ང་རང་གིས་ནན་ཏན་གྱིས་ཞུ་འདོད་པ་ཞིག་ལ། རང་ཉིད་ཆོས་ལ་ཡིད་ཆེས་ཡོད་རུང་མེད་རུང་། བྱམས་བརྩེ་ཉམས་སུ་བླངས་ན་སོ་སོའི་སེམས་ལ་ཞི་བདེའི་ལོངས་སྤྱོད་འབྱུང་ངེས་ལ། སེམས་ཀྱི་ཞི་བདེ་ལ་མཚོན་ན། བྱམས་བརྩེའི་རིན་ཐང་ཇི་ཙམ་ཆེ་བ་ཡང་རྟོགས་འོང་། གཅིག་བྱས་ན། མི་གཞན་དག་གི་སྡུག་བསྔལ་ལ་སེམས་ཁུར་མེད་སྲིད་ཀྱང་། མ་མཐར་ཡང་སོ་སོ་རང་ཉིད་ལ་སེམས་ཁུར་ཆེན་པོ་ཞིག་ཡོད་ངེས་ལ། རང་ཉིད་ཀྱི་ཆེད་དུ་ཉིན་རེའི་འཚོ་བ་ཇེ་བཟང་དང་སེམས་ཀྱི་ཞི་བདེ་ཡང་ཇེ་ཆེར་འདོད་ངེས། དེར་བརྟེན། བྱམས་བརྩེ་དང་བཟོད་སྒོམ་གྱི་ཉམས་ལེན་མང་དུ་བྱས་ན་སེམས་ལ་ཞི་བདེའི་ལོངས་སྤྱོད་ཆེ་བ་འབྱུང་ཞིང་། ཁང་པའི་ནང་གི་མཛེས་ཆས་བརྗེ་བ་དང་སྡོད་ཁང་སྤོ་བ་སོགས་གང་ཡང་བྱེད་མི་དགོས། ཁྱིམ་མཚེས་ཁུ་སིམ་པོ་མིན་པའམ་ལྷིང་འཇགས་མེད་པ་ཞིག་ཡིན་སྲིད་ཀྱང་། རང་གི་སེམས་ལ་ཞི་བདེ་ལྷིང་འཇགས་ཡོད་ན། ཁྱིམ་མཚེས་ཀྱི་གནས་སྟངས་གང་འདྲ་ཡིན་རུང་དེ་ཡིས་སོ་སོའི་སེམས་ཀྱི་ཞི་བདེ་དཀྲོག་མི་ཐུབ། མདོར་ན། རང་ཉིད་སྤྱིར་བཏང་ནས་མི་སྤྲོ་ཐུང་ཞིག་དང་རང་ཤེད་ཚ་པོ་ཞིག་ཡིན་ཚེ། ཐ་ན། རང་གི་གྲོགས་པོ་བཟང་ཤོས་ཤིག་དང་འཕྲད་ཀྱང་སེམས་ནང་བདེ་སྐྱིད་མེད་ལ། རང་ཉིད་ཞི་ཞིང་དུལ་བ་ཞིག་ཡིན་ན་རང་གི་དགྲ་བོས་ཀྱང་བར་ཆད་བྱེད་མི་ནུས།
རྒྱུ་མཚན་དེ་དག་ལ་བརྟེན་ནས་ང་རང་གིས། རང་དོན་ངོ་མ་སྒྲུབ་འདོད་ན། རྣམ་དཔྱོད་ལྡན་པའི་སྒོ་ནས་རང་དོན་སྒྲུབ་དགོས་ཞེས་ཤོད་ཀྱི་ཡོད། དེ་ནི་གྲུབ་འབྲས་མི་ཐོན་པའི་རང་གཅེས་འཛིན་ནམ། རྣམ་དཔྱོད་མེད་པའི་རང་དོན་དོན་གཉེར་གྱི་བསམ་པ་ལས་ཆེས་ལེགས་པ་ཞིག་ཡིན།
(འཚོ་བའི་དོན་སྙིང་འཚོལ་བ་ཞེས་པ་ལས་བཏུས།)