བྱམས་སེམས་ལ་རྗེས་སུ་ཡི་རང་བ་ནི། འགྲོ་བ་མིའི་འཛུམ་མདངས་ཤིག་ལ་བྱིན་པའི་སོ་སོའི་ཡ་ལན་གྱི་ནང་དུ་གསལ་པོ་ཡིན་ཞིང༌། ང་རང་ལ་མཚོན་ན། འཛུམ་ཐུབ་པའི་ནུས་པ་འདི་ནི་ང་ཚོ་འགྲོ་བ་མིའི་ཁྱད་ཆོས་ཆེས་ཡིད་དུ་འོང་བ་ཞིག་ཡིན་ལ། དུད་འགྲོ་གང་གིས་ཀྱང་འཛུམ་སྟོན་མི་ཐུབ། ཁྱི་དང༌། ཐ་ན། འགྲོ་བ་མིའི་རིགས་ལ་དུངས་ཞེན་ཆེ་ཞིང་རིག་སྟོབས་ཀྱི་ཚད་གཞི་མཐོ་བའི་ཉ་བོ་ཆེ་དང༌། མཚོ་ཕག་གིས་ཀྱང་ང་ཚོའི་འཛུམ་མདངས་དེ་སྟོན་ཐུབ་ཀྱི་མེད། ང་རང་སྒེར་ལ་མཚོན་ན། མི་ཞིག་ལ་འཛུམ་སྟོན་སྐབས། མི་དེས་ཚུར་འཛུམ་བསྟན་ནས་ཡ་ལན་ཞིག་མ་སྤྲད་ཚེ། ཅི་ཡིན་ནམ་སྙམ་པའི་ཚོར་བ་ཞིག་ངོས་ལ་རྟག་ཏུ་འབྱུང་གི་ཡོད། དེ་ལས་ལྡོག་སྟེ། ཕར་འཛུམ་བསྟན་པའི་ཡ་ལན་དུ་ཚུར་འཛུམ་བསྟན་ན་ང་རང་གི་སེམས་སྤྲོ་བ་དང༌། ཐ་ན། ངོས་ལ་འབྲེལ་བ་ཅི་ཡང་མེད་པའི་མི་ཞིག་གིས་རང་ལ་འཛུམ་བསྟན་ནའང༌། ང་རང་ལ་སེམས་འགུལ་ཐེབས་ཀྱི་ཡོད། རྒྱུ་མཚན་ཅིའི་ཕྱིར་ཡིན་ནམ་ཞེ་ན། འཛུམ་མདངས་ངོ་མ་ཞིག་གིས་བྱམས་སེམས་ལ་ཡི་རང་བའི་འགྲོ་བ་མིའི་རང་བཞིན་གཤའ་མ་ཞིག་ཡར་སློང་གི་ཡོད་པས་རེད།
(སྟོང་ལོ་གསར་བའི་བླང་དོར་གྱི་རྣམ་གཞག་ཅེས་པ་ལས་བཏུས།)