ཕྱོགས་ལྷུང་རྒྱུན་སྲིང་བྱེེད་པ་ལ་རྒྱུ་མཚན་བཙན་པོ་ཞིག་མེད་ལ། སློབ་དཔོན་ཆེན་མོ་གུང་ཐང་གིས་གསུངས་པ་ལྟར། ཐ་ན། ཚེ་འདི་ལ་ཡང་ཆེས་བཟང་བའི་གྲོགས་པོ་ཟེར་བ་དེ་ཚིག་ངན་གཅིག་ལ་བརྟེན་ནས་སྡང་བའི་དགྲ་རུ་འགྱུར་ཞིང་། ཚེ་སྟོད་ལ་གྲོགས་པོ་ཡིན་པའི་མི་དེ་ཚོ་ཚེ་སྨད་ལ་དགྲ་རུ་འགྱུར་སྲིད་པར་མ་ཟད། ཚེ་སྟོད་ལ་དགྲ་བོ་ཡིན་པའི་མི་དེ་ཚོ་ཚེ་སྨད་ལ་གྲོགས་པོར་འགྱུར་བའང་ཡོད་སྲིད། འདི་ནི་ང་ཚོ་ཚང་མ་ལ་ར་འཕྲོད་ཐུབ་པ་ཞིག་རེད། ཕྱོགས་ལྷུང་གི་ལྟ་སྟངས་འདི་ངེས་པར་སྤོང་དགོས་པའི་རྒྱུ་མཚན་ནི། འདིའི་གཞི་རྟེན་ཆགས་ཞེན་དང་ཁོང་ཁྲོ་ཡིན་པས་རེད། འདིའི་རྟགས་མཚན་གསལ་པོ་ཞིག་ནི། མི་གཞན་གྱི་བྱ་སྤྱོད་འགྱུར་མ་ཐག་ཏུ་ང་ཚོའི་བྱ་སྤྱོད་ཀྱང་འགྱུར་འགྲོ་བ་དེ་ཡིན་ལ། ཕྱོགས་གཞན་ཞིག་ནས་བཤད་ན། གལ་སྲིད་ང་ཚོར་འགྲོ་བ་གཞན་དག་གི་གནས་སྟངས་ལ་བསམ་བློ་གཏོང་ཞིང་། དེ་དག་གི་ཕྱོགས་ལ་སེམས་ཐག་ཉེ་བའི་ཚོར་བ་ངོ་མ་ཞིག་ཡོད་ཚེ། མི་གཞན་གྱི་ལྟ་སྟངས་འགྱུར་ནའང་། ང་ཚོའི་ལྟ་སྟངས་ནི་སྔར་དང་གཅིག་མཚུངས་སུ་གནས་རྒྱུ་རེད། ང་ཚོས་རང་གི་གྲོགས་པོའམ། ཡང་ན། གཉེན་ཉེ་ཡིན་པའི་མི་ཞིག་གི་སྐོར་བཤད་སྐབས། རྟག་པར་ངའི་གྲོགས་པོ་དང་། ངའི་གཉེན་ཉེ་ཞེས་ཟེར་ཞིང་། མཛའ་འབྲེལ་ནན་བཤད་བྱེད་པའི་རྒྱུ་མཚན་ནི་ཞེན་ཆགས་ཀྱི་དབང་གིས་རེད། འདི་ནི་ང་ཚོས་འགོག་སྲུང་བྱེད་དགོས་པའི་ཕྱོགས་ལྷུང་གི་རིགས་ཤིག་རེད། ཇི་སྲིད་ང་ཚོར་འདི་ལྟ་བུའི་ཕྱོགས་ལྷུང་གི་ཚོར་བ་ཡོད་པ་དེ་སྲིད་དུ། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་གཅིག་གྱུར་རང་བཞིན་མཐོང་མི་ཐུབ་ལ། རྒྱུ་མཚན་དེ་ལ་བརྟེན་ནས། ཐ་ན། ང་ཚོའི་ཆེས་བཟང་བའི་གྲོགས་པོ་ཡང་སྐྱེ་བ་སྔོན་མ་ཞིག་ལ་ང་ཚོའི་དགྲ་རུ་གྱུར་མྱོང་ཡོད་སྲིད་པའི་བསམ་བློ་གཏོང་དགོས། ང་ཚོའི་རྒྱུད་ལ་འགྲོ་བ་སེམས་ཅན་ཐམས་ཅད་འདྲ་མཉམ་དུ་འཛིན་པའི་ཚོར་བ་སྐྱེས་པ་ན། ང་ཚོས་དེ་དག་གི་བཀའ་དྲིན་རྟོགས་ཐུབ། དེར་བརྟེན། ང་ཚོའི་དགྲ་བོ་ངོ་མ་ནི་ཉོན་མོངས་པ་ཡིན་དགོས་པ་ལས། ང་ཚོའི་ཟླ་གྲོགས་སུ་གྱུར་པའི་འགྲོ་བ་རྣམས་མིན་ལ། ཁོ་ཚོ་ཡང་ཉོན་མོངས་པའི་གཞན་དབང་དུ་གྱུར་ཡོད། སྙིང་རྗེའི་ཉམས་ལེན་ཁྲོད་ཐོག་མར་སྡུག་བསྔལ་གྱི་རིམ་པ་རྣམས་ཞིབ་མོར་རྟོགས་རྒྱུ་གལ་ཆེན་པོ་རེད། ནམ་རྒྱུན་ང་ཚོས་ལུས་སྡུག་བསྔལ་གྱིས་མནར་བའི་མིའམ། ཡང་ན། དབང་པོ་སྐྱོན་ཅན་གྱི་མི་ཚོ་མཐོང་སྐབས། གློ་བུར་དུ་ཁོ་ཚོར་དམིགས་པའི་སྙིང་རྗེ་སྐྱེ་ཡང་། ང་ཚོས་མི་རྒྱུ་ཆེན་ནམ་ཡང་ན། སློབ་སྦྱོང་ཡག་པོ་ཅན་མཐོང་སྐབས། སྙིང་རྗེ་སྐྱེ་རྒྱུའི་ཚབ་ལ་ཕྲག་དོག་དང་འགྲན་སེམས་སྐྱེ་ལ། འདི་ཡིས་གསལ་པོར་མཚོན་པ་ནི། ང་ཚོས་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་སྡུག་བསྔལ་རྟོགས་མེད་སྟབས། ང་ཚོའི་སྙིང་རྗེ་ནི་ཕྱོགས་ལྷུང་ཅན་ཞིག་ཡིན་པ་དེ་རེད། དེའི་ཕྱིར། ང་ཚོའི་སེམས་ནང་དུ་གནས་པའི་ཉོན་མོངས་པ་རྣམས་དགྲ་བོ་དངོས་གནས་སུ་རྟོགས་རྒྱུ་དེ་ཤིན་ཏུ་གལ་ཆེ་ལ། ང་ཚོས་དེ་རྟོགས་པ་ན། ཉོན་མོངས་པའི་དབང་གིས་འགྲོ་བ་གཞན་རྣམས་ཀྱི་སེམས་ནང་ལ་བྱུང་བའི་དཀའ་ངལ་རྣམས་རྟོགས་ཐུབ་རྒྱུ་རེད། སྙིང་རྗེ་ནི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཕྱོོགས་ལ་བསྐྱེད་དགོས་ཤིང་། ཚོགས་ཁག་དམིགས་བསལ་བ་ཞིག་གྲོགས་པོའམ་གཉེན་ཉེར་ངོས་འཛིན་པ་དང་། དེ་དག་གི་ཕྱོགས་ལ་སེམས་ཐག་ཆེ་བའི་ཚོར་བ་དམིགས་བསལ་བ་ཞིག་རྒྱུན་སྲིང་བ་ནི། དོན་དངོས་ཐོག་ཆགས་ཞེན་ཡིན་པ་ལས་དོན་དམ་པའི་སྙིང་རྗེ་ཞིག་མིན་ལ། ཐལ་དྲགས་པའི་ཆགས་ཞེན་ལ་བརྟེན་ནས་སྡུག་བསྔལ་འབྱུང་བ་རེད། དེར་བརྟེན། ང་ཚོས་གཞན་ལ་བཏང་སྙོམས་ཀྱི་འདུ་ཤེས་ཤིག་བཟུང་སྟེ། ང་ཚོ་ཕྱོགས་ལྷུང་དང་། ཆགས་ཞེན། ཁོང་ཁྲོའི་ཚོར་བ་བཅས་ལས་ཐར་དགོས།
(འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་། འཆི་བའི་སྐབས་ཀྱི་ཞི་བདེ་ཞེས་པ་ལས་བཏུས།)