མི་རིང་བར་མི་རྣམས་ཀྱིས་ཆོས་ལུགས་ཡོངས་སུ་འདོར་སྲིད་པའི་བསམ་བློ་འཁོར་མཁན་ཡང་ཡོད། ང་རང་དེའི་གྲས་སུ་མེད། དེ་ལས་ལྡོག་སྟེ། དད་པ་ནི། བཟང་ཕྱོགས་ཀྱི་སྟོབས་ཤུགས་ཤིག་ཡིན་ཞིང་། ཕན་ཐོགས་ཧ་ཅང་ཆེན་པོ་ཞིག་ཏུ་འགྱུར་ཐུབ་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོའི་འཕྲལ་གྱི་ལུས་པོའི་འཚོ་གནས་ལས་བརྒལ་ཏེ་ཆོས་ལུགས་ཀྱིས་འགྲོ་བ་མིའི་མི་ཚེའི་གོ་རྟོགས་སྤེལ་བའི་སྒོ་ནས་རྐྱེན་ངན་འཕྲད་བཞིན་པ་རྣམས་ལ་རེ་བ་དང་སྟོབས་ཤུགས་སྦྱིན་གྱི་ཡོད། འཛམ་གླིང་ནང་གི་རླབས་ཆེན་ཆོས་ལུགས་ཁག་གི་རིན་ཐང་ནི་ངོས་ནས་དོན་དམ་པའི་ཆོས་ལུགས་ཀྱི་མཛའ་འབྲེལ་ལ་ཁ་ཕྱོགས་པ་ཞེས་པའི་སྔོན་གྱི་དཔེ་དེབ་ཅིག་གི་ནང་། གོ་བསྡུར་གང་འཚམ་རྒྱས་པོ་བྱས་ཟིན་པའི་བརྗོད་གཞི་ཞིག་ཡིན། ཡིན་ན་ཡང་། མི་རྣམས་ཀྱི་དབར་མཛའ་མཐུན་སྐྲུན་པ་དང་། ལམ་སྟོན་དང་སེམས་གསོ་བྱེད་པ། མི་རྣམས་ཀྱིས་མིག་དཔེར་བཟུང་ནས་འབད་པར་འོས་པའི་མི་ཚེ་བཟང་པོ་ཞིག་གི་འཆར་སྣང་སྐྲུན་པ་བཅས་ཀྱི་དེའི་ཕན་ཡོན་ཆ་ཚང་ལ་བསམ་བློ་བཏང་ན། ངའི་བསམ་པར་ཆོས་ལུགས་ནི་སེམས་དོན་རིག་པའི་མི་ཚེར་མེད་དུ་མི་རུང་བ་ཞིག་རེད་བསམ་གྱི་མི་འདུག །
(ཆོས་ལུགས་ཀྱི་མཚམས་ལས་འདས་པའི་སྤྱི་སྨན་གྱི་བཟང་སྤྱོད་ཅེས་པ་ལས་བཏུས།)