོང་ཚོས་འུ་ཅག་སུ་ཞིག་དང་འགྲོགས་པའི་ཚེ། གཞན་རྣམས་གུས་པའི་ཡུལ་དུ་འཛིན་དགོས་པའི་མིག་དཔེ་བསྟན་ཡོད།
གནད་དོན་འདི་གསལ་པོར་སྟོན་ཆེད་ང་རང་གིས་ཁྱེད་ཅག་ལ་ཅུང་ཉེ་དུས་ཀྱི་གཏམ་རྒྱུད་ཅིག་བཤད་ཆོག །དུས་རབས་བཅུ་དགུ་པའི་བོད་ཀྱི་རྫོགས་ཆེན་ཉམས་ལེན་པ་ཆེན་མོ་རྫ་དཔལ་སྤྲུལ་རིན་པོ་ཆེ་ནི། རྒྱུན་དུ་ཁེངས་སྐྱུང་གི་སྤྱོད་ལམ་སྐྱོང་མཁན་ཞིག་ཡིན་ལ། ཐེངས་ཤིག་ཁོང་གིས་སློབ་མའི་ཚོགས་རྒྱ་ཆེན་པོ་ཞིག་ལ་ཆོས་ཚན་མང་པོ་ཅན་གྱི་གསུང་ཆོས་ཤིག་གནང་བཞིན་པའི་སྐབས་རི་ཁྲོད་འགྲིམ་འདོད་པའི་བློ་དྲག་པོ་ཞིག་སྐྱེས། དེར་བརྟེན། ཉིན་གཅིག་ཁོང་གིས་འཁར་རྒྱུག་ཙམ་ལས་ཡོ་བྱད་ཅི་ཡང་མ་བསྣམས་པར། གནས་མཇལ་བ་སྤྱིར་བཏང་བ་ཞིག་དང་འདྲ་བའི་ཆས་གོས་གྱོན་ནས་གསང་སྟབས་ཀྱིས་ཡུལ་གཞན་དུ་ཕེབས། ཁོང་འབྲོག་སྡེ་ཞིག་ལ་འབྱོར་བ་དང་། ཁྱིམ་ཚང་ཞིག་ནས་ཉིན་འགར་གནས་ཚང་གཡར་ཞིང་། ཁོང་གནས་ཚང་དེར་བཞུགས་པའི་སྐབས། གནས་ཚང་གི་བདག་མོས་ཁོང་ལ་ཆོས་ཀློག་འདོན་བྱེད་དུ་བཅུག །ཁོང་ནི་གནས་སྐོར་བ་སྤྱིར་བཏང་བ་ཞིག་དང་འདྲ་བས། ཟ་མ་དང་ཞག་སྡོད་ཀྱི་རིན་དོད་དུ་ཁྱིམ་བདག་མས་ཁོང་ལ་ཁྱིམ་ལས་བྱེད་དུ་བཅུག་པར་མ་ཟད། ཐ་ན། ཁོ་མོའི་ཆབ་ཏོག་ཀྱང་འབྱོ་རུ་བཅུག་ཡོད།
ཉིན་གཅིག་ཁོང་སྦྲ་ཡི་ཕྱི་རོལ་ལ་ཆབ་ཏོག་འབྱོ་བར་ཕེབས་སྐབས། ཁོང་གི་སློབ་མ་གྲྭ་ཆས་ལེགས་པོ་གྱོན་པ་ཁ་ཤས་ཁོང་འཚོལ་དུ་སླེབས་ཤིང་། གནས་མོས་ཁོང་ཚོས་འཚོལ་བཞིན་པའི་མི་དེའི་འགྲེལ་བཤད་གོ་བ་ན། མི་དེ་ནི་ཁོ་མོས་ཆབ་ཏོག་འབྱོ་བར་བཏང་བའི་མི་དེ་རང་ཡིན་པ་གློ་བུར་དུ་ཤེས་པ་དང་། གནས་མོ་དེ་ངོ་ཚ་ནས་བྲོས་ཕྱིན་པ་རེད། རང་ཉིད་ལ་སློབ་མ་སྟོང་ཕྲག་མང་པོ་ཡོད་ནའང་། དགེ་བའི་བཤེས་གཉེན་ཆེན་མོ་ཁོང་གིས་དེ་ལྟ་བུའི་ཁེངས་སྐྱུང་གནང་ཡོད།
གཞན་ཕན་གྱི་བློ་ཉམས་སུ་ལེན་མཁན་ཁོང་ཚོ་ལ་ནང་སེམས་ཀྱི་ནུས་པ་གཞིར་བཞག་པའི་སྙིང་སྟོབས་ཧ་ཅང་ཆེན་པོ་ཞིག་ཡོད། དཔེར་ན། ཇོ་བོ་རྗེའི་སློབ་མ་གཙོ་བོ་འབྲོམ་སྟོན་པ་ནི། སྙིང་རྗེ་དང་ཁེངས་སྐྱུང་གི་མིག་དཔེ་ཞིག་ཡིན། འོན་ཏེ། ཁ་ཡ་བྱེད་དགོས་བྱུང་ཚེ། ཐ་ན། རང་གི་བླ་མ་ཡིན་ཀྱང་དེ་ལྟར་གནང་ཡོད། ཇོ་བོ་རྗེས་དགོངས་ཚུལ་གང་འདོད་དུ་འཆད་པ་འདྲ་བྱུང་ཚེ། དེ་མ་ཐག་འབྲོམ་སྟོན་པས་ཁོང་ལ་དོགས་ཟོན་བྱེད་དགོས་ཚུལ་འཛེམ་མེད་དུ་ཞུ་ཐུབ་ཡོད། ཐེངས་ཤིག་ཇོ་བོ་རྗེས་རང་གི་སློབ་མ་ལ། གལ་ཏེ་ངས་དེ་བྱེད་མི་ཆོག །ཡང་། འདི་བྱེད་མི་ཆོག་ན། ང་འདིར་བོད་ལ་འདུག་པའི་དགོས་པ་ཅི་འདུག །ང་ཕྱིར་རྒྱ་གར་ལ་ལོག་ན་ཏག་ཏག་ཡིན་པར་གསུངས་ཡོད། འདི་ལྟ་བུའི་ང་རྒྱལ་དང་བྲལ་བའི་སྙིང་སྟོབས་ནི། བྱང་ཆུབ་ཀྱི་སེམས་ཉམས་སུ་ལེན་མཁན་ངོ་མ་ཞིག་ལ་གང་དགོས་པ་དེ་ཡིན།
(ལམ་གསལ་སྒྲོན་མེ་ཞེས་པ་ལས་བཏུས།)