ང་ཚོར་ཚོགས་གསོག་པའི་མཐུན་རྐྱེན་སྤྲོད་པའི་ཕྱོགས་ནས་སངས་རྒྱས་དང་སེམས་ཅན་གཉིས་བསྡུར་བ་ཡིན་ན། སངས་རྒྱས་ལས་སེམས་ཅན་གྱིས་ང་ཚོར་མཐུན་རྐྱེན་རྒྱ་ཆེན་ཞིག་སྦྱོར་གྱི་ཡོད།
ཐ་ན། སྤྱིར་བཏང་གི་སྤྲོ་སྐྱིད་ལྡན་པའི་མི་ཚེ་ཞིག་ལ་མཚོན་ནའང་། ང་ཚོར་འཕྲོད་བསྟེན་ཡག་པོ་ལྟ་བུའི་མཐུན་རྐྱེན་སྐོར་ཞིག་ཚང་དགོས། འདི་རུ་ཡང་འཕྲོད་བསྟེན་ཡག་པོ་ཞིག་ཡོད་དགོས་ན། ང་ཚོ་སེམས་ཅན་གཞན་ལ་བརྟེན་དགོས་ཏེ། བསོད་ནམས་དེ་འབྱུང་བར་ང་ཚོས་སེམས་ཅན་གཞན་ལ་བརྟེན་ནས་ཚོགས་གསོག་དགོས་པ་ཡིན། དེར་བརྟེན། ང་ཚོས་རང་གི་མི་ཚེའི་བདེ་སྐྱིད་ཀྱི་ཆེད་དུ་ལོངས་སུ་སྤྱོད་པའི་ཕྱིའི་མཐུན་རྐྱེན་དག་ལ་ཞིབ་ཏུ་བསམས་ནའང་། དེ་དག་གང་ཡིན་ཀྱང་། མི་གཞན་ལ་མ་བརྟེན་པ་ཞིག་ཧ་ཅང་དཀོན་པོ་ཡིན། གལ་སྲིད་ང་ཚོས་ཕྱིའི་མཐུན་རྐྱེན་འདི་དག་ཚང་མར་བསམ་བློ་ཞིབ་ཏུ་བཏང་ན། ཕྱིའི་མཐུན་རྐྱེན་འདི་དག་ཡོད་དོ་ཅོག་མིའི་དངོས་ཤུགས་ཀྱི་ངལ་རྩོལ་གང་རུང་ལ་བརྟེན་ནས་བྱུང་བའི་འབྲས་བུ་དང་། དེ་དག་ཐོན་སྐྱེད་བྱེད་པའི་བརྒྱུད་རིམ་ནང་དུ་མི་མང་པོ་ཞིག་ཚུད་ཡོད།
དེ་དང་གཅིག་མཚུངས་སུ། བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་འོང་སླད། བློས་ཐུབ་ཀྱི་གྲོགས་པོ་མང་པོ་དགོས་ཀྱི་ཡོད། ང་ཚོས་གྲོགས་པོ་བཤད་པའི་སྐབས་སུ། ང་ཚོས་འགྲོ་བ་མི་གཞན་དང་འབྲེལ་འདྲིས་སྐོར་ཤོད་ཀྱི་ཡོད། ཕན་ཚུན་གྱི་འབྲེལ་བ་དེ། ཁ་རྩོད་མང་པོ་ཤོར་བ་ལྟ་བུའི་དཀའ་རྙོག་གི་ནང་དུ་ཚུད་པའི་གནས་སྐབས་ལྟ་བུ་ཡོང་གི་ཡོད་ནའང་། ང་ཚོས་ངེས་པར་དུ་གྲོགས་པོའི་འབྲེལ་བ་མུ་མཐུད་དུ་ཉར་དགོས་ལ། བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་གི་སླད་དུ། གཞན་ལ་འབྲེལ་འདྲིས་བཟང་པོ་ཡོད་པའི་མི་ཚེ་ཞིག་ལ་འབད་བརྩོན་བྱེད་དགོས།
དེའི་ཕྱིར། གལ་སྲིད་ང་ཚོས་རྒྱུ་མཚན་འདི་དག་གི་ངོས་ནས་བསམ་བློ་བཏང་ན། ང་ཚོའི་སྤྱིར་བཏང་གི་གནས་བབ་ཙམ་མ་ཡིན་པར། ང་ཚོ་ཆོས་ཀྱི་ལམ་ལ་ཞུགས་པའི་སྐབས་དང་། དེ་བཞིན་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྐབས། ཐ་ན། སངས་རྒྱས་བཅོམ་ལྡན་འདས་ནི་ཐར་པ་ཡོངས་སུ་ཐོབ་ཡོད་མཁན་ཞིག་དང་། བྱིན་རླབས་ཅན། རིན་ཐང་ལྡན་པ་དང་ཉམས་རྟོགས་ཀྱི་རིམ་པ་ཆེས་མཐོ་ཤོས་སུ་སླེབས་ཡོད་མཁན་ཞིག་ཡིན་ན་ཡང་། སེམས་པ་བཟང་པོ་དང་ང་ཚོའི་ལུས་རྟེན་བཟང་པོ་འདི་ལ་མཐུན་རྐྱེན་སྦྱར་བའི་ངོས་ནས་བཤད་ན། སངས་རྒྱས་དང་སེམས་ཅན་གཉིས་ལས། སེམས་ཅན་རྣམས་ཀྱིས་ང་ཚོ་ལུས་རྟེན་བཟང་པོ་འདི་འཐོབ་པར་མཐུན་རྐྱེན་མང་པོ་སྦྱར་ཡོད་པས། ང་ཚོས་ངེས་པར་དུ་སེམས་ཅན་རྣམས་ལ་སངས་རྒྱས་ལས་ལྷག་པའི་བཀའ་དྲིན་ཞུ་དགོས།
ཕྱོགས་གཞན་ཞིག་ནས་བལྟས་ན། རྫོགས་པའི་སངས་རྒྱས་རྣམས་ལ་རང་དོན་རྟོགས་པ་ཡོངས་སུ་རྫོགས་ཡོད་པས། འཛེམ་བག་མ་བྱས་པར་བཤད་ན། སངས་རྒྱས་རྣམས་ལ་འགྲོ་དོན་མཛད་རྒྱུ་ལས་གཞན་ཅི་ཡང་མེད་ཅིང་། འགྲོ་བའི་དོན་བྱེད་པ་ནི་ཁོང་ཚོའི་ལས་འགན་རེད། ཕྱོགས་ངེས་ཅན་ཞིག་ནས་བཤད་ན། སངས་རྒྱས་ཀྱིས་འགྲོ་བའི་དོན་བྱེད་པ་ཡིན་པས་ཁོང་ཚོ་ལ་ངོ་མཚར་དགོས་པ་ཞིག་མིན། ཡིན་ན་ཡང་། ང་ཚོས་སེམས་ཅན་རྣམས་ནི་ཉམ་ཐག་དང་ཉེས་སྐྱོན། ལོག་པའི་ཤེས་པ། ཉོན་མོངས་སོགས་ཀྱིས་སྦགས་ཡོད་བཞིན་དུ། ང་ཚོ་ལ་མཐུན་རྐྱེན་སྦྱར་བ་ལ་བསམ་གཞིག་བྱས་ན། ཁོང་ཚོའི་བཀའ་དྲིན་ནི་གཞལ་དཀའ་བ་ཞིག་ཡིན།
(ཁོང་ཁྲོ་བཅོས་ཐབས། ནང་པའི་བཟོད་སྒོམ་གྱི་ནུས་སྟོབས་ཞེས་པ་ལས་བཏུས།)